སློབ་ཚན་འདི་ནི་ས་བབ་ཆགས་ཚུལ་གྱི་རྩོམ་ཡིག་ཅིག་ཡིན་ལ། ཐོག་མར་སྔོན་རབས་མཁས་པས་བོད་ཀྱི་ས་བབ་ཐད་བྲིས་པའི་སྡོམ་ཚིག་ཡིད་ལ་ངེས་པའི་རྨང་གཞིའི་ཐོག བོད་ཀྱི་ས་བབ་ཀྱི་ཆགས་ཚུལ་དང་རྣམ་པ། ཁྱད་ཆོས་གང་འདྲ་ཡིན་པ་ཡིད་ལ་ངེས་དགོས།
སྟོད་མངའ་རིས་བསྐོར་གསུམ་རྫིང་དང་འདྲ།
ཤྭ་དགོ་བ་ལ་སོགས་རི་དྭགས་ཡུལ་།
བར་དབུས་གཙང་རུ་བཞི་ཡུར་བ་འདྲ།
སྤྲེའུ་བྲག་སྲིན་ལ་སོགས་གནས་པའི་ཡུལ།
སྨད་མདོ་ཁམས་སྒང་དྲུག་ཞིང་དང་འདྲ།
བྱ་གླང་ཆེན་འདབ་ཆགས་ལ་སོགས་གནས་པའི་ཡུལ།
ལོ་ངོ་ཆིག་ཁྲི་ལྷག་གི་སྔོན་དུ་བོད་ཀྱི་ས་ཆ་འདི་ཆུས་བཀང་བའི་རྒྱ་མཚོ་ཆེན་པོ་ཞིག་ཡིན་ལ། དེ་ནས༌རིམ་བཞིན་ཆུ་རྣམས་བྲི་བས་སྐམ་སའི་རྣམ་པ་ཐོན་པར་བཤད། ས་མཐོ་འདི་རྒྱ་མཚོའི་ངོས་ལས་བརྩིས་ན་མཐོ་ཚད་སྤྱི་ཁྲི་ཉིས་སྟོང་ཙམ་ཡིན་ལ། སའི་ཆགས་ཚུལ་ཡང་ཤར་ལྷོ་གཉིས་དམའ་ཞིང་ནུབ་ཕྱོགས་ཅུང་མཐོ།ཡིན་ནའང༌། ད་བར་དུ་མི་ལོ་སྟོང་ཕྲག་མང་བོའི་ནང་ས་ཤུན་ལ་འགུལ་བསྐྱོད་བྱུང་བས་སའི་གནས་བབ་ལ་ཡང་འགྱུར་ལྔོག་བྱུང་དང་འབྱུང་བཞིན་འདུག་ལ་མི་རྣམས་ཀྱིས་འཛམ་གླིང་ཡང་རྩེ་མཚོ་བོད་མཐོ་སྒང་ཞེས་ཀྱང་འབོད།མཐོ་སྒང་འདི་ཡང་ཡ་གླིང་སྐམ་ས་ཆེན་པོའི་ལྷོ་ཕྱོགས་སུ་ཁ་དོག་སེར་སྐྱ་དང་ལྡན་པའི་ས་གཞི་དེའི་དབྱིབས་རྔ་མོ་དང་འདྲ་ལ། ཁོངས་གཏོགས་སུ་བོད་ལྗོངས་དང་མཚོ་སྔོན།ཀན་སུའི་ཞིང་ཆེན་གྱི་ནུབ་ལྷོ་ཁུལ། སི་ཁྲོན་ཞིང་ཆེན་གྱི་ནུབ་རྒྱུད།ཡུན་ནན་ཞིང་ཆེན་གྱི་ཁག་ཅིག་བཅས་ཚུད་ལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་ཉིས་བརྒྱ་ལྷག་ཡོད།མཐོ་སྒང་འདི་གྲུབ་ཚུལ་གྱི་ཆ་ནས་རི་བོ་དང་གཅོང་རོང༌། གཤོང་ས། གཤོང་ཆེན་བཅས་ཀྱིས་གྲུབ་ཅིང༌། ནུབ་ལྷོའི་མཐའ་རྒྱུད་དང་བྱང་ངོས།ནུབ་བྱང༌། ཤར་ཕྱོགས་བཅས་སུ་རི་བོ་ཧི་མ་ལ་ཡ་དང་ཁུ་ནུ་རི་རྒྱུད། ཁུ་ནུ་རི་བོ་སོགས་བསྟར་དུ་བསྒྲིགས་ལ། དབུས་སུ་གངས་ཏི་སེ་དང་གཉན་ཆེན་ཐང་ལ། གདང་ལ་རི་བོ་བཅས་ཆགས་ཡོད་པས། རི་རྒྱུད་མཐོན་པོ་འདི་རིགས་ནི་མཐོ་སྒང་གི་ས་གཤིས་གྲུབ་བྱེད་རུས་སྒྲོམ་ལྟ་བུ་ཡིན། གཞན་ཡང་ནས་འདིར་ད་དུང་འཁྱག་རོམ་དང་།བྲག་ཕུགབྱེ་ཀླུང་བཅས་ཀྱི་ས་གཤིས་ཀྱང་ཡོད་ལ་གཅོང་རོང་ལུང་ཤུར་ཡང་ཧ་ཅང་མང༌།
བསམ་གཞིག སྦྱང་གཞི།
གཅིགགཤམ་གྱི་ཚིག་ཉན་འབྲི་བྱེད་དགོས།སྟོད་མངའ་རིས་བསྐོར་གསུམ་རྫིང་དང་འདྲ།བར་དབུས་གཙང་རི་བཞི་ཡུར་བ་འདྲ།སྨད་མདོ་ཁམས་སྒང་དྲུག་ཞིང་དང་འདྲ།
གཉིས།གཤམ་གྱི་དྲི་བར་ལན་འདེབས་དགོས།
༡.བོད་ཀྱི་ས་ཆ་འདི་མ་ཆགས་ཡར་སྔོན་དུ་ག་འདྲ་ཞིག་ཡིན།
༢. བོད་ཀྱི་སའི་ཆགས་ཚུལ་ལ་ཁྱད་ཆོས་གང་དག་ཡོད་པ་དང༌།ཆགས་དབྱིབས་ག་འདྲ་ཞིག་ཡིན། |