ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་ཟུར་དཔལ་འབྱོར་འཕྲིན་ལས་རབ་རྒྱས་ཀྱི་རྣམ་ཐར།
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

      ༈   བཀའ་དྲིན་མཉམ་མེད་ཤྲྰི་བྷུ་ཏིའི་མཚན།   །ཞེས་བསྔགས་པ།   ཟུར་དཔལ་འབྱོར་འཕྲིན་ལས་རབ་རྒྱས་ནི། འབྲོམ་ཆུ་རིགས་ཀྱི་རྒྱུད་དུ་ཡབ་ཟུར་གཞོན་ནུ་དོན་གྲུབ་དང༌། ཡུམ་ཡིད་འཛིན་གཉིས་ཀྱི་སྲས་སུ་ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་གི་ལོ་སྐུ་འཁྲུངས། མཚན་ཆོས་རྗེ་ནོར་བུར་བཏགས། དེ་ནས་ཡི་གེ་འབྲི་ཀློག་རྣམས་ཚེགས་མེད་པར་མཁྱེན་ཅིང༌། དགུང་ལོ་བདུན་པའི་དུས་ཆོས་རྗེ་ངག་དབང་ཡེ་ཤེས་གྲུབ་པར་གཙུག་ཕུད་ཕུལ་མཚན་ངག་དབང་བཀྲ་ཤིས་ཀུན་དགར་བཏགས། དེ་ནས་ཡབ་ཀྱི་རིགས་དང་མཐུན་པར་གསང་སྔགས་གསར་རྙིང་གི་ཆོས་མང་དུ་གསན་ཅིང༌།    ཁྱད་པར་འཁོན་སྟོན་དཔལ་འབྱོར་ལྷན་གྲུབ་ཀྱིས་རྗེས་སུ་བཟུང་སྟེ་དགེ་བསྙེན་དང་བར་མ་རབ་བྱུང་གནང་ནས་མཚན་དཔལ་འབྱོར་འཕྲིན་ལས་རབ་རྒྱས་སུ་གསོལ།   བཅར་བཞུགས་ངོས་ཕྱག་གཡོག་འཕྲལ་སེལ་མཛད། ཉི་ཤུའི་ཚེ་དེ་ཉིད་ལ་དགེ་ཚུལ་དང་བསྙེན་པར་རྫོགས་པའི་སྡོམ་པ་བཞེས།    སྤྱིར་མདོ་སྔགས་ཀྱི་ཆོས་མང་དུ་གསན་ཅིང་ཁྱད་པར་མདོ་སྔགས་གསུང་རབ་ཐམས་ཅད་ཀྱི་སྙིང་པོའི་དོན་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ཁྲིད་རྒྱས་པར་གསན་ཏེ་ཐུགས་ཉམས་སུ་བཞེས་ནས་མྱོང་བ་ཐོན་པར་མཛད།   དེ་ནས་འགྲེལ་པ་བཞི་སྦྲགས། རིམ་ལྔ་གསལ་སྒྲོན། བདེ་མཆོག་སྦས་དོན་ཀུན་གསལ། མཁས་གྲུབ་ནོར་བཟང་པའི་དུས་འཁོར་གྱི་སྤྱི་དོན།  །གསང་འདུས་ཀྱི་བསྐྱེད་རྫོགས་རྣམས་གསན་ནས་རྩེས་ཐང་དུ་གྲྭ་སྐོར་མཛད། དེ་ནས་ཕ་བོང་ཁ་ཉིད་དུ་བཞུགས་ཏེ་བཀའ་གདམས་གླེགས་བམ། བསྟན་རིམ་ཆེན་མོ། བེའུ་བུམ་སྔོན་པོ། དཔེ་ཆོས་སྐོར་གསུམ། བློ་སྦྱོང་སྐོར། བཀའ་གདམས་གཞུང་དྲུག བྱམས་ཆོས་སྡེ་ལྔ། རིགས་ཚོགས་དྲུག སྔགས་རིམ་ཆེན་མོ།   གསང་འདུས་གཤེད་སྐོར་བདེ་དགྱེས་དུས་འཁོར་སོགས་ཀྱི་མངོན་དཀྱིལ་བསྐྱེད་རྫོགས། ལམ་རིམ་ཆེ་ཆུང༌།   རྩ་འཇུག་གི་རྣམ་བཤད་སོགས་དང༌། འདུལ་འཛིན་པའི་གླེང་འབུམ། བསླབ་བྱ་ཆེ་ཆུང༌། ཀུན་རིག་ཊྰིཀ་ཆེན་སོགས་རྗེའི་རྗེས་འབྲང་གི་ཡིག་ཆ་དུ་མ།    ཡང་གསང་འདུས་ཀྱི་རིམ་ལྔ། འཕོ་ཁྲིད་གསེར་གྱི་སྒོ་འབྱེད། བློ་སྦྱོང་དོན་བདུན་མའི་ཁྲིད། བྱང་ཆུབ་ལམ་གྱི་རིམ་པ། རྗེ་ཕ་བོང་ཁ་པ་ཉིད་ཀྱིས་མཛད་པའི་ལྟ་བ་སྤྱི་ཁྱབ་ཏུ་ངོ་སྤྲོད་པ་རྣམས་དམར་ཁྲིད་དུ་གསན། མཁས་གྲུབ་རིན་པོ་ཆེས་མཛད་པའི་ཁམས་གསུམ་རྣམ་རྒྱལ་གྱི་སྟེང་ནས་རྡོ་རྗེ་འཇིགས་བྱེད་ཀྱི་འཕྲིན་ལས་བཞིའི་འཁྲུལ་འཁོར། ཕྱག་དྲུག་པའི་བེའུ་བུམ། ཕྲེང་བ་ཞེ་ལྔ་མའི་དབང་དངོས་གཙང་བ། ཟུར་བཀའ་གསང་འདུས་མི་བསྐྱོད་པ། བདེ་མཆོག་ལྰུ་དྲིལ། འཇིགས་བྱེད། འཁོར་ཆེན་གཤེད་དམར། ཀུན་རིག མི་འཁྲུགས་པ། ཚེ་དཔག་མེད་སོགས་དང༌།   གཞན་ཡང་སྒྲུབ་ཐབས་བརྒྱ་རྩ། སྒྲོལ་མ་ཉེར་གཅིག མགོན་པོ་བཅུ་གསུམ་སོགས་དབང་ལུང་མན་ངག་ཤིན་ཏུ་མང་བ་གསན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་བདེ་མཆོག་ལྰུ་ཨི་པའི་དབང་དང༌།མགོན་པོ་ཞལ་བཞི་པའི་དབང༌ཕྱག་ཆེན་ཡང་གསལ་སྒྲོན་མེའི་ལུང་རྣམས་གསན།   དེ་ལྟར་གདམས་པའི་གཏེར་དུ་གྱུར་པ་ན་སྐལ་བ་དང་ལྡན་པ་མང་པོ་ལ་མདོ་སྔགས་ཀྱི་ཆོས་རྒྱ་ཆེར་སྩལ་ཞིང་མལ་ཡེར་པ་བས་བཏབ་པའི་ཡེར་པ་སྤོས་དགའ་དང་གུང་ཐང་ཆོས་ཁྲི་ལྷོ་ལྕོག་གི་གདན་སར་ཕེབས། ཀུན་མཁྱེན་ལྔ་པ་ཆེན་པོས་ཀྱང་ཡོངས་འཛིན་དུ་བཞེས་ཏེ་སྤྱིར་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་ཞིང༌། ཁྱད་པར་བྱང་ཆུབ་ལམ་གྱི་རིམ་པའི་མྱོང་ཁྲིད་རྒྱས་པར་གསན་པས་རྩ་བའི་བླ་མ་བཀའ་དྲིན་ཟླ་མེད་དུ་འཛིན་པར་མཛད་དོ། །དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱ་རྫོགས་པ་ན་དགུང་ལོ་ང་བཞི་པ་མེ་མོ་བྱའི་ལོ་ཞི་བར་གཤེགས་སོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་མཁས་གྲུབ་དམ་པ་དཔལ་འབྱོར་འཕྲིན་ལས་རབ་རྒྱས་ལ་གསོལ་བ་འདེབས་ཤིང༌། དམ་པ་འདིའི་རྣམ་ཐར་ལྟར་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་བཤེས་གཉེན་དམ་པ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་མདོ་སྔགས་ཀྱི་མན་ངག་ལེགས་པར་ཐོབ་པར་བྱས་ལ་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་ཉམས་ལེན་སྙིང་པོར་བྱའོ།    །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号