ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །སྐད་ཡིག་ཚན་ཁག་གི་ངོ་བོ་དང་དམིགས་ཡུལ།
སྤེལ་དུས།05-02  ཡོང་ཁུངས།  རྩོམ་པ་པོ།

       སྐད་ཡིག་ཚན་ཁག་ནི།    རྒྱུ་རྐྱེན་མང་པོ་ཞིག་དང་ཁྱབ་རྒྱ་ཆེ་བའི་ཁྱད་པར་རང་བཞིན་སྣ་ཚོགས་ཤིག་གིས་གྲུབ་པ་རེད། དེར་ནི། སློབ་འཁྲིད་དང་མཉམ་དུ་སློབ་གསོའང་ལྡན་ལ། ཚན་རིག་དང་མཉམ་དུ་སྒྱུ་རྩལ་ཡང་ལྡན་པ། ཤེས་བྱ་འདོམས་པ་དང་མཉམ་དུ་ནུས་མཐུ་གསོ་སྐྱོང་ཡང་ལྡན་པ། སྐད་ཆ་སྦྱོང་བརྡར་དང་མཉམ་དུ་རིག་སྟོབས་འཕེལ་རྒྱས་གཏོང་བ། སྐད་ཆའི་བྱ་འགུལ་དང་མཉམ་དུ་རྩོམ་རིག་རོལ་མྱོང་ཡང་ལྦན་པ་ཡིན་ནོ།    སྐད་ཡིག་ཚན་ཁག་གི་དེ་ལྟ་བུའི་ངོ་བོའི་ལྟ་སྟངས་དེས། མི་རྣམས་ལ་སྐད་ཡིག་གི་སློབ་གསོའི་རང་བཞིན་གྱི་ལྟ་སྟངས་ཤིག་ཆགས་ཤིང་། སྐད་ཡིག་སློབ་གསོའི་རྣམ་འགྱུར་ཐག་གཅོད་བྱེད་ཡས་ཤིག་ཏུ་གྱུར་ཡོད་

པ་མ་ཟད། རྒྱུད་རིམ་དང་ཐབས་བཀོད་ཀྱི་འདེམས་གསེས་ལའང་ཤུགས་རྐྱེན་ལྡན་ཡོད་དོ། 
སྐད་ཡིག་ཚན་ཁག་གི་དམིགས་ཡུལ་ནི།   སྐད་ཡིག་སློབ་འཁྲིད་ཀྱི་སྔོན་དཔག་ལས་བྱུང་བའི་འབྲས་བུ་ཡིན་ནོ། ། གཏན་ལ་ཕབས་པའི་དམིགས་ཡུལ་དེར།   བསླབ་བྱའི་འདེམ་སྒྲིག་དང་སློབ་འཁྲིད་བཀོད་བསྒྲིག   སློབ་སྦྱོང་གི་འབྲས་བུར་གདེང་འཇོག་བྱ་སྟངས་བཅས་ཕྱོགས་གསུམ་གྱི་ནུས་པ་གཞིར་བཟུང་བ་མཚོན་ཡོད་པ་རེད། སྐད་ཡིག་ཚན་ཁག་གི་དམིགས་ཡུལ་དེས་སྐད་ཡིག་སློབ་གསོའི་དམིགས་ཡུལ་གྱི་ལྟ་སྟངས་གྲུབ་ཅིང་། དེ་དག་གིས་དགེ་རྒན་གྱི་བྱ་བའི་ཁ་ཕྱོགས་དང་ནང་དོན། རྒྱུད་རིམ། ཐབས་ཤེས་བཅས་གཏན་ལ་འབབ་དུ་འཇུག་གོ  སྐད་ཡིག་ཚན་ཁག་གི་དམིགས་ཡུལ་དེ་དུས་རབས་དང་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་འགྱུར་ལྡོག་བྱུང་བ་ཡིན་པ་བཤད་མ་དགོས་སོ། 
     དང་པོ།   སྐད་ཡིག་ཚན་ཁག་གི་ངོ་བོ། 
     སྐད་ཡིག་སློབ་འཁྲིད་ལེགས་པོ་ཞིག་འགྲུབ་ཆེད།    ཐོག་མར།   དེའི་ངོ་བོ་དང་དེ་དང་རིག་གཞུང་གཞན་བར་གྱི་འབྲེལ་བ་དང་ཁྱད་པར་ཅི་ཞིག་ཡོད་པ་སོགས་ངེས་པར་དུ་གསལ་བོར་ཤེས་དགོས་པ་ནི་གཞི་དམ་པ་ཞིག་རེད།
      སྐད་ཡིག་ཚན་ཁག་གི་ངོ་བོ་ནི་འཆད་བྱ་མང་པོ་ཞིག་གིས་གྲུབ་པའི་སྣ་འཛོམས་ཕུང་བོ་ཞིག་ཡིན་མོད། འོན་ཀྱང་། ང་ཚོས་དེའི་ངོ་བོ་གླེང་མོལ་བྱ་ཚེ།   རྟག་པར་སྣ་གཅིག་ལ་འཆའ་ཞིང་ཕྱོགས་རིས་ཀྱི་འདུ་ཤེས་སུ་འགྱུར་སྲིད།   དོན་དངོས་སུ་སྐད་ཡིག་འདི་འདྲའི་རྙོག་འཛིང་ལྡན་པའི་རིག་པ་ལ།   ལྟ་ཚུལ་སྣ་གཅིག་དང་ཕྱོགས་རེ་བ་ཞིག་ནས་དེའི་ངོ་བོ་ཡོངས་ཁྱབ་ཤེས་པར་དཀའ་འོ། 
       སྐད་ཡིག་ཚན་ཁག་གི་རྙོག་འཛིང་རང་བཞིན་དེ་དེང་དུས་ང་ཚོས་ཤེས་པ་ལས་ཀྱང་ད་དུང་མང་དུ་མཆིས་ཀྱང་། ད་ལྟ་ད་དུང་གཞུང་ལུགས་ཡང་དག་དང་ཆ་ཚང་བ་ཞིག་གིས་གསལ་བཤད་བྱེད་མི་ཐུབ་བོ།    ཡིན་ནའང་། སྐད་ཡིག་ནི། སྐད་ཡིག་བསླབ་བྱའི་ཚད་གཞིའི་ངོ་བོ་ལས་བསྟན་དོན་ཕན་ཚུན་འབྲེལ་འདྲིས་བྱེད་ཡས་ཀྱི་ཡོ་བྱད་གལ་ཆེན་ཞིག་དང་།   མིའི་རིགས་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན། ཡོ་བྱད་རང་བཞིན་དང་མིའི་རིགས་རིག་གནས་རང་བཞིན་གཅིག་སྡུད་བྱེད་པ་ནི།   སྐད་ཡིག་བསླབ་གཞིའི་གཞི་རྩའི་ཁྱད་ཆོས་ཡིན།    ཞེས་བསྟན་པ་ཡོ་བྱད་དང་མིའི་རིགས་རིག་གནས་གཉིས་ཀྱི་མཚན་གཞི།   མིང་དང་ཚིག་དང་ཡི་གེའི་ཚོགས་སུ་སྣང་བའི་རྣམ་པར་རིག་པ་རྣམས་ཡོ་བྱད་དང་།   སློབ་མའི་རྒྱུད་ལ་བདེན་ལེགས་མཛེས་གསུམ་གྱི་བག་ཆགས་ཤིག་ཐོབ་པར་བྱེད་པའི་སྒྲའི་ཁྱད་པར་དུ་སྣང་བའི་རྣམ་པར་རིག་པ་རྣམས་ནི་མིའི་རིགས་རིག་གནས་ཡིན་ནོ།  སྔ་མ་ནི་བརྗེ་རེས་ཀྱི་ཡོ་བྱད་ཙམ་དང་ཕྱི་མ་ནི་དོན་གྱི་ཁྱད་པར་ཅན་གྱི་ངོས་འཛིན་ཡིན་ནོ།  འདིའི་མིའི་རིགས་རིག་གནས་ཞེས་པ་ནི་ཆབ་སྲིད་རང་བཞིན་ལྡན་པ་ཞིག་ལཉེ་བར་བསྟན་པ་མིན་ཏེ། དངོས་པོའི་འཇིག་རྟེན་དང་མིའི་རིགས་སྤྱི་ཚོགས་ཤིག་ལ་ཟེར་ཞིང་། དེ་ཉིད་འཆར་སྣང་དང་མྱོང་ཚོར།   ཤེས་རྟོགས་བཅས་བྱེད་པ་ཞིག་ལ་ཟེར། དཔེར་ན། མི་ཞིག་གིས་ཇི་ལྟར་བསམ་པ་ནི་མིའི་རིགས་རིག་གནས་ཀྱི་གནད་དོན་ཡིན་ལ།   ཇི་ལྟར་འབྲི་བ་ནི་ཡོ་བྱད་ཀྱི་གནད་དོན་ཞིག་རེད། ཡང་ན། བརྗོད་བྱ་དང་རྗོད་བྱེད་གཉིས་དང་གནས་དང་གནས་པ། སྒྲ་དོན་གཉིས་ཀྱི་འབྲེལ་བ་ཡིན། རྩོམ་དཔེ་ཞིག་ལ་མཚོན་ན། ཅི་ཞིག་བསྟན་ཡོད་པ་ནི་མིའི་རིགས་རིག་གནས་དང་ཇི་ལྟར་བསྟན་ཡོད་པ་ནི་ཡོ་བྱད་ཀྱི་གནད་དོན་ཞིག་གོ །
      གཤམ་དུ་ང་ཚོས་སྐད་ཡིག་ཚན་ཁག་གི་ཡོ་བྱད་རང་བཞིན་དང་བསམ་བློའི་རང་བཞིན། ཤེས་བྱའི་རང་བཞིན་དང་ནུས་རྩལ་རང་བཞིན། སྐད་ཆ་དང་བསམ་གཞིགས། སྐད་ཆ་དང་རྩོམ་རིག སྒྱུ་རྩལ་རང་བཞིན་དང་ཚན་རིག་རང་བཞིན། སྤ་རིམ་རང་བཞིན་དང་ཐད་ཀའི་རང་བཞིན།   སྣ་འཛོམས་རང་བཞིན་ཅན་ལ་སོགས་པ་ལྡན་པ་གསལ་བཤད་བྱ་རྒྱུ་ནི།
 ཡོ་བྱད་རང་བཞིན་དང་བསམ་བློའོ་རང་བཞིན།
      སྐད་ཡིག་ཚན་ཁག་ནི།   ཡོ་བྱད་རིག་པ་ཞིག་ཡིན་ལ།   བསམ་བློའི་རང་བཞིན་ལྡན་པའི་རིག་པ་ཞིག་ཀྱང་ཡིན།
       སྐད་ཡིག་ཚན་ཁག་ནི།   ཡོ་བྱད་རིག་པ་ཞིག་ཡིན་ཏེ། སློབ་མས་སློབ་དེབ་ཀྱི་ནང་དོན་ལ་སྦྱངས་དགོས་པར་མ་ཟད།   ད་དུང་། དེའི་རྣམ་པ་སྟེ་ལུས་ལའང་སྦྱང་དགོས།   ཆབ་སྲིད་དང་ལོ་རྒྱུས། རྩིས་རིག་པ་བཅས་ལའང་ནང་དོན་དང་རྣམ་པ་སྟེ་ལུས་གཉིས་ལྡན་ཀྱང་། སློབ་མར་དེའི་ནང་དོན་ཤེས་སུ་འཇུག་རྒྱུ་དང་བཀོལ་སྤྱོད་བྱ་རྒྱུ་ནི།   སློབ་འཁྲིད་ཀྱི་རྩ་བའི་དམིགས་ཡུལ་ཡིན་ལ།   སྐད་ཡིག་ཚན་ཁག་གི་དམིགས་སྒོ་གཙོ་བོ་ནང་དོན་ཁོ་ན་མིན་གྱི་རྣམ་པ་སྟེ་ཡོ་བྱད་རང་བཞིན་གྱི་ཕྱོགས་ཀྱང་ཡིན་ནོ།  སྒྲུང་ཐུང་དང་འཁྲབ་གཞུང་འཁྲིད་སྐབས་བྱུང་ཚུལ་དང་ནང་དོན་གཙོ་བོའི་གནད་མིན་པ་དང་གཞུང་ལུགས་རྩོམ་རིག་ཁྲིད་སྐབས་ཀྱང་དེར་བསྟན་པའི་གནས་ཚུལ་ཐག་གཅོད་བྱ་དགོས་པའི་ནང་དོན་མིན་གྱི། ནང་དོན་མཚོན་བྱེད་ཀྱི་སྐད་བརྡའི་བཀོལ་སྤྱོད་བྱ་ཚུལ་དེ་ཡིན། སྐད་ཡིག་སློབ་ཚན་གྱི་ཁྲོད་དུ་<<སྐྱེས་པ་རླབས་ཆེ་ཞིང་ཤི་བ་གཟི་བརྗིད་ལྡན>>ཞེས་པ་ཆབ་སྲིད་དང་<<རྒྱ་བཟའ་ཀོང་ཇོ་>>ཞེས་པ་ལོ་རྒྱུས་དང་།   <<སྤྲིན་པར་བལྟས་ནས་གནམ་གཤིས་བརྟག་པ>>ཞེས་པ་རང་བྱུང་ཚན་རིག་གི་ཤེས་བྱ་བཅས་ཀྱི་སློབ་ཚན་ཁོ་ནར་འཛིན་མི་རུང་།   དེ་དག་སློབ་ཁྲིད་བྱེད་པའི་དམིགས་བྱ་གཙོ་བོ་བརྗོད་དོན་མཚོན་བྱེད་ཀྱི་རིགས་ལམ་མམ་རྣམ་པ་སྟེ་ལུས་ཡིན། དེ་ནི་ངོ་བོའི་སྟེང་རིག་པ་གཞན་རྣམས་དང་མི་འདྲ་བའི་ཕྱོགས་ཡིན། སྐད་ཡིག་ནི་ཡོ་བྱད་ཅིག་སྟེ། ཤེས་རྟོགས་དང་མཚོན་བྱེད་ཀྱི་ཡོ་བྱད་ཅིག་ཡིན་སྟབས། མི་རྣམས་ཀྱིས་དེར་བརྟེན་ནས། བསམ་བློ་གཏོང་བ་དང་རིག་གནས་བརྒྱུད་སྤྲོད་བྱེད་པ། དེ་ཉིད་བཀོལ་སྤྱོད་བྱས་ཏེ་འབྲེལ་འདྲིས་བྱེད་པ་དང་རྩོམ་རིག་གསར་རྩོམ་བྱེད་ཀྱི་ཡོད། དེ་ནི་དེ་ཉིད་ཡོ་བྱད་རང་བཞིན་ཅན་གྱི་ཚན་ཁག་ཅིག་ཡིན་པའི་རྒྱུ་རྐྱེན་གཙོ་བོ་ཡིན།
སྐད་ཡིག་སློབ་སྦྱོང་བྱེད་པའི་རྩ་བའི་ཐོག་མའི་དམིགས་ཡུལ་ནི།   སྐད་ཡིག་གི་ནུས་རྩལ་ཡིན། སྐད་ཡིག་ཚན་ཁག་གིས་སྐད་ཡིག་གི་ཡོ་བྱད་ནུས་ཤུགས་གསོ་སྐྱོང་དང་འདོན་སྤེལ་བྱ་རྒྱུ་ནི་སྨྲ་མེད་ཀྱི་འབབ་སྟེགས་ཡིན། སྐད་ཡིག་ཚན་ཁག་གིས་ཉན་པ་དང་ཀློག་པ། འཆད་པ། འབྲི་བ་བཅས་ཀྱི་ནུས་རྩལ་གསོ་སྐྱོང་བྱ་རྒྱུ་དེ། གླུ་དབྱངས་དང་རི་མོ་ལ་སོགས་པའི་ཚན་ཁག་གིས་གསོ་སྐྱོང་བྱ་དགོས་པ་ལསནུས་པ་ཁྱད་པར་ཅན་ཞིག་དང་མི་འདྲ་ས་ཡིན་ལ། གླུ་དབྱངས་ལ་སོགས་པ་མི་རྣམས་ལ་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་ངེས་པར་དུ་ཚང་བའི་ནུས་རྩལ་ཞིག་ཡིན། དེའི་རིགས་ཀྱི་རྨང་གཞིའི་ཤེས་བྱ་དང་ནུས་རྩལ་ཡོད་མེད་དེ།   ཚན་ཁག་མང་པོ་ཞིག་གི་སློབ་སྦྱོང་དང་སློབ་མཐར་ཕྱིན་རྗེས་ཀྱི་འཕེལ་རྒྱས་ལའང་འབྲེལ་བ་ཆེ་བ་རེད། ནུས་རྩལ་དེ་དག་མི་ལྡན་ཚེ། སྤྱི་ཚོགས་འཚོ་བ་དང་མཐུན་པའི་རང་བཞིན་ལྡན་པ་མ་ཟད། གསར་གཏོད་དང་གསར་རྩོམ་བྱེད་པ་དེ་ལས་ཀྱང་སྨྲས་མ་དགོས་པ་རེད། ང་ཚོས་སློབ་མ་ཡོངས་ལ་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་དང་རྩ་བའི་ནུས་པ་ཤེས་སུ་འཇུག་རྒྱུ་དེ་ནི། སློབ་མ་རྣམས་ཀྱིས་སློབ་སྦྱོང་བྱེད་པ་དང་། བྱ་བ་སྒྲུབ་པའི་གཞི་རྩའི་ཡོ་བྱད་ཀྱི་ནུས་པ་ཁོང་དུ་ཆུད་པར་བྱ་རྒྱུ་དེ་ཡིན།
     སྐབས་འདིར། ང་ཚོས་སྐད་ཡིག་ཚན་ཁག་གི་གནད་དོན་ཡོད་ཚད་ཕྱོགས་བསྡུས་བྱས་ཚེ། དེ་ནི། སློབ་འཁྲིད་ཀྱི་གྲུབ་འབྲས་དང་བཀོལ་སྤྱོད་མཐོར་འདེགས་སུ་གཏོང་དགོས་ལ། དེའི་ཚད་གཞི་ནི། སློབ་མ་རྣམས་ལ་མགྱོགས་ཤིང་མྱུར་ལ། སྤུས་ཀ་ལྡན་པའི་སྒོ་ནས་སྐད་ཡིག་གི་ཡོ་བྱད་རང་བཞིན་ཁོང་དུ་ཆུད་པ་དང་། དགེ་མཚན་ལྡན་པའི་སྒོ་ནས་ཡོ་བྱད་རང་བཞིན་གྱི་སློབ་གསོའི་ནུས་པ་འདོན་སྤེལ་བྱ་རྒྱུ་དེ་ཡིན།
སྐད་ཡིག་ཚན་ཁག་ལ། ད་དུང་བསམ་བློའི་རང་བཞིན་ཡང་ལྡན་པ་རེད། དེ་རྩིས་དངོས་རྫས་གསུམ་གྱི་ཤེས་རིག་དང་མི་འདྲ་བར་བསམ་བློའི་བརྩེ་དུང་ཚུར་སྣང་སྒོས་མི་ཆོས་ཀུན་སྤྱོད་ཀྱི་ནང་དོན་ལྡན་པ་རེད། རྣམ་བཤད་བསྡུ་བ་ལས། མདོ་སྡེའི་ལུས་ནི་རྣམ་པ་གཉིས་ཏེ་ཚིག་འབྲུ་དང་དོན་ནོ། ། ཞེས་སོ། ། དེ་ལ་ཚིག་འབྲུ་ནི་གནས་ཡིན་ལ། དོན་ནི་གནས་པ་ཡིན་པར་རིགས་པར་བྱའོ། ། དེ་གཉིས་ཀ་བསྡུས་པ་ནི་ཤེས་བར་བྱ་བ་ཡིན་ནོ། །   ཆོས་མཆོག་ཆུང་ངུར་ཡང་།   རབ་ཏུ་བྱེད་པའི་ལུས་ནི་རྣམ་པ་གཉིས་ཏེ་སྒྲ་དང་དོན་ནོ། ། ཞེས་པ་ལྟར། སྐད་ཡིག་གི་རྣམ་པ་སྟེ་ལུས་ནི་ཚིག་འབྲུ་སྟེ་གནས་དང་མཚོན་སྟངས་རིག་རྩལ་ཞིག་ཡིན་ལ། དེའི་ནང་དོན་ནི་འཚོ་བ་དང་བྱ་དངོས། བསམ་བློ། འདུ་ཤེས་བཅས་ཡིན་ཞིང་། རྩིས་རིག་ནི་ཨང་གྲངས་དང་མཚོན་རྟགས། ལྐོག་གྱུར་གྱི་ཐ་སྙད་བཅས་ཡིན་པས་དེ་གཉིས་མི་འདྲ།   འོན་ཏེ། དེའི་ནང་དོན་ཕྱོགས་ཀྱི་དགོས་པ་དེ་རྣམ་པ་སྟེ་ལུས་ལས་མཁོ་གལ་ཆེ། དེ་ནི་ངོ་བོའི་སྟེང་རྩིས་དངོས་རྫས་གསུམ་རང་བྱུང་ཚན་རིག་དང་མི་འདྲ་དའི་གནད་ཡིན། དེ་དང་རྩིས་རིག་པ་གཉིས་ཀྱི་དབྱེ་བ་ནི་བསམ་བློའི་རང་བཞིན་ཡིན་པས། དེ་ལ་ཡོ་བྱད་རང་བཞིན་ལྡན་ལ་བསམ་བློའི་རང་བཞིན་ཞིག་ཀྱང་ལྡན་པ་དོན་དངོས་ཡིན།
      དེ་བཞིན། སྐད་ཡིག་གི་རྣམ་པ་སྟེ་ལུས་ལསློབ་སྦྱོང་བྱེད་པ་དེ་ངེས་པར་དུ་སྐད་ཡིག་གི་ནང་དོན་གྱི་སློབ་སྦྱོང་དང་མཉམ་འབྲེལ་བྱ་དགོས་ལ། ཡོ་བྱད་ཀྱི་ངེས་ཤེས་དེ་ངེས་པར་དུ་བསམ་བློ་སྟེང་མཐོར་འདེགས་དང་གཅིག་འབྲེལ་བྱ་དགོས་པའི་གནས་ལུགས་རྣམས་གསལ་ཞིང་གོ་སླའོ། །
      སྐད་ཡིག་ཚན་ཁག་གི་མཉན་པ་དང་འཆད་པ། ཀློག་པ་དང་འབྲི་བའི་གོ་རིམ་གང་ཡང་རུང་བ་ཐམས་ཅད་སྐད་ཡིག་སློབ་གསོ་དང་། ཡང་ན་བསམ་བློའི་སློབ་གསོ་གཉིས་ཡིན་པ་ཁྱོན་ཡོངས་ནས་ངེས་པར་དུ་ཡིད་འཇོག་བྱ་དགོས་པ་ཡིན། དཔེར་ན། <<མཐའ་མཇུག་གི་སློབ་མཐུན་ཞིག>>་ཅེས་པ་འཁྲིད་སྐབས། སྐད་ཆའི་བབ་ཆགས་རང་བཞིན་དང་བྱུང་རིམ་གྱི་ཡིད་དབང་འགུག་པའི་ཉམས་འགྱུར་ཁོ་ནར་དམིགས་པ་ལས། མི་སྣའི་མཐོང་ཐོས་དང་མྱོང་ཚོར་བརྒྱུད་དེ་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་མཚོན་པ་མ་བརྗོད་ན། སློབ་གསོའི་ནུས་པ་མེད་ལ། <<ན་གཞོན་རྣམས་ལ་སྤྲིངས་པའི་ཡི་གེ>>་དང་<<ཕ་མའི་བཀའ་དྲིན་རྗེས་སུ་དྲན་གཏམ>>་དང་<<སློབ་མ་སྣོད་རུང་དུ་བྱ་བའི་གདམས་ངག>>་ཅེས་པ་རྣམས་ལས་རྩོམ་པ་པོའི་རེ་གབ་མཐའ་དག་སློབ་འཁྲིད་ཀྱི་དམིགས་སུ་མ་བཟུང་ན། དེའང་བརྗོད་བྱང་གོ་བརྡ་མི་འཕྲོད་པ་རེད། གསལ་བོར་བཤད་ན། སྐད་ཡིག་ཚན་ཁག་གི་བསམ་བློའི་རང་བཞིན་ནི། ཁེར་རྐྱང་དུ་མི་གནས་པར་མ་ཟད།   དམིགས་ཡུལ་གཙོར་སླེབས་དགོས་པའང་མིན་པ་དེ་གསལ་བོར་ཤེས་རྒྱུ་གལ་ཆེའོ། །
     མདོར་ན། ང་ཚོར་གསལ་བའི་སྐད་ཡིག་ཚན་ཁག་ནི། སྐད་ཆའི་བཀོལ་སྤྱོད་རང་བཞིན་ཅན་དང་སྐད་ཆའི་མི་ཆོས་རང་བཞིན་ཅན་གཅིག་འདུས་ཀྱི་ཕུང་བོ་ཞིག་ཡིན་པ་ལས། སྟབས་བདེ་ཕྱོགས་ཞེན་སྒོས་ཡོི་བྱད་ཀྱི་ཤེས་རིག་ཅན་དང་། ཡང་ན། སྤྱི་ཚོགས་ཤེས་རིག་ཅན་དུ་བལྟ་མི་རུང་བ་ཡིན། དེར་ཡོ་བྱད་རང་བཞིན་དང་བསམ་བློའི་རང་བཞིན་གྱི་ཕྱོགས་གཉིས་ལྡན་ཕྱིན་གཉིས་ལས་གཅིག་འདེམ་པར་བྱ་མི་རུང་བའི་འབྲེལ་བ་ཅན་ཞིག་ཡིན།
༢ ཤེས་བྱའི་རང་བཞིན་དང་ནུས་རྩལ་རང་བཞིན།
སྐད་ཡིག་ཚན་ཁག་ཤེས་བྱའི་སློབ་གསོའི་དམིགས་ཡུལ་སླེབས་དགོས་ན། ཤེས་བྱའི་རང་བཞིན་ངེས་པར་དུ་ལྡན་དགོས་པར་མ་ཟད། ད་དུང་། ནུས་རྩལ་སློབ་གསོའི་དམིགས་ཡུལ་དུའང་སླེབ་དགོའ་ལ། ནུས་རྩལ་རང་བཞིན་ཡང་ལྡན་དགོས་པ་རེད། འོན་ཀྱང་སྐད་ཡིག་ཚན་ཁག་ནི། ཆབ་སྲིད་དང་ལོ་རྒྱུས། རང་བྱུང་ཚན་ཁག་ལ་སོགས་པ་ཇི་བཞིན་ཤེས་བྱའི་རིག་པ་ཁོ་ནར་འདོད་མི་རུང་ལ། རྩལ་སྦྱོང་དང་གླུ་དབྱངས།   རི་མོའི་རིགས་ཇི་བཞིན་པར་ནུས་རྩལ་གྱི་རིག་པ་ཁོ་ནར་ཡང་འཛིན་མི་རུང་སྟེ། དེར་ཤེས་བྱ་དང་ནུས་རྩལ་གྱི་རང་བཞིན་གཉིས་ཀ་ལྡན་པ་མ་ཟད།   ཁྱབ་ཁོངས་དེ་རྣམས་ལས་ཀྱང་བླ་ན་ལྷག་པའི་རིག་པ་ཞིག་ཡིན། 
     སྐད་ཡིག་ཚན་ཁག་ལ།   ཤེས་བྱའི་ནང་དོན་ལྡན་པར་མ་ཟད། ཁྱབ་ཆེའང་ཆུ་ཚད་ཟབ་མིན་ཅི་རིགས་ཡོད་པ་རེད།   མིང་ཚིག་བརྡ་སྤྲོད་དང་། གཏན་ཚིགས། འབྲི་ཀློག   རྩོམ་རིག་གི་ཤེས་བྱ་བཅས་སྐད་ཡིག་ཤེས་བྱའི་ཁྱབ་ཁོངས་ཁྲོད་ཀྱིོ་ནང་དོན་གང་རུང་ཞིག་ཡིན་པར་མ་ཟད། དེ་རྣམས་ཤེས་བྱའི་ཕུང་བོ་ཆེན་པོ་ཞིག་ཡིན་པར་བསམས་ཏེ། སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་གི་ཤེས་བྱ། ནམ་རྒྱུན་འཚོ་བའི་ཤེས་བྱ་ལ་སོགས་པའང་དེར་འདུས་པ་ཤེས་དགོས། ང་ཚོས་ཤེས་བྱའི་རྩོམ་རིགས་ཤིག་ཁྲིད་པ་དང་། ཡང་ན། ལྟ་ཀློག་དང་རྩོམ་འབྲི་ཟུང་འབྲེལ་སྒོས་ཤེས་བྱ་སྣ་ཚོགས་ཤིག་ཁྲིད་སྐབས། དེ་དག་ངོ་བོའི་སྟེང་ནས་ཆབ་སྲིད་དང་ལོ་རྒྱུས། རང་བྱུང་ཚན་རིག་ཚན་ཁག་དང་མི་མཐུན་པ་མེད།
སྐད་ཡིག་ཚན་ཁག་ལ་ནུས་རྩལ་ནང་དོན་ལྡན་པ། དཔེར་ན། ཡིག་གཟུགས་དང་གྱེར་འདོན། རྩོམ་རིགས་གསར་རྩོམ་ལ་སོགས་པ་ནུས་རྩལ་གྱི་ངོབོའི་ཁྱབ་ཁོངས་སུ་གཏོགས་པ་ཡིན། ཡིན་ནའང་། སློབ་མ་རྣམས་ཀྱི་ནུས་རྩལ་གསོ་སྐྱོང་བྱེད་སྐབས་བྱ་འགུལ་དེ་རིགས་ངོ་བོའི་སྟེང་ལུས་རྩལ་དང་རོལ་དབྱངས།   རི་མོ་སོགས་དང་འདྲ་བར་བཟུང་ཆོག་གོ 
    འོ་ན། ཤེས་བྱའི་རང་བཞིན་དང་ནུས་རྩལ་རང་བཞིན་བར་གྱི་འབྲེལ་བ་ཅི་ཞེ་ན།
 སློབ་འཁྲིད་ལག་ལེན་གྱི་བྱ་རིམ་ཁྲོད། ཤེས་བྱའི་རང་བཞིན་དང་ནུས་རྩལ་རང་བཞིན་བར་ལ་ཕན་ཚུན་རྟེན་ཅིང་འབྲེལ་ལ་ཐ་དད་ཀྱང་ཡིན། ཕྱོགས་གཅིག་ནས྄སྐད་ཡིག་ནུས་རྩལ་དེ་སྐད་ཡིག་ཤེས་བྱའི་སློབ་འཁྲིད་དང་བསྟུན་ནས་འཕེལ་རྒྱས་འགྲོ་གིན་ཡོད་ལ། སྐད་ཡིག་ཤེས་བྱ་ཤེས་རྟོགས་འབྱུང་བའི་ཆུ་ཚད་དང་མྱུར་ཚད་ཀྱང་སྐད་ཡིག་ནུས་རྩལ་གྱི་འཕེལ་རྒྱས་ལ་བརྟེན་དགོས་པ་ཡིན།སྤྱིར་བཏང་གི་གནས་ཚུལ་འོག་ཏུ་སྐད་ཡིག་ནུས་རྩལ་གྱི་སྦྱོང་བརྡར་ཏེ། སྐད་ཡིག་ཤེས་བྱའི་ནུས་པ་བེད་སྤྱོད་བྱ་རྒྱུའི་སྦྱོང་བརྡར་ལ་ཟེར་བ་ཡིན། དེའི་ཕྱིར། བདེན་དོན་དངོས་ནི་འདི་ལྟ་སྟེ། རྟོག་བྱ་ནི་སྐད་ཡིག་ཤེས་བྱ་ཡིན་ཀྱང་། བཀོལ་སྤྱོད་ནི་སྐད་ཡིག་ནུས་རྩལ་ཡིན། “མིང་གི་གྲུབ་ཚུལ་དང་འབྱུང་ཁུངས། འཕེལ་རྒྱསསོགས་ནི་ཤེས་བྱ་ཡིན་ལ། “ཡི་གེ་ངོས་འཛིན་དང་འབྲི་བ་སོགས་ནི་ནུས་རྩལ་ཡིན། “བརྡ་སྤྲོད་ཀྱི་རྣམ་བཞགཤེས་བྱ་ཡིན་ལ། ཚིག་གི་གུང་བསྒྲིག་པ་ནི་ནུས་རྩལ་རེད། སློབ་མ་ཞིག་གིས་རྩ་ཚིག་དང་མཐུན་པའི་ཚིག་གི་གུང་བསྒྲིག་ཚེ། དེིའི་ཚིག་ལེགས་པོནཞིག་འབྱུང་བ་ནི། སྐད་ཡིག་གི་ཤེས་བྱ་ངེས་པའི་རྟགས་ཡིན་ལ། བཀོལ་སྤྱོད་དངོས་སུ་བྱེད་ཐུབ་ན། དེར་སྐད་ཡིག་གི་ནུས་རྩལ་ཡང་ལྡན་པར་མཚོན་པ་རེད།
ཕྱོགས་གཞན་ཞིག་ནི། དེ་དག་ལ་ཁྱ་པར་ལྡན་དེ། སྐད་ཡིག་ཤེས་བྱས་ཐ་སྙད་ཙམ་མཚོན་པ་ཡིན་ལ། སྐད་ཡིག་ནུས་རྩལ་གྱིས་བབ་བསྟུན་གྱི་བཀོལ་སྤྱོད་བྱེད་པ་མཚོན་པ་ཡིན། ཁྱད་པར་དེ་ལྡན་གྱི་སློབ་འཁྲིད་གོ་རིམ་ཁྲོད་དུ་གཅིག་བཟུང་གཅིག་ཤོར་སྒོས་གཉིས་ཀ་ཁ་བྲལ་དུ་གཏོང་བ་དང་། ཡང་ན། ཤེས་བྱའི་ཆེད་དུ་ཤེས་བྱ་འཆད་པ་དང་དེ་མིན་འགྱུར་མེད་སྒོས་སྐྱོར་སྦྱངས་བྱ་འགུལ་སྤེལ་བ་བཅས་དེ་དག་གི་འབྲེལ་བ་རྣམས་དགེ་རྒན་ཀྱིས་མཁས་འཛངས་ངང་ཐག་གཅོད་བྱ་དགོས། སློབ་མར་ཤེས་བྱ་འབྱོར་བ་དང་ནུས་རྩལ་འཛོམས་པའི་བྱ་འགུལ་སྣ་ཚོགས་སྤེལ་ན། ད་གཟོད་གཅིག་བསྡུས་ཡོང་བ་ཡིན།
      སྐད་ཡིག་ཤེས་བྱ་སློབ་འཁྲིད་བྱེད་པ་དེ།   སྐད་ཡིག་གི་ནུས་རྩལ་བསྐྱང་བར་བྱ་ཆེད་དང་སྐད་ཡིག་ནུས་རྩལ་བསྐྱང་བར་ཞབ་འདེགས་ཞུ་དགོས་པ་ཡིན། ང་ཚོས་སྐད་ཡིག་ཤེས་བྱ་སློབ་འཁྲིད་བྱེད་པ་དེས།   སྐད་ཡིག་ནུས་རྩལ་བསྐྱང་བར་ཞབ་འདེགས་ཞུ་པ་ལ། (སྐད་ཡིག་ཤེས་བྱ་གང་རུང་ལ་སོ་སོར་གོ་བ་མི་ལྡན་པ་མིན་ཏེ།   དཔེར་ན། རྩོམ་པ་པོ་དང་བརྩམས་ཆོས་ཀྱི་ཤེས་བྱའི་སྐོར།   གསར་རྩོམ་གྱི་འབྱུང་ཁུངས་དང་རྩམ་སྲོལ་གྱི་ཤེས་བྱའི་སྐོར།   རྩོམ་རིགས་འབྲི་ཐབས་ཀྱི་ཤེས་བྱའི་སྐོར་སོགས་ཀྱི་ཤེས་བྱ་དེ་སློབ་མར་འདོམས་པར་བྱེད་དགོས་པ་ཡིོན།  (སྐད་ཡིག་ཤེས་བྱའི་སློབ་འཁྲིད་ལྷོད་ཆོག་པའང་མིན། ཤེས་བྱ་ནི་གཙོ་བོ་ཡིན་ཏེ། དེ་ནི་ནུས་རྩལ་མཐོར་འདེགས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན། སློབ་མར་སྐད་ཡིག་གི་ཤེས་བྱ་ལྡན་ཚེ།    ཁོ་ཚོའི་སྐད་ཡིག་ནུས་རྩལ་མཐོར་འདེགས་པ་ལྷག་གིས་རང་དབང་ཆེ་ལ། ཁ་ཚོའི་སྐད་ཡིག་ཤེས་བྱ་ཇི་ལྟར་ཕུན་སུམ་ཚོགས་པ་ཞིག་ཡིན་ན། སྐད་ཡིག་ནུས་རྩལ་གྱི་འཕེལ་ཁ་དེ་ལྟར་མགྱོགས་ཤིང་མྱུར། གོ་བ་མ་སྐྱེས་ན་རྟོགས་པ་མི་སྐྱེ། ཉ་ཆུ་ལ་ཡོང་བ་ཡིན། སྐམ་ས་ལ་མི་ཡོང་། ཞེས་པ་ལྟར་གོ་བ་དང་རྟོགས་པཞེས་པ་གཉིས་གཅིག་འདུའི་ཕུང་བོ་ཞིག་ཡིན་ཡང་། སྐད་ཡིག་ཚན་ཁག་གི་མདུན་མའི་གཞི་རྩའི་དམིགས་ཡུལ་ནས་འཆད་ནའང་། སློབ་མར་སྐད་ཡིག་གི་ནུས་རྩལ་བསླབ་པར་བྱ་རྒྱུ་དེ་ཡིན་པ་ལས། སྐད་ཡིག་གི་ཤེས་བྱ་ཁོ་ན་ཁྲིད་པ་ཙམ་མིན། སློབ་མ་ཞིག་གིས་སྐད་ཡིག་ཤེས་བྱ་བསླབས་ཏེ། གོ་བ་དང་བརྡ་སྤྲོད་ཀྱི་གཞུང་ལུགས་ཙམ་ཤེས་ཀྱང་རྟོགས་དགོས་པའི་ཡིག་ཆའི་རྒྱུ་ཆ་མི་ཤེས་ཤིང་འབྲི་དགོས་པའི་རྩོམ་ཡིག་ཀྱང་འབྲི་མི་ཤེས་ན་དེ་སྐད་ཡིག་ཤེས་སོང་ཞེས་བཤད་མི་རུང་། ང་ཚོས་ངེས་པར་དུ། སློབ་མ་རྣམས་ལ་སྐད་ཆའི་སྦྱོང་བརྡར་བྱེད་དུ་འཇུག་དགོས་པ་ལས། སྐད་ཆའི་ཤེས་བྱ་སྐོར་ཁོ་ན་བསླབ་ན་ཆོག་པ་མ་རེད། སྐད་ཆ་བཀོལ་སྤྱོད་བྱེད་པའི་མི་ཞིག་བསྐྱེད་བསྲིང་བྱ་དགོས་པ་ལས། སྐད་ཆ་བཤད་མཁན་ཞིག་སྐྱོང་དགོས་པ་མིན་པ་ཤེས་དགོས་སོ། 
 སྐད་ཆ་དང་བསམ་གཞིིག  སྐད་ཡིག་ཚན་ཁག་ནི། སྐད་བརྡ་རིག་པ་ཡིན་པ་དང་མཉམ་དུ་བསམ་གཞིག་རིག་པ་ཞིག་ཀྱང་ཡིན། དེ་ཡོ་བྱད་རང་བཞིན་དང་བསམ་བློའི་རང་བཞིན་གྱི་ངོས་འཛིན་དང་འདྲ་བར།   དེ་ལྟ་བར་ངོས་འཛིན་ཚུལ་ཀྱང་སྐད་ཡིག་ཚན་ཁག་གི་ངོ་བོའི་ལྟ་ཚུལ་གྱི་རིགས་ཤིག་ཡིན། སྐད་ཡིག་སློབ་འཁྲིད་ཀྱི་གོ་རིམ་ཁྲོད་དུ་སྐད་ཆ་དང་བསམ་གཞིག་གཉིས་ལ་མཐོང་སྣང་འདྲ་མཚུངས་འཛིན་པ་ནི། ཕྱི་ནང་རྒྱལ་ཁབ་མང་པོའི་སྣང་ཚུལ་ཡིན་ལ། འཛམ་གླིང་རང་བཞིན་ཅན་གྱི་ཁ་ཕྱོགས་ཀྱང་རེད། སྔོན་ཆད་ང་ཚོས་བསམ་བློ་དང་བརྡ་སྤྲོད་ཀྱི་འབྲེལ་བ། ཀློག་པ་དང་རྩོམ་པའི་གོ་གནས། འཆད་པ་སྦྱངས་བའི་བསྡུར་ཚད།   སྐད་ཆའི་རྒྱུ་རྐྱེན་དང་རྩོམ་རིག་རྒྱུ་རྐྱེན་བཅས་མཁྲེགས་འཛིན་ལས། སྐད་ཆ་དང་བསམ་གཞིག་སོ་སོའི་གོ་གནས་དང་ཕན་ཚུན་གྱི་འབྲེལ་བར་བརྟེན་ནས་གྲོས་བསྡུར་བྱེད་པ་ཉུང་བ། དེ་ནི། ང་ཚོས་སྐད་ཡིག་ཚན་ཁག་གི་ངོ་བོའི་འབྲེལ་བ་ལངོས་འཛིན་མི་འདང་བའི་གནད་དོན་ཞིག་རེད།
ཐོག་མར། སྐད་ཆ་དང་བསམ་གཞིག་གཉིས་ཀྱིས་སྐད་ཡིག་ཚན་ཁག་གི་ཁྲོད་དུ་གོ་གནས་ཧ་ཅང་ཆེན་པོ་ཞིག་བཟུང་ཡོད་པ། དེ་ནི། སྐད་ཡིག་ཚན་ཁག་གི་དམིགས་ཡུལ་གྱི་ཆ་ནསབལྟས་ན་བདེན་དཔང་བྱེད་ཐུབ།   མདོར་བསྡུས་ན། སྐད་ཡིག་ཚན་ཁག་གི་དམིགས་ཡུལ་ནི་གསུམ་ཡོད་དེ། ཤེས་བྱ་དང་ནུས་པ། བསམ་བློ་བཅས་ཡིན། བསམ་བློའི་དམིགས་ཡུལ་གཙོ་བོ་ཡིན་དགོས་ཀྱང་། དེ་ནི། སློབ་དེབ་དུ་གཞི་འཛིན་སར་བསྒྲིགས་པ་མིན་པར། ཤེས་བྱ་དང་ནུས་པ་གཉིས་དམིགས་དོན་གཙོ་བོར་བཟུང་སྟེ། སྐད་ཆའི་ཤེས་བྱ་དང་གཏན་ཚིགས་ཤེས་བྱ། སྐད་ཆའི་ནུས་པ་དང་བསམ་གཞིག་ནུས་པ་བཅས་ཡིན། ཤེས་བྱ་དང་ནུས་པ་གཉིས་ཀྱི་ཁྲོད་ནས་ཀྱང་།   སྐད་ཆའི་ནུས་པ་དང་བསམ་གཞིག་གྱི་ནུས་པ་གཉིས་ཀྱིས་ཁྱད་པར་ཅན་གྱི་གོ་གནས་བཟུང་ཡོད་པར་གདོན་མི་ཟའོ།  དེ་ནི། སྐད་ཡིག་ཚན་ཁག་གིས་སྐད་ཆ་བེད་སྤྱོད་བྱེད་ཤེས་པ་དང་། བསམ་བློ་གཏོང་ཤེས་པའི་མི་བསྐྱེད་བསྲིང་བྱ་དགོས་པ་ལས། སྐད་ཆ་རིག་པ་བ་དང་གཏན་ཚིགས་རིག་པ་བ་ཙམ་ཞིག་བསྐྱེད་བསྲིང་བྱ་དགོས་པ་མིན་པ་གསལ་བར་གཏན་པ་རེད།
དེ་ན།   ང་ཚོས་སྐད་ཆ་དང་བསམ་བློའི་འབྲེལ་བ་ལ་ངོས་འཛིན་ཇི་ལྟར་བྱ་ཞེ་ན།   དེ་གཉིས་ཀྱི་འབྲེལ་བ་དམ་པ་རེད། སྐད་ཡིག་ཚན་ཁག་གི་སློབ་མས་སློབ་སྦྱོང་ལེགས་པོ་ཞིག་བྱ་རྒྱུ་ལས་གཞན། བསམ་གཞིག་ཀྱང་གཏོང་ཤེས་དགོས་པ་རེད། དེའི་ཕྱིར། སྐད་ཆ་འཕེལ་རྒྱས་གཏོང་དགོས་ལ་བསམ་གཞིག་གཏོང་བའང་འཕེལ་རྒྱས་སུ་གཏོང་བ་དེ་གཉིས་ཟུང་འབྲེལ་བྱ་རྒྱུ་ནི་སྐད་ཡིག་ཚན་ཁག་གི་ཁྱད་ཆོས་ཆེན་པོ་ཡིན།   ཅི་ཞིག་ལ་ལྟ་ཀློག་ཟེར་ཞེ་ན། དེ་ནི། དཔེ་ཀློག་གི་སྐད་ཆ་བརྒྱུད་ནས་རྩོམ་པ་པོའི་བྱ་དངོས་དང་བསམ་བློ་མཚོན་པར་བསམ་གཞིག་གཏོང་བ་ཡིན་ལ།   སྐད་ཆ་དང་བསམ་གཞིག་གཉིས་སྦྲགས་བྱས་པའི་མིག་ཤེས་ཀྱི་བྱ་འགུལ་ཞིག་ཡིན། ཅི་ཞིག་ལ་སྐད་ཆར་ཉན་པ་ཞེ་ན། ངག་བརྡ་བརྒྱུད་ནས་བཤད་མཁན་གྱིས་འཆད་པའི་ནང་དོན་ལ་བསམ་གཞིག་བྱེད་པའི་བྱ་འགུལ་ལ་ཟེར། འཆད་པ་དང་རྩོམ་པ་གཉིས་ཀྱང་། ངག་བརྡ་དང་དཔེ་ཐོག་གི་སྐད་ཆ་བརྒྱུད་ནས་རང་ཉིད་ཀྱི་བསམ་གཞིག་བཏང་བའི་འབྲས་བུ་མཚོན་པ་དང་སྐད་ཆ་དང་བསམ་གཞིག་གཉིས་སྦྲགས་ཀྱི་ཤེས་རྟོགས་ཀྱི་གོ་རིམ་ཡིན་པས། དེ་དག་ཚང་མ་སྐད་ཆའི་བྱ་འགུལ་ཡིན་ལ། དེའི་མཚུངས་སུ་བསམ་གཞིག་གི་བྱ་འགུལ་ཀྱང་ཡིན་ནོ། །
      སྐད་ཡིག་ཚན་ཁག་གི་བྱ་འགུལ་དེ།   སྤྱིར་བཏང་དུ།   ཐད་ཀར་སྐད་ཆའི་བྱ་འགུལ་ཞིག་མཚོན་པ་ཡིན་ཕྱིར། ང་ཚོས་སྐད་ཆའི་སློབ་སྦྱོང་དང་དེས་བསམ་གཞིག་གི་འཕེལ་རྒྱད་ལ་སྐུལ་ལྕག་གཏོང་བའི་ནུས་པ་ལ་དོ་སྣང་ཆན་པོ་བྱེད་དགོས་པ་རེད། སྐད་ཆའི་སློབ་སྦྱོང་གིས་བསམ་གཞིག་འཕེལ་རྒྱས་སུ་གཏོང་བར་ནུས་པ་གལ་ཆེན་གསུམ་ལྡན་པ་སོ་སོ་གསལ་བོར་བཤད་ན།   (སྐད་ཆས་མིའི་བསམ་གཞིག་གི་འབྲས་བུ་ཕྱི་ཡུལ་ཅན་དུ་བསྒྱུར་ནས་མིའི་རིགས་འབྲེལ་འདྲིས་བྱེད་པའི་ཡོ་བྱད་ཆེས་གལ་ཆེན་ཞིག་ཏུ་འགྱུར་ཐུབ། (སྐད་ཆས་བསམ་བློ་གདམས་པ་དང་བརྗེ་རེས་ལ་སྐུལ་འདེད་བྱས་ཏེ།   བསམ་བློ་དེ་བརྗེ་རེས་ཁྲོད་དུ་ཕན་ཚུན་ལ་རྔོ་ཐོག་དུ་འཇུག་ཆོག   ()   མི་རྣམས་ཀྱི་སྐད་ཆའི་ནུས་པའི་འཕེལ་རྒྱས་དེས། བསམ་གཞིག་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་ཅན་གྱི་སྐུལ་མའི་ནུས་པ་ཞིག་ཏུ་འགྱུར་བར་བྱ་ཐུབ། དེར་བརྟེན། སྐད་ཆའི་ཚན་ཁག་གི་བསམ་གཞིག་སྦྱོང་བརྡར་དེ། སྤྱིར་བཏང་དུ།   སྐད་ཆ་སྦྱོང་བརྡར་བརྒྱུད་ནས་མངོན་འགྱུར་བྱ་དགོས་ཤིང་། (བསམ་གཞིག་སྦྱོང་བརྡར་དེར་སྐད་ཆ་ལས་གཞན་ལག་བརྡ་དང་བརྡ་རྟགས། བརྙན་པར། སྒྲ་གྲགས་པ་ལ་སོགས་པས་ཀྱང་མངོན་འགྱུར་བྱ་ཐུབ)དེ་ནི་དགོངས་པ་དེ་སྐད་ཡིག་ཚན་ཁག་གིས་སྤྱིར་བཏང་བརྡ་སྤྲོད་ཀྱིས་མངོན་འགྱུར་བྱེད་པའི་དཔེ་དང་མཚུངས་སོ།     སྐད་ཆ་དང་བསམ་གཞིག་འབྲེལ་བ་ནི་གཞུང་ལུགས་གནད་དོན་གལ་ཆེན་ཞིག་ཡིན་པ་སྨྲས་མ་དགོས་པ་རེད།   ཀླད་སྟོབས་རིག་པ་ད་དུང་བླ་ལྷག་གིས་གོང་འཕེལ་དུ་མ་སོང་གོང་ངོས་ཟིན་པ་ཅུང་དཀའ་བ་ཡིན། ཡིན་ནའང་། སྐད་ཡིག་ཚན་ཁག་གི་གནད་དོན་གཙོ་བོ་ནི། སྐད་ཆའི་སློབ་སྦྱོང་དང་བསམ་གཞིག་འཕེལ་རྒྱས་སུ་གཏོང་བའི་གནད་དོན་དེ། སྐད་ཆ་དང་བསམ་གཞིག་གི་དོན་དངོས་ཕྱོགས་ཡིན་གྱི་གཞུང་ལུགས་ཀྱི་ཕྱོགས་ཙམ་མིན་ནོ། །
    སྐད་ཆ་དང་བསམ་གཞིག་སྦྱོང་བརྡར་གྱི་ནང་དོན་དང་གོ་རིམ། ཐབས་བཀོད། གདེང་འཇོག་གི་ཚད་ཐིག་བཅས་འདིར་བརྗོད་པ་མིན་པར་དེ་དོན་གཞན་ལས་ཤེས་པར་བྱ་དགོས་སོ། 
   སྐད་ཆ་དང་རྩོམ་རིག  སྐད་ཡིག་ཚན་ཁག་གི་ཐོག་མཐའ་བར་གསུམ་གྱི་རྩ་བའི་རྒྱུ་རྐྱེན་ལ་བལྟས་ན། དེ་ནི་སྐད་བརྡའི་རིག་པ་ཞིག་ཡིན་ལ། དེར་རྩོམ་རིག་རིག་པའི་རྒྱུ་རྐྱེན་ཞིག་ཀྱང་ལྡན་པ་རེད།   གལ་ཏེ་ང་ཚོས་རིམ་པ་མི་འདྲ་བར་བགོས་ནས་བལྟས་ན། སློབ་ཆུང་ལོ་རིམ་(དང་པོ། གཉིས་པ)ནི་ཡི་གེ་ཚོགས་གསུམ་སྒྲ་སྦྱོར་གཙོ་བོའི་སློབ་ཚན་ཡིན་ལ། གསུམ་པ་ནས་མཐོ་རིམ་དང་པོའི་བར་སྐད་བརྡ་ཁྲིད་པ་གཙོ་བའི་ཚན་ཁག་ཡིན།   མཐོ་འབྲིང་གཉིས་པ་དང་གསུམ་པ་ནི་རྩོམ་རིག་སློབ་འཁྲིད་བྱེད་པ་གཙོའི་སྐད་ཡིག་ཚན་ཁག་ཡིན། ཚིག་འབྲུ་སློབ་འཁྲིད་གཙོ་བོ་དང་། སྐད་བརྡ་སློབ་འཁྲིད་གཙོ་བོའི་དུས་མཚུངས་སུའང་རྩོམ་རིག་སློབ་འཁྲིད་ཀྱི་གྲུབ་ཆ་ནམ་ཡང་འདུས་པ་ཡིན་སྟབས། དེ་ཡང་། སྐད་བརྡ་དང་རྩོམ་རིག་སོ་སོའི་གོ་གནས་དང་འབྲེལ་བའི་གནད་བྱུང་བའི་རྐྱེན་ཡིན།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号