ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ལྟ་ཀློག་སློབ་འཁྲིད་སྐོར།
སྤེལ་དུས།05-02  ཡོང་ཁུངས།  རྩོམ་པ་པོ།

 དང་པོ།  རྩོམ་ཡིག་ལྟ་ཀློག་སློབ་འཁྲིད་ཀྱི་དགོས་པ།

 རྩོམ་ཡིག་ལྟ་ཀློག་སློབ་འཁྲིད་ཀྱི་གལ་ཆེ་བའི་གོ་གནས།
   རྩོམ་ཡིག་ལྟ་ཀློག་སློབ་འཁྲིད་ནི།   སྐད་ཡིག་སློབ་འཁྲིད་ཀྱི་རྩ་བའི་གྲུབ་ཆ་ཡིན་ལ། དེ་དང་རྩོམ་འབྲི་སློབ་འཁྲིད་ནི། སྐད་ཡིག་སློབ་འཁྲིད་བྱ་བ་འགྲུབ་བྱེད་ཀྱི་གཞི་རྐང་ལྟ་བུའི་དོན་གཉིས་ཡིན་པས།   སྐད་ཡིག་གི་སློབ་འཁྲིད་འཆར་གཞི་ལ། སློབ་འཁྲིད་ཀྱི་དུས་ཚོད་ཆེས་མང་བ་དང་ནང་དོན་ཆེས་ཆེ་བ། འགན་འཁུར་ཆེས་ལྕི་བ་ཞིག་བཞེས་ཡོད་པ་ཡིན།
སྐད་ཡིག་བསླབ་བྱའི་རྨང་གཞིའི་ཤེས་བྱ་ལ་ཡི་གེ   མིང་། ཚིག ཚན་པ། སློབ་ཚན་ནང་དོན་དང་། སྐད་ཡིག་གི་གཏན་ཚིགས་རང་བཞིན་དང་ཚིག་རྒྱན་སོགས་ཡོད་ལ། དེ་དག་གདམས་པར་བྱེད་པའི་འགན་གཙོ་བོ་རྩོམ་ཡིག་ཀློག་པའི་སློབ་འཁྲིད་ལ་བརྟེན་ནས་འགྲུབ་དགོས་པས། རྩོམ་ཡིག་ཀློག་པའི་སློབ་འཁྲིད་ནི། སློབ་མས་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་སྦྱོང་བའི་ལམ་གཙོ་བོ་ཡིན། 
   སྐད་ཡིག་གི་ཡོན་ཏན་ཞེས་པ་གཙོ་བོ་འཆད་ཉན་ཀློག་འབྲིའི་ནུས་པ་ལ་གོ་ཞིང་། ནུས་པ་དེ་དག་བསྐྱེད་བསྲིང་བྱ་བའང་གཙོ་བོ་རྩོམ་ཡིག་ལྟ་ཀློག་སློབ་འཁྲིད་ལ་བརྟེན་ནས་འགྲུབ་དགོས་པས། རྩོམ་ཡིག་ལྟ་ཀློག་སློབ་འཁྲིད་ནི།   སློབ་མ་སྐད་ཡིག་གི་ཤེས་བྱ་བསྐྱེད་བསྲིང་བྱ་བའི་སློབ་འཁྲིད་ཀྱི་མ་ལག་གལ་ཆེན་ཞིག་ཡིན།
     སྐད་ཡིག་བསླབ་བྱའི་བསམ་བློའི་སློབ་གསོ་ལ་གཙོ་བོ་སློབ་མའི་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་བསམ་དང་ཀུན་སྤྱོད་བསྐྱེད་བསྲིང་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་འདུ་ཤེས་སྐྱོང་བ། བླ་ན་མེད་པའི་མཛེས་དཔྱོད་ཤེས་རྒྱུད་སྦྱངས་པ་སོགས་དོན་དུ་མ་འདུས་ལ།   དེ་དག་ཀྱང་གཙོ་བོ་རྩོམ་ཡིག་ཀློག་པའི་སློབ་འཁྲིད་ལ་བརྟེན་ནས་འགྲུབ་དགོས་པ་ཡིན་པས།   རྩོམ་ཡིག་ལྟ་ཀློག་སློབ་འཁྲིད་ནི། སློབ་མ་ལ་བསམ་བློའི་བསློབ་གསོ་གཏོང་བྱེད་ཀྱི་རྣམ་པ་གཙོ་བོ་ཞིག་ཀྱང་ཡིན། 
      རྩོམ་ཡིག་ལྟ་ཀློག་སློབ་འཁྲིད་ནི།   དེང་རབས་སྐད་ཡིག་སློབ་འཁྲིད་ལབཅོས་བསྒྱུར་བྱེད་པའི་རྩ་བའི་གནད་འགག་ཡིན་པས། དེའི་ཐད་ཀྱི་བཅོས་བསྒྱུར་ཇེ་མགྱོགས་སུ་བཏང་ནསརྩོམ་ཡིག་ལྟ་ཀློག་སློབ་འཁྲིད་ཀྱི་སྤུས་ཀ་མུ་མཐུད་དུ་མཐོར་འདེགས་བྱེད་པ་ནི། དེང་རབས་ཀྱི་སྐད་ཡིག་སློབ་འཁྲིད་ཀྱིས་མྱུར་དུ་དོ་སྣང་བྱེད་དགོས་པའི་དོན་དག་ཅིག་ཡིན།   མདོར་ན།   སྐད་ཡིག་སློབ་འཁྲིད་ཀྱི་དམིགས་ཡུལ་དང་འགན་ཁུར་ལག་བསྟར་དང་།   དེའི་གྲུབ་འབྲས་མཐོར་འདེགས། དེའི་བཅོས་བསྒྱུར་གཏིང་ཟབ་དུ་གཏོང་བ་སོགས་ཀྱིས་སྐད་ཡིག་གི་སློབ་འཁྲིད་སྤུས་ཀ་ཆེས་ཡང་དག་ཏུ་འགྲོ་བ་ལ། བླ་ན་མེད་པའི་དོན་སྙིང་ལྡན་པ་ཡིན་ནོ། །
༢ རྩོམ་ཡིག་ཀློག་པའི་སློབ་འཁྲིད་ཀྱིི་སློབ་གསོའི་ནུས་པ།
    རྩོམ་ཡིག་ཀློག་པའི་སློབ་འཁྲིད་ཀྱིས་སློབ་མའི་སྐད་ཆའི་སློབ་སྦྱོང་དང་རིག་གནས་མཐོར་འདེགས།   བསམ་བློ་ཡར་བསྐྱེད།   རིག་པ་བསྐྱེད་འདོན་སོགས་ལ་བླ་ན་མེད་པའི་སློབ་གསོའི་ནུས་པ་འདོན་གྱིན་ཡོད་པས་འདིར་དེའི་མཚོན་བྱེད་ཙམ་བརྗོད་ན།
(ཤེས་བྱ་ཐོབ་ཅིང་མིག་རྒྱ་ཇེ་ཡངས་སུ་གཏོང་ནུས་པ།
མིའི་རིགས་ཀྱི་ཤེས་བྱ་ཐོབ་ཅིང་ཉམས་མྱོང་བསྡུ་གསོག་བྱེད་པའི་ལམ་ལ་གཙོ་བོ་གཉིས་ཡོད་དེ། གཅིག་ནི། ཐད་ཀའི་ཉམས་ལེན་ཏེ།   མིག་གིས་མཐོང་བ་དང་རྣ་བས་ཐོས་པ།   ལུས་ཀྱི་ཚོར་བ་སོགས་དབང་བོའི་མངོན་སུམ་སྟེ་སྐུ་དངོས་ཀྱི་ཉམས་ལེན་ལས་ཐོབ་པའི་ཐད་ཀའི་ཉམས་མྱོང་ལ་བྱ་ཞིང་། གཉིས་ནི། བརྒྱུད་ནས་ལོན་པ་སྟེ། སྐད་ཆ་དང་ཡི་གེ་ལ་བརྟེན་ནས་དཔེ་ཆ་ཀློག་པ་དང་ཤེས་བྱ་སྦྱངས་པ། ཉམས་མྱོང་བསྡུ་བ་དང་བརྡ་འཕྲིན་བརྗེས་པ་སོགས་ཀྱི་ཐབས་ལ་བརྟེན་ནས།   མིའི་རིགས་ཀྱི་དཔལ་ཡོན་བརྒྱུད་འཛིན་དང་འཕེལ་རྒྱས་སུ་གཏོང་བ་ལ་བྱའོ། །   སློབ་མའི་སློབ་ཐུན་ཐོག་གི་སློབ་སྦྱོང་ལ་མཚོན་ན། དེ་གཉིས་ལས་ཕྱི་མ་གཙོ་བོ་ཡིན་ཞིང་། སློབ་མས་སྐད་ཡིག་སློབ་དེབ་ཚོར་འདྲིས་བྱས་པ་བརྒྱུད་ནས།   བརྒྱུད་པའི་ཉམས་མྱོང་ལོན་དགོས་ཏེ། དེ་ཡང་། སྐད་ཡིག་སློབ་དེབ་ནི་ཤེས་བྱ་ཀུན་བཏུས་ཤིག་ཡིན་པའང་གནའ་དེང་ཕྱི་ནང་གི་མི་སྣ་གྲགས་ཅན་གྱི་རྩོམ་ཤ་སྟག་འདུས་ཡོད་པ་ཡིན་ཏེ། གནའ་དེང་ཞེས་པ་ལ། ལོ་ངོ་སྟོང་ཕྲག་དུ་མ་འདུས་ཤིང་། ཕྱི་ནང་ཞེས་པ་ལ། ལེ་བར་གྲི་འབུམ་དུ་མའི་ས་ཁྱོན་འདུས་པས། བརྗོད་དོན་ཕྱུག་ཅིང་ཤེས་བྱའི་ཁྱོན་ཡངས་པ།   དགོངས་པ་སྔོན་ཐོན་ཡིན་ཞིང་། སྒྱུ་རྩལ་གྱི་ཚད་མཐོ་བ་སྟེ་དོན་དང་རྣམ་པ་གང་གི་ཆ་ནས་ཀྱང་མིའི་རིགས་ཀྱི་ཤེས་རབ་ཀྱི་འོད་ཟེར་འཕྲོ་བ་མ་ཟད།   སྐད་བརྡ་རིག་པ་དང་། ཚིག་རྒྱན་རིག་པ། རྩོམ་ཡིག་རིག་པ།   རྩོམ་འབྲི་རིག་པ།   གཏན་ཚིགས་རིག་པ། མཛེས་དཔྱོད་རིག་པ།   མཚན་ཉིད་རིག་པ་སོགས་ཀྱི་རིག་པ་སྣ་ཚོགས་དང་ཕྱོགས་སྣ་ཚོགས།   ཟུར་སྣ་ཚོགས་ཀྱི་སྒོ་ནས་ཕན་ཚུན་བྲེས་ཤིང་སྡེབ་ཡོད་པ་ཡིན་ལ།   ཤེས་བྱའི་རང་བཞིན་དང་ཚན་རིག་རང་བཞིན། སྒྱུ་རྩལ་རང་བཞིན་སོགས་ཀྱང་ཕན་ཚུན་འདྲེས་ཤིང་རོ་གཅིག་ཏུ་གྱུར་ཡོད་པས། རྩོམ་ཡིག་ཀློག་པའི་སློབ་འཁྲིད་ཀྱི་ཤེས་བྱའི་ནང་དོན་ནི་ཆེས་འབྱོར་ཕྱུག་ལྡན་པ་ཡིན་ནོ། །   རྩོམ་ཡིག་ཀློག་པའི་སློབ་འཁྲིད་ཀྱིས་སྐད་ཡིག་གི་སློབ་དེབ་ལ་བརྟེན་ནས་སློབ་མ་ལ་ནན་ཏན་གྱིས་ལྟ་ཀློག་ལ་རྩེ་གཅིག་ཏུ་བརྩོན་པ།   བསམ་བློ་ཕྱུག་འགྱུར་དང་མིག་རྒྱ་ཡངས་བསྐྱེད་བཅས་ཀྱི་ཐད་ནས་སྣེ་ཁྲིད་བྱས་ཏེ།   ཤེས་བྱའི་གསོག་འཇོག་ཇེ་ཕྱུག་དང་ཇེ་ཡངས་སུ་གཏོང་བཞིན་ཡོད་པས།   སློབ་མ་ལ་ཆ་མཚོན་ན།   རྩོམ་ཡིིག་ཀློག་པའི་སློབ་འཁྲི་ནི་ཤེས་བྱ་བསྡུ་ལེན་དང་མིག་རྒྱ་ཡངས་བསྐྱེད།    འཇིག་རྟེན་ལ་རྒྱུས་ལོན་བྱེད་པའི་ནུས་པ་མུ་མཐུད་དུ་མཐོར་འདེགས་པའི་སྒོ་ལྟ་བུ་ཡིན་པས་ཆེས་དོན་སྙིང་ལྡན་པ་ཡིན་ལགས།
(༢) གཤིས་རྒྱུད་སྦྱོང་ཞིང་འབྱུང་བ་ཇེ་ལེགས་སུ་གཏོང་ནུས་པ།
རྩོམ་ཡིག་ཀློག་པའི་སློབ་འཁྲིད་ཀྱིས་སློབ་མའི་ཤེས་བྱའི་གསོག་འཇོག་ཇེ་ཕྱུག་དང་ཇེ་ཡངས་སུ་གཏོང་ནུས་པ་མ་ཟད།   ད་དུང་།   ཡིད་སེམས་ཡར་བསྐྱེད་དང་བརྩེ་དུང་ཕྱུག་འགྱུར།   བསམ་བློ་འདུ་ཤེས་ལེགས་འགྲུབ།   མི་གཤིས་ཀུན་སྤྱོད་ཀྱི་ཚུལ་མཐུན།   མི་ཚེའི་མདུན་ལམ་གྱི་གདམ་ག་བཅས་ལའང་བླ་ན་མེད་པའི་ཤན་ཤུགས་ཐེབས་ཀྱིན་ཡོད་དེ།   དེ་ཡང་། རྩོམ་ཡིག་ལྟ་ཀློག་སློབ་འཁྲིད་ཀྱིས་གདམས་པར་བྱེད་པའི་སློབ་ཚན་ནི།   མིའི་རིགས་ཀྱི་རིག་གནས་ཀྱི་བང་མཛོད་དུ་གདམ་ག་བྱས་པའི་སྙིང་བཅུད་དག་ཡིན་པས། བསམ་བློའི་ནང་དོན་དང་སྒྱུ་རྩལ་གྱི་རྣམ་པ་གང་གི་ཆ་ནས་ཀྱང་མཛེས་པ་དང་ཡོན་ཏན་གཉིས་འཛོམས་ཡིན་ལ། དེ་དག་ལས་འགའ་ཞིག་གིས་ལོ་རྒྱུས་མི་སྣ་རླབས་ཆེན་གྱི་རྣམ་ཐར་དང་མི་རིགས་དཔའ་བོའི་རྒྱལ་གཅེས་མཛད་ཆེན།   རིམ་བྱོན་གསར་བརྗེ་པའི་འོད་སྟོང་འབར་བའི་མཛད་རྗེས་སོགས་བྲིས་ཏེ།   མེས་རྒྱལ་ལ་དགའ་བ་དང་། མི་དམངས་ལ་གུས་པ།   སྔོན་གཤེགས་དཔའ་བོ་ལ་བསྔགས་པའི་བསམ་བློ་མཚོན་ཡོད་ལ།   འགའ་ཞིག་གིས་ནག་ཕྱོགས་ཐར་འདོན་དང་སྡིག་ཉེས་ལ་དགག་བཞག   ངོ་ལོག་ལ་རྒོལ་ཡ་སོགས་བྱེད་པའི་སྒོ་ནས་མི་དམངས་ལ་སྙིང་ཉེ་བ།   བདེན་དོན་ལ་རྐང་འཇོག་པ།   འོད་སྣང་ལ་རེ་འདུན་བྱེད་པ་སོགས་ཀྱི་བསམ་བློ་མཚོན་ཡོད་པས། དེ་དག་ཐམས་ཅད་ཀྱིས་རྩོམ་ཡིག་ཀློག་པའི་སློབ་འཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་པར་གྲུབ་པ་ཡིན་ཞིང་།   སློབ་མས་དེ་དག་བཀླག་ན་བསམ་བློ་དང་ཡིད་སེམས་དག་སྦྱང་བྱེད་ཐུབ་པ་སྨྲ་མི་དགོས་ལ། ཕུགས་སེམས་འཛུགས་པ་དང་ཕོད་སེམས་འགྲུབ་པ།   ཕུགས་འདུན་གདམ་པ་བཅས་ལའང་ངང་ངམ་ཤུགས་ཀྱིས་སློབ་གསོའི་ནུས་པ་ཡོད་པ་གོར་མ་ཆག་གོ །
(༣) སྐད་ཆ་ཕུན་སུམ་ཚོགས་པ་དང་ཚུལ་མཐུན་དུ་གཏོང་ནུས་པ།
སྐད་ཆ་ལ་ཁ་སྐད་དང་ཡིག་ངོའི་སྐད་ཆ་གཉིས་ཡོད་པ་བཞིན་དུ་མཚོན་སྟངས་ལའང་བཤད་པ་དང་འབྲི་བ་གཉིས་སུ་འབྱེད་དེ།   སྐད་ཆ་ནི།   བསམ་བློ་མཚོན་བྱེད་ཀྱི་ལག་ཅ་དང་སྟོན་བྱེད་ཀྱི་ཐབས་བཀོད་ཡིན་སྟབས།   ལྟ་བ་བརྗོད་པ་དང་བསམ་བློ་བརྗེས་རེས་བྱེད་དུས་ནམ་ཡང་དེ་ལ་འབྲལ་ཐབས་མེད།   སྐད་ཆ་ཉུང་ཞིང་ཚད་མཐུན་མ་ཡིན་པའི་མི་ཞིག་གིས་ཡིད་དུ་འདོད་པ་མཚོན་པའི་ནུས་པ་ཞིག་ནམ་ཡང་སྟོན་ཐབས་མེད་པསསློབ་མ་ལ་སྐད་བརྡའི་སློབ་གསོ་གཏོང་པ་ནི།   རྩོམ་ཡིག་ཀློག་པའི་སློབ་འཁྲིད་ཀྱི་འགན་ཁུར་གལ་ཆེན་ཞིག་ཡིན།     རྩོམ་ཡིག་ཀློག་པའི་སློབ་འཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ།   སློབ་མས་ཡི་གེ་ངོས་འཛིན་དང་མིང་ཚིག་གསོག་འཇོག   མིང་ཚིག་གི་གྲུབ་སྟངས་ཆོས་ཉིད་ལ་རྒྱུས་ལོན།  ཚིག་རྒྱན་གྱི་སྒྱུ་རྩལ་ཐབས་བཀོད་ལ་བྱང་བ། ཚིག་གི་རྣམ་པའི་ཁྱད་ཆོས་ལ་ངོས་འཛིན་སོགས་བྱས་ན། ཁོ་ཚོས་ཚད་དང་མཐུན་པའི་སྒོ་ནས་གོ་བརྡ་སྤྲོད་པ་ལ་མིག་དཔེ་ལྟ་བུར་འགྱུར་པ་ཡིན་ནོ། །   དེ་བཞིན་དུ་སློབ་མས་རྩོམ་ཡིག་ལ་ཚན་པ་དགར་བ་དང་།   སྒྲིག་བཀོད་དང་མཚོན་ཐབས་ལ་དབྱེ་ཞིབ།   མགོ་མཇུག་གི་ཁྱད་ཆོས་ལ་ཞིབ་འཇུག་སོགས་བྱས་ན།   ཁོ་ཚོས་དོན་རྐྱེན་བརྗོད་པ་དང་ལྟ་བ་འདོན་པ།   རྒྱུ་ཆ་སྒྲིག་པ། ཡང་དག་པའི་སྒོ་ནས་བརྡ་སྤྲོད་པ་སོགས་ལའང་ཉམས་མྱོང་བསྡུ་ལེན་བྱེད་པ་ཡིན་ནོ། །   ཁོང་ན་ཀློང་བརྒྱ་བརྡོལ་བྱེད་ན་ད་གཟོད་སྨྱུག་རྩེ་ཉམས་འགྱུར་སྟོང་གིས་ཁེངས་པར་བྱེད་པ་ཡིན་པས།   མཚོན་ཐབས་ལག་རྩལ་ལ་བྱང་ཆུབ་པ་དང་བསམ་བློ་མཚོན་པ་བསྡུས་ལེགས་པ། དོན་རྐྱེན་བརྗོད་པ་ལ་གསོན་ཉམས་ལྡན་པ་དང་ཚུར་སྣང་བྱས་པ་ལ་བདེན་དངོས་ཆེ་བ་སོགས་ཀྱང་སྔར་ལས་འཕར་ངེས་པ་ཡིན་ནོ། །
གཉིས་པ།   རྩོམ་ཡིག་ལྟ་ཀློག་སློབ་འཁྲིད་ཀྱི་འགན་ཁུར།
     རྩོམ་ཡིག་ལྟ་ཀློག་སློབ་འཁྲིད་ཀྱི་འགན་ཁུར་ནི།   སྐད་ཡིག་སློབ་འཁྲིད་འགན་ཁུར་གྱི་ཆ་ཤས་ཤིག་དང་བྱེ་བྲག་གི་དོན་ཚན་ཞིག་ཡིན་པར་མ་ཟད།   སྐད་ཡིག་སློབ་འཁྲིད་སྤྱིའི་དམིགས་ཡུལ་བྱེ་བྲག་ཏུ་ལག་བསྟར་བྱས་པ་ཞིག་ཀྱང་ཡིན་པས།   སྤྱི་དང་བྱེ་བྲག་གཉིས་ནི་རྟེན་ཅིང་འབྲེལ་བ་ཡིན་ལ།   གཉི་ཀའི་རེ་འདུན་ཀྱང་གཅིག་ཡིན་མོད། འོན་ཀྱང་། རྩོམ་ཡིག་ཀློག་པའི་སློབ་འཁྲིད་ལའང་རང་རང་གི་ཁྱད་ཆོས་ཡོད་པར་མ་ཟད།   རང་གི་ཐུན་མིན་གྱི་འོས་འགན་དང་ཚུགས་ཐུབ་ཀྱི་སློབ་འཁྲིད་དམིགས་ཡུལ་ཡང་ཡོད་པ་ཡིན་ནོ། །   དེས་ན་རྩོམ་ཡིག་ཀློག་པའི་སློབ་འཁྲིད་ཀྱི་འགན་ཁུར་གཙོ་བོ་ནི་འདི་དག་ཡིན་ཏེ།   སློབ་མའི་ཀློག་འདོན་གྱི་ནུས་པ་མཐོར་འདེགས་དང་ཚད་མཐོ་བའི་ཀློག་འདོན་གོམས་སྲོལ་བསྐྱེད་བསྲིང་། ཀློག་འདོན་སྤྲོ་སྣང་ཆེན་པོ་ཡོངས་འགྲུབ།   ཚན་རིག་གི་ཀློག་འདོན་ཐབས་བཀོད་ངེས་པ་བཅས་ཡིན་ནོ། །
༡   སློབ་མའི་ལྟ་ཀློག་ནུས་པ་བསྐྱེད་བསྲིང་བྱེད་པ།
     ལྟ་ཀློག་ནུས་པ་ནི།   སློབ་མས་ཤེས་བྱ་ལོན་པ་དང་ཉགས་མྱོང་སློབ་པ།   སློབ་གསོ་ཐོབ་པ། བྱེད་ནུས་འཕེལ་རྒྱས།   སྔ་མིའི་ཚན་རིག་ལག་རྩལ་གྱི་གྲུབ་འབྲས་བསྡུ་ལེན་བྱེད་པ་སོགས་ཀྱི་རྩ་བའི་ནུས་པ་ཡིན་པས། དེའི་གྲུབ་ཆའི་ཆ་ནས་བཤད་ན།   ཕན་ཚུན་འབྲེལ་བར་གྱུར་པའི་ནུས་པ་ལ་འདི་དག་ཏུ་འབྱེད་དེ།   ཡི་གེ་དབྱེ་འབྱེད་ཀྱི་ནུས་པ་དང་ངོས་འཛིན་གྱི་ནུས་པ།   སེམས་པའི་ནུས་པ། ཡིད་འཛིན་ནུས་པ་སོགས་སོ། །
(༡) ཡི་གེ་དབྱེ་འབྱེད་ཀྱི་ནུས་པ།
   ཡི་གེ་ངོས་འཛིན་བྱེད་པའི་སྒོ་ནས་ལྟ་ཀློག་ནུས་པ་ལ་གོ་ཞིང་།   དེ་ཡང་། སློབ་མས་སློབ་དེབ་ཀློག་འདོན་བྱེད་དུས།   ཐོག་མར། ཡི་གེ་ལ་འབྲེལ་འདྲིས་དང་དབྱེ་འབྱེད་བྱེད་པ་བརྒྱུད་ནས་ད་གཟོད་དེས་བསྟན་པའི་དོན་ངོ་མ་ལ་ངོས་འཛིན་དང་སེམས་པར་བྱེད་བཞིན་ཡོད་པས། ཡི་གེ་དབྱེ་འབྱེད་ཀྱི་ནུས་པ་ནི། ལྟ་ཀློག་སྔོན་འགྲོ་དང་རྨང་གཞི་ཡིན་པར་མ་ཟད།   རྩོམ་ཡིག་ལྟ་ཀློག་སློབ་འཁྲིད་ཀྱི་བརྒྱུད་རིམ་དུ་ཐོག་མའི་ལག་ཅ་ཡིན་པའི་གནས་སུའང་སོན་ཡོད་དོ། ། དེས་ན་ཡི་གེ་དབྱེ་འབྱེད་ཀྱི་ནུས་པ་ནི་གཙོ་བོ་འདི་ལྟ་བུའི་རྣམ་པ་གསུམ་དུ་མངོན་ཏེ། གཅིག་ནི་གྲངས་ཚད།   གཉིས་ནི་སྤུས་ཚད།   གསུམ་ནི་མགྱོགས་ཚད་དོ། །
     རྩོམ་ཡིག་ལྟ་ཀློག་སློབ་འཁྲིད་ཀྱིས་ཐོག་མར་ངེས་པའི་ཡི་གེའི་གྲངས་ཚད་དེངེས་ཅན་ཞིག་ལ་བསྐྱེད་དགོས།   རང་རྒྱལ་དེང་རབས་ཀྱི་སྐད་ཡིག་སློབ་འཁྲིད་ཀྱི་རེ་བ་ལྟར་ན།   སློབ་ཆུང་གི་སྐབས་སུ་རྒྱུན་བཀོལ་ཡི་གེ་ཉིས་སྟོང་ཆིག་བརྒྱ་ཡས་མས་ངེས་དགོས་པར་བསྟན་ཡོད། སློབ་འབྲིང་གི་སློབ་མ་ཞིག་གིས་གལ་ཏེ་ཡི་གེ་བཞི་སྟོང་ལྔ་བརྒྱ་ངོས་ཟིན་ན། ཕལ་ཆེར་སྤྱིར་བཏང་གི་ཆབ་སྲིད་དང་ཚན་རིག་ལག་རྩལ།   རྩོམ་རིག་སྒྱུ་རྩལ་བཅས་ཀྱི་ཀློག་ཆས་བཀླག་པའི་འདུན་པ་བསྐང་ཐུབ་ལ།   ཚད་ངེས་ཅན་གྱི་ཡི་གེ་དབྱེ་འབྱེད་ཀྱི་ནུས་པའང་འཛོམས་པ་ཡིན།   ཡི་གེ་དབྱེ་འབྱེད་ཀྱི་ནུས་པ་ལ་ངེསམཔའི་གྲངས་ཚད་ངེས་ཅན་ཞིག་དགོས་པ་བཞིན་དུ། ཡི་གེ་ངེས་པའི་སྤུས་ཚད་ཀྱང་ངེས་ཅན་དུ་བརྟན་ཅིང་བརླིང་བ་ཞིག་ཡིན་དགོས།   དེའི་རེ་བ་ནི་ཡི་གེའི་སྒྲ་དག་པར་བཀླག་པ།   ཡི་གེའི་གཟུགས་དབྱིབས་ལེགས་པར་འབྱེད་པ།   ཡི་གེའི་བསྟན་དོན་ལེགས་པར་ངེས་པ། གཟུགས་མི་འདྲ་བ་དང་ཀློག་སྟངས་མི་འདྲ་བའི་ཡི་གེ་ལེགས་པར་བཅའ་ནུས་པ་སོགས་ཡིན་ནོ། །
(༢) ངོས་འཛིན་པའི་ནུས་པ་ནི།
     ལྟ་ཀློག་ནུས་པ་འགྲུབ་བྱེད་ཀྱི་སྲོག་སྙིང་ཡིན་ལ། ལྟ་ཀློག་ནུས་པ་ལ་གདེང་འཇོག་བྱེད་པའི་ཚད་གཞིའང་ཡིན།   ལྟ་ཀློག་གོ་རིམ་ནི་མི་སུ་ལ་མཚོན་ནའང་ངལ་ཆེ་བའི་རིག་པའི་རྩོལ་བ་ཞིག་དང་། ཡི་གེའི་རྒྱུ་ཆ་ལ་ངལ་ཆེ་བའི་ཡིག་པའི་བསྒྱུར་བཟོ་བྱེད་པའི་བརྒྱུད་རིམ་ཞིག་ཡིན་པས།   དེའི་སྲོག་སྙིང་ནི་ངོས་འཛིན་ཡིན་ལ།   ངོས་འཛིན་དང་བྲལ་ན་མི་རྣམས་ཀྱི་ཀློག་འདོན་བྱ་བྱེད་ཀྱང་དོན་མེད་དུ་གྱུར་པ་ཡིན། དེའི་ཕྱིར།   ངོས་འཛིན་པའི་ནུས་པ་མཐར་གཏུགས་ན་མི་རྣམས་ཀྱི་མིག་ཤེས་ཀྱིས་གཟུགས་འཛིན་པའི་ཡི་གེའི་རྟགས་མཚན་ལ་ནུས་པ་བསྐྱེད་ནས། ཀླད་པས་མགྱོགས་མྱུར་གྱིས་དབྱེ་ཞིབ་དང་ཡང་དག་པས་ཚོད་དཔག   ཕྲ་ཞིང་ཞིབ་པའི་སྒོ་ནས་གདམ་ག་སོགས་བྱས་པ་བརྟེན་ནས།   རྩོམ་པ་པོའི་བསམ་བློ་བརྩེ་དུང་གི་ཁྱད་ཆོས་ངེས་པའི་ནུས་པ་ལ་བྱའོ། །   ནུས་པ་དེས་མི་རྣམས་ཀྱིས་ཀློག་འདོན་བྱེད་དུས་ཀློག་འདོན་གྱི་ཞོར་དུ་ཀླད་པ་འགུལ་ནས་བསམ་གཞིག་གཏོང་བ་སྟེ། རིག་པའི་གྲུབ་ཆ་དང་ཤེས་བྱའི་གསོག་འཇོག་ཐམས་ཅད་བསྐྱེད་དགོས་པར་རེ་སྟེ། དེ་ཡང་། ཐོག་མར་བརྗོད་དོན་ནས་རྣམ་པ་དང་དེ་ནས་རྣམ་པ་ནས་བརྗོད་དོན་དང་། ཡང་ཐོག་མར་སྤྱི་ནས་བྱེ་བྲག་དང་དེ་ནས་བྱེ་བྲག་ནས་སྤྱི་ལྟ་བུའོ། །   དེ་ལྟར་ཁོར་མོ་འགའ་བྱས་ནས་ངོས་འཛིན་རིམ་པ་ཇེ་ཟབ་ཏུ་སོང་ཚེ།   ད་གཟོད་སྙིགས་མ་འདོར་བ་དང་ཕལ་བ་སྤངས་པ། སྙིང་བཅུད་དང་གཙོ་བོ་ལོན་པ་སོགས་བྱས་ནས་རྩོམ་ཡིག་གི་བསམ་བློའི་དོན་སྙིང་དངོས་སུ་ངེས་ཐུབ་པ་ཡིན་ནོ། །
   སློབ་མའི་ངོས་འཛིན་གྱི་ནུས་པ་ལ་རྩོམ་ཡིག་ཀློག་པའི་སློབ་འཁྲིད་ཀྱི་བརྒྱུད་རིམ་དུ་རྣམ་པ་གཉིས་སུ་མངོན་ཏེ། གཅིག་ནི། དཔྱོད་ཀློག་བརྒྱུད་དེ་རྩོམ་ཡིག་གི་བསམ་བློའི་ནང་དོན་ལ་ངོས་འཛིན་དང་བརྩེ་དུང་ཁྱད་ཆོས་ལ་ངེས་ཤེས། གསར་རྩོམ་གྱི་དམིགས་དོན་ལ་རྒྱུས་ལོན་བྱེད་པ་སོགས་ཡིན་ལ། གཉིས་ནི། དཔྱོད་ཀློག་བརྒྱུད་དེ་རྩོམ་ཡིག་གི་མིང་དང་ཚིག་བཀོལ་བའི་ལག་རྩལ་དང་ཚན་པའི་སྒྲིག་བཀོད་ཀྱི་ཁྱད་ཆོས།   མཚོན་པའི་ནུས་ཤུགས་མཐོར་འདེགས་སུ་གཏོང་བའི་ཐབས་བཀོད་སྣ་ཚོགས་བཀོལ་བ་ལ་ངོས་འཛིན་བྱེད་པ་དེ་ཡིན་ནོ། ། རྩོམ་ཡིག་ཀློག་པའི་སློབ་འཁྲིད་ཀྱི་བརྒྱུད་རིམ་དུ།    སློབ་མ་རྣམས་དེ་གཉིས་གང་རུང་ལ་ཕྱོགས་ཞེན་ཡོད་ཆོག་སྟེ། དཔེར་ན།   རྩོམ་ཡིག་གི་བསམ་བློའི་ནང་དོན་ལ་ཕྱོགས་པ་དང་།   ཡང་ན། རྩོམ་ཡིག་གི་མཚོན་སྟངས་ཀྱི་རྣམ་པའི་ངོས་འཛིན་ལ་ཕྱོགས་པ་བཅས་པ་ལྟ་བུ་སྟེ།   དེ་ནི་བྱེ་བྲག་གི་སློབ་ཚན་དང་བྱེ་བྲག་གི་ཀློག་འདོན་རེ་བ་དང་བསྟུན་ནས་གཏན་འཁེལ་བྱེད་དགོས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2021 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号