ད་སྔ་གཟིགས་བཞིན་པ།  མདུན་ངོས། > གཞུང་ལུགས་ཞིབ་འཇུག > བོད་ཡིག
༄༅། །མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བའི་སྐོར།
སྤེལ་དུས།04-30  ཡོང་ཁུངས།  རྩོམ་པ་པོ།ཕུན་ཚོགས་དབང་རྒྱལ།
༡༠མི་རིགས་རིང་ལུགས་དང་རྒྱལ་གཅེས་རིང་ལུགས་སྐོར།མི་རིགས་མང་པོའི་རྒྱལ་ཁབ་ཏུ།མི་རིགས་རིང་ལུགས་དང་མི་རིགས་གནད་དོན་དེ་རྟག་ཏུ་རྒྱལ་གཅེས་རིང་ལུགས་དང་སྦྲེལ་ནས་ཡོད།འོན་ཏེ་འདི་གཉིས་གནད་དོན་གཅིག་མིན།མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་སྨྲ་བས་རྒྱལ་ཁབ་ཀྱི་ངོ་བོར་དབྱེ་ཞིབ་གསལ་བོ་བྱས་ཡོད་པ་འདི་ལྟར།རྒྱལ་ཁབ་ཀྱི་བྱེད་ནུས་ལ་ཕྱོགས་མང་པོ་ཞིག་ཡོད་མོད།གཙོ་བོ་ནི་དུས་རབས་སོ་སོའི་་རྒྱལ་ཁབ་གང་དེའི་དབང་བསྒྱུར་གྲལ་རིམ་གྱི་དབང་བསྒྱུར་ལས་ཁུངས་དང་སྤྱི་ཚོགས་སྡེ་ཚན་སོ་སོའི་དོ་དམ་ལས་ཁུངས་དག་གིས་སྤྱི་ཚོགས་འཚོ་བའི་ཁྱབ་ཁོངས་སོ་སོ་རྒྱུན་ལྡན་ཡོང་བར་འགན་སྲུང་བྱེད་པ་དེ་ཡིན།མི་རིགས་མང་པོའི་རྒྱལ་ཁབ་ཏུ།རྒྱལ་ཁབ་ཀྱིས་མི་རིགས་གནད་དོན་ཐག་གཅོད་པའི་སྐབས།བྱེད་ནུས་གཙོ་བོ་དེ་ནམ་ཡིན་ཡང་དབང་བསྒྱུར་མི་རིགས་དང་དབང་བསྒྱུར་གྲལ་རིམ་དབང་བསྒྱུར་ལས་ཁུངས་ཀྱིས་མཚོན་ཞིང་འདུགགོང་གསལ་ནི་རྒྱལ་ཁབ་ཀྱི་ངོ་བོའོ།།དུས་རབས་རེ་རེའི་དབང་བསྒྱུར་བསམ་བློ་དེ་ཡང་དབང་བསྒྱུར་གྲལ་རིམ་དང་དབང་བསྒྱུར་ཚོགས་པའི་བསམ་བློ་ཡིན་ཞིང༌།དབང་བསྒྱུར་གྲལ་རིམ་གྱི་རྩ་བའི་ཁེ་ཕན་མཚོན་གྱིན་ཡོད།མི་རིགས་མང་པོའི་རྒྱལ་ཁབ་ཏུ།མི་རིགས་གནད་དོན་སྟེང་གི་དབང་བསྒྱུར་བསམ་བློ་དེ་ཡང་དུས་རབས་དེའི་རྒྱལ་ཁབ་ཀྱི་དབང་བསྒྱུར་མི་རིགས་དེའི་དབང་བསྒྱུར་གྲལ་རིམ་གྱི་བསམ་བློ་ཡིན་པས།དབང་བསྒྱུར་མི་རིགས་དེའི་དབང་བསྒྱུར་གྲལ་རིམ་གྱི་རང་སྟེང་གི་ཁེ་ཕན་དང་རྒྱང་རིང་གི་ཁེ་ཕན་མཚོན་པ་ཡིན།དེའི་ཕྱིར།སྤྱིར་བཏང་བཤད་པའི་རྒྱལ་གཅེས་རིང་ལུགས་ཞེས་པ་དེའི་ངོ་བོ་ནི་དུས་རབས་དེའི་དབང་བསྒྱུར་གྲལ་རིམ་གྱི་བསམ་བློ་དང་སེམས་ཁམས་གཅིག་འདུས་ཀྱིས་མཚོན་པ་ཞིག་ཡིན།འདི་ནི་དུས་རབས་སོ་སོའི་དབང་བསྒྱུར་གྲལ་རིམ་དང་དབང་བསྒྱུར་ཚོགས་པས་རྒྱལ་གཅེས་རིང་ལུགས་ནན་བཤད་དང་དེའི་དར་ཆ་མཐོན་པོར་བསྒྲེངས་བ་དང་དེ་ཉིད་བླ་མེད་ཅིག་ཏུ་བརྩི་བའི་རྒྱུ་རྐྱེན་ནོ།།ཡིན་ན་ཡང༌།རྒྱལ་ཁབ་ཅིག་ལ་རྒྱལ་ཁབ་གཞན་ཞིག་གིས་བཙན་འཛུལ་བྱས་པའི་ཚེ་ན།བཙན་འཛུལ་མྱོང་བའི་རྒྱལ་ཁབ་དེའི་མི་རིགས་སོ་སོ་དང་གྲལ་རིམ་སོ་སོ།རིམ་པ་སོ་སོའི་ཁེ་ཕན་ལ་ཕོག་ཐུག་གཏོང་ངེས།སྐབས་འདི་དག་ཏུ།རྒྱལ་ཁབ་དེའི་དབང་བསྒྱུར་གྲལ་རིམ་དང་སྲིད་གཞུང་གིས་ཚད་ངེས་ཅན་ཞིག་གི་སྟེང་ནས་མི་མང་ཡོངས་ཀྱི་ཁེ་ཕན་གྱི་ཚབ་བྱེད་ཐུབ་པ་ཡིན།འདི་ལྟའི་ལོ་རྒྱུས་ཀྱི་ཆ་རྐྱེན་འོག་བཙན་འཛུལ་དང་གཉའ་གནོན་མྱོང་བའི་མི་རིགས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས།རང་གི་རྒྱལ་ཁབ་དང་མི་རིགས་རང་བཙན་གྱི་ཆེད་དུ་འཐབ་རྩོད་བྱས་པ་དེར་རླབས་ཆེ་བའི་དོན་སྙིང་ལྡན་པ་ཡིན།  དེའི་ཕྱིར།  རྒྱལ་གཅེས་རིང་ལུགས་ཀྱི་གོ་དོན་འདི་གཙོ་ཆེ་བ་དབང་བསྒྱུར་གྲལ་རིམ་གྱི་བསམ་བློར་བཤད་མོད།ངེས་པར་དུ་རྒྱལ་ཁབ་ཆེན་པོ་དང་སྟོབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་དང་རྒྱལ་ཁབ་ཆུང་བ་དང་གཉོམ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་དབྱེ་བ་ཕྱེས་དགོས་ཏེ།སྔ་མར་བཙན་འཛུལ་རང་བཞིན་་་་དང་བྲན་བཀོད་རང་བཞིན་གྱི་བདེན་དོན་མ་ཡིན་པའི་དམིགས་ཡུལ་ལྡན་ཞིང༌།ཕྱི་མར་བཙན་འཛུལ་ལ་འགོག་རྒོལ་དང་རང་སྲུང་རང་བཞིན་གྱི་ཚད་ངེས་ཅན་ལྡན་པས་བདེན་དོན་གྱི་ནང་དོན་འདུས།དེའི་དབང་གིས།དམངས་གཙོ་རིང་ལུགས་དང་ལྷག་པར་དུ་སྤྱི་ཚོགས་རིང་ལུགས་པ་ཞིག་ལ་མཚོན་ན།རྒྱལ་གཅེས་གནད་དོན་ཐད་ཉམ་ཆུང་དང་བཙན་འཛུལ་མྱོང་བའི་རྒྱལ་ཁབ་ཀྱི་ཕྱོགས་སུ་ལངས་འོས་སོ།།
སྤྱི་ཚོགས་རིང་ལུགས་དང་དམངས་གཙོ་རིང་ལུགས་ཀྱི་རྒྱལ་ཁབ་ངོ་མ་ཞིག་ཏུ། གསར་བརྗེའི་འོག་རིམ་མི་དམངས་དེ་སྤྱི་ཚོགས་ཀྱི་བདག་པོར་གྱུར་ནས་དབང་བསྒྱུར་གྲལ་རིམ་ཏུ་ཆགས་པའི་གནས་སྐབས་ན།རྒྱལ་ཁབ་་ཀྱི་གྲལ་རིམ་རང་བཞིན་དང་བྱེད་ནུས་གཙོ་བོ་དེ་གོང་འགྲེལ་གྱི་དོན་དང་གཞི་ནས་ཁྱད་པར་ཡོད།དེར་བརྟེན།རྒྱལ་གཅེས་རིང་ལུགས་དངོས་དང་རྒྱལ་རབས་སོ་སོའི་གོང་རིམ་དབང་བསྒྱུར་གྲལ་རིམ་གྱི་རྒྱལ་གཅེས་རིང་ལུགས་གཉིས་ཡེ་ནས་འདྲ་ས་མེད་ཅིང་གཅིག་ཏུ་བསྡུར་ཐབས་མེད།དེ་དང་མཚུངས་པར།སྤྱི་ཚོགས་རིང་ལུགས་དང་དམངས་གཙོ་རིང་ལུགས་ཀྱི་རྒྱལ་ཁབ་ངོ་མ་ཞིག་ཏུ།ཁྲིམས་དབང་གི་སྟེང་ནས་མི་རིགས་གཉའ་གནོན་ལམ་ལུགས་མེད་པར་བཟོས་ཤིང༌།མི་རིགས་འདྲ་མཉམ་གྱི་རྨང་གཞིའི་སྟེང་མི་རིགས་རང་སྐྱོང་ལམ་ལུགས་སྣ་ཚོགས་ལག་བསྟར་བྱས་པས།  རྒྱལ་ཁབ་ཀྱིས་མི་རིགས་གནད་དོན་ཐད་ཀྱི་བྱེད་ནུས་གཙོ་བོ་དེའང་གོང་གི་གནས་ཚུལ་དང་གཅིག་འདྲ་མིན།འདི་ལས་ཤེས་རྟོགས་ཐུབ་པ་ནི།རྒྱལ་གཅེས་རིང་ལུགས་ཀྱི་མི་རིགས་རང་བཞིན་དང༌། གྲལ་རིམ་རང་བཞིན།སྤྱི་ཚོགས་རང་བཞིན།རྒྱལ་ཁབ་རང་བཞིན།དུས་རབས་རང་བཞིན་སོགས་མི་དབྱེ་བ་དང༌།ལྷག་པར་དུ་རྒྱལ་ཁབ་ཆེན་པོ་དང་སྟོབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་དང་རྒྱལ་ཁབ་གཉོམ་ཆུང་དང་ཆུང་བའི་རྒྱལ་གཅེས་རིང་ལུགས་ཀྱི་དབྱེ་བ་མི་འབྱེད་པར།དཀར་ནག་མཉམ་བསྲེས་དང་དོན་སྤྱི་ཙམ་གྱིས་རྒྱལ་གཅེས་རིང་ལུགས་ནན་བཤད་དང་འུད་བསྟོད་བྱེད་པ་དེར་རྒྱུ་མཚན་ཅི་ཡང་མེད་ཅིང་འོས་པ་ཞིག་ཀྱང་མིན།གཞན་དུ་ན།ཚུལ་ལྡན་གྱི་མི་རིགས་བརྩེ་དུང་དང་སྤྱིར་བཏང་གི་རྒྱལ་གཅེས་རིང་ལུགས་གཉིས་ཕན་ཚུན་འདྲེས་ཤིང་བསྣོལ་མར་གནས་པ་ཞིག་ཏུ་མཐོང་མོད།དོན་དངོས་སྟེང་འདི་གཉིས་ཀྱི་གོ་དོན་མི་འདྲ་བ་དང་བསྟན་དོན་ཡང་སོ་སོ་་བ་ལགས།མདོར་ན།དམངས་གཙོ་རིང་ལུགས་པ་ཞིག་དང་ལྷག་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་མར་ཁེ་སི་རིང་ལུགས་པ་ཞིག་ཡིན་ཕྱིན།རྒྱལ་གཅེས་རིང་ལུགས་ཀྱི་གནད་དོན་ཐད།དེའི་ངོ་བོ་དང་ནང་དོན་ལ་ཤེས་རྟོགས་ཅུང་ཙམ་་་ཡོད་དགོས་ཤིང༌།དབྱེ་བ་འབྱེད་ཤེས་དགོས་པ་ལས་གཅིག་ཆོད་ཀྱིས་ཡིན་མིན་སྒྲུབ་པ་སོགས་བྱེད་མི་རུང་ངོ༌།།
༡༡མི་རིགས་གནད་དོན་ཁྲོད་ཀྱི་རང་གིས་མི་འདོད་པ་གཞན་ལ་མི་སྦྱོར་པའི་གནད་དོན་སྐོར།རང་གིས་མི་འདོད་པ་གཞན་ལ་མ་སྦྱོར་ཅེས་པའི་ཚིག་འདི་ནི་ཁུང་ཙིས་གསུངས་པ་ཡིན།ལོ་ན་གཞོན་པའི་མར་ཁེ་སི་དང་ཨིན་ཀི་སི་རྣམ་གཉིས་ཧེ་ཀེལ་གྱི་སེམས་གཙོ་རིང་ལུགས་ཀྱི་ལྟ་བ་ནས་དངོས་གཙོ་རིང་ལུགས་སུ་འགྱུར་བའི་དུས་སུ།ཁོང་རྣམ་གཉིས་ལ་བག་ཆགས་ཟབ་མོ་བཞག་པའི་ཧྥེ་ཨེར་པ་ཁུས(Feuerbach)བརྩམས་པའི《ཆོས་ལུགས་ཀྱི་ངོ་བོར་དཔྱད་པ》ཞེས་པའི་དེབ་ཏུ(མཆནཧྥེའི་ཨེར་པ་ཁུའི་ལྟ་བས་འཇིག་རྟེན་ལྷས་བསྐྲུན་པ་ཁས་མི་ལེན་པའི་སངས་རྒྱས་ཆོས་ལུགས་བསྡུ་མི་ཐུབ་པ་འདྲ)།གསུང་འདི་ལ་གཟེངས་སུ་བསྟོད་མྱོང༌།གསུང་འདི་མི་རིགས་གནད་དོན་སྟེང་བཀོལ་ན།རང་གི་མི་རིགས་ཀྱིས་མི་རིགས་གཞན་གྱི་གཉའ་གནོན་དང་དབང་བསྒྱུར་བཟོད་བསྲན་བྱེད་མི་ཐུབ་པ་དང་མི་འོས་པ་དེ་བཞིན། མི་རིགས་གཞན་ལའང་གཉའ་གནོན་དང་དབང་བསྒྱུར་བྱེད་མི་འོས་ཞེས་པའི་དོན་ནོ།།འདི་ནི་ཀུན་ཀྱིས་དང་ལེན་བྱེད་འོས་པའི་ཚད་གཞི་ཡིན་ཞིང༌།མི་རིགས་དང་རིགས་རྒྱུད།གྲུབ་མཐའ་ཡང་ན་སྤྱི་ཚོགས་འཚོ་བའི་ཁྲོད་སྣང་ཆུང་དུ་སྐྱུར་མི་རུང་བའི་བདེན་དོན་ཞིག་གོ།།ནམ་རྒྱུན་ཡིན་ན་མི་རྣམས་ཀྱིས་གསུང་འདིའི་དོན་གོང་མར་ལག་ལེན་ཏུ་མྱོང་ཞིང་ཡོད། འོན་ཀྱང་དོན་་་རྗེས་མར་རྟག་ཏུ་སྣང་ཆུང་དང་ཐ་ན་རྒྱབ་འགལ་བྱེད་པ་ཡིན།མི་རིགས་མང་པོའི་རྒྱལ་ཁབ་ཏུ་འདིའི་ཕྱོགས་ཀྱི་་དཔེ་བགྲང་གིས་མི་ལང༌།རྒྱལ་ཁབ་གང་ཞིག་ལ་སྟོབས་ལྡན་རྒྱལ་ཁབ་ཞིག་གིས་བཙན་འཛུལ་བྱས་པ་ཡིན་ཚེ།རྒྱལ་ཁབ་དེའི་གཙོ་གཞི་མི་རིགས་དང་མི་རིགས་གཞན་དག་ལྷན་ཅིག་ཏུ་བཙན་འཛུལ་དང་གཉའ་གནོན་མྱོང་བའི་ལོ་རྒྱུས་ཀྱི་དུས་སྐབས་སུ་གནས། ཁོ་ཚོས་མཉམ་དུ་མི་རིགས་ཀྱི་རང་དབང་དང་བཅིངས་འགྲོལ་གྱི་ཆེད་དུ་དཔའ་ངར་ཞུམ་མེད་ངང་འཐབ་འཛིང་བྱེད་པའི་བརྒྱུད་རིམ་དུ།བསྔགས་འོས་བཀུར་འོས་ཀྱི་མི་སྣའང་མང་པོ་་ཞིག་བྱུང༌།འོན་ཀྱང་རྒྱལ་ཁབ་དེས་རྒྱལ་ཁ་བླངས་ནས་རང་དབང་རང་བཙན་ཐོབ་པའི་མོད་ལ།རྒྱལ་ཁབ་དེའི་་མི་རིགས་ཆེན་མོ་པ་དང་ཐ་ན་སྙན་གྲགས་ཆེ་བའི་སྐུ་ཚབ་མི་སྣས་ཀྱང༌།སྔ་མའི་རྒྱལ་ཤོར་དུས་སྐབས་སུ་མཉམ་སྡུག་མཉམ་རྩོད་བྱས་པའི་ཉམ་ཆུང་མི་རིགས་གཞན་དག་བརྗེད་དེ།འཚོ་བ་དངོས་ཀྱི་ཁྲོད་འདྲ་མཉམ་དུ་མི་བལྟ་བ་དང༌། ཤེས་མ་ཤེས་དང་མངོན་ལྐོག་དངོས་བརྒྱུད་གང་རུང་ནས་སྔར་བཞིན་མི་རིགས་ཆུང་བར་མཐོང་ཆུང་དང་བཙིར་གནོན་ཡང་ན་ཕྱི་ཚུལ་འགྱུར་བའི་དབང་བསྒྱུར་བྱེད་པ་ཡིན།དེ་ཡང་རང་གིས་མི་འདོད་པ་གཞན་ལ་མི་སྦྱོར་པ་ནི་མིན་ཏེ།རང་གིས་མི་འདོད་པ་གཞན་ལ་སྦྱོར་བར་བྱེད་དོ།།   འདྲ་མཉམ་དང་རང་དབང་ལ་སོགས་ཐ་སྙད་འདི་དག་ནི་དོན་ངོ་མར་རང་གི་མི་རིགས་ཁོ་ནའི་ལས་དབང་ཏུ་གོ་བ་ལས།རང་ལ་རང་དབང་དང་འདྲ་མཉམ་འཐོབ་རྗེས། ཉམ་ཆུང་མི་རིགས་གཞན་དག་ལ་རྩིས་མེད་སྣང་ཆུང་བྱེད་པ་ལས་རང་དབང་་་་་དང་འདྲ་མཉམ་སོགས་གླེང་ཙམ་ཡང་མི་བྱེད།ཐ་སྙད་གཅིག་དང་གོ་དོན་གཅིགཚད་གཞི་གཅིག་བཅས་རང་གཞན་ཕྱོགས་གཉིས་ལ་འཕྲད་དུས་དོན་འགྱུར་བ་དང་དོན་ལྡོག་པར་འགྱུར་འགྲོ་བ་ཡིན།སྤྱི་ཚོགས་འཚོ་བའི་ཁྲོད།མི་དང་མིའི་བར་ཚད་གཞི་གཅིག་ཡིན་དགོས་པ་ལས་གཉིས་བྱས་ཚེ་གཞན་གྱིས་དང་ལེན་བྱེད་དཀའ་བ་ཡིན།དེ་བཞིན་མི་རིགས་བར་དུའང་མཛའ་མཐུན་ངང་གནས་དགོས་ཚེ་ཚད་གཞི་གཉིས་བྱེད་མི་རུང༌།དེ་ལྟ་མིན་ཚེ།མི་རིགས་མཛའ་མཐུན་གླེང་བ་དེ་སྟོང་བཤད་ཁོ་ནར་གྱུར་པས་ནུས་པ་ལྡོག་པ་ཐོན་ངེས།ལེ་ཉིན་གྱིས།གུང་ཁྲང་ཏང་མི་དང་རྒྱལ་སྤྱི་རིང་ལུགས་པ་ཞིག་བྱེད་འདོད་ན།རང་མི་རིགས་ཁོ་ན་བསམ་་མི་རུང་སྟེ།མི་རིགས་ཡོད་ཚད་ཀྱི་ཁེ་ཕན་དང་སྤྱི་ཁྱབ་ཀྱི་རང་དབང་དང་འདྲ་མཉམ་དེ་རང་གི་མི་རིགས་ཀྱི་གོང་དུ་འཇོག་འོས།འདི་ལ་གཞུང་ལུགས་སྟེང་ཚང་མ་འཐད་པ་ཡིན་ཞིང༌།འོན་ཀྱང་ལག་ལེན་སྟེང་མི་ལ་ལས་མངའ་བསྡུ་རིང་ལུགས་པའི་སྣང་མེད་དུ་སྐྱུར་བའི་རྣམ་འགྱུར་སྟོན་ཀྱིན་ཡོད།འདི་ནི་དོན་ལ་བྱུས་ཉེས་འབྱུང་བའི་རྒྱུ་ཡིན།ཞེས་གསུངས་པ་ནི་གཟུ་བོའི་གཏམ་མོ།།མདོར་ན།རང་གིས་མི་འདོད་པ་གཞན་ལ་མ་སྦྱོར་ཞེས་པའི་བདེན་གཏམ་འདིར་མཚོན་ན།མི་རིགས་གནད་དོན་ཐད་གོང་དུ་སྨྲས་པ་བཞིན།རིགས་རྒྱུད་དང་གྲུབ་མཐའ།རྒྱལ་ཁབ་བར་གྱི་འབྲེལ་བ་དང༌།ཐ་ན་སྤྱི་ཚོགས་འཚོ་བའི་ཁྲོད་མི་དང་མིའི་བར་གྱི་འབྲེལ་བར་བསམ་བློ་བཏང་བའི་མོད་ལའང་བསླབས་བྱའི་རིན་ཐང་ཟབ་མོ་ཞིག་འདུགཕྱོགས་གང་དང་མི་སུ་ཡིན་ཡང༌།ཕ་རོལ་པོའི་མཐོང་ཆུང་དང་བརྙས་བཅོས་ལ་བཟོད་བསྲན་མི་བྱེད་པ་དེ་བཞིན།རང་གིས་ཀྱང་འདི་ལྟར་གཞན་ལ་ཐད་ཀར་རམ་ཡང་ན་འཚུལ་འཆོས་ཀྱི་ཐབས་སྣ་ཚོགས་བཀོལ་ནས་བརྙས་བསྐོ་བྱེད་མི་རུང༌།འདི་ནི་རང་གིས་མི་འདོད་པ་གཞན་ལ་མ་སྦྱོར་ཞེས་པའི་དོན་གྱི་སྙིང་བོ་ཡིན་ཞིང༌།འདི་ལྟའི་བསམ་བློའི་གོ་རྟོགས་དང་ཆབ་སྲིད་ལྟ་བ་ལྡན་ཚེ།ད་གཟོད་མི་རིགས་འདྲ་མཉམ་དང༌།མི་་་རིགས་རང་སྐྱོང༌།མི་རིགས་རང་བདགམི་རིགས་མཐུན་སྒྲིལ།རྒྱལ་ཁབ་གཅིག་གྱུར་སོགས་ཐ་སྙད་འདི་དག་གི་་དོན་གྱི་གནད་ལ་ཤེས་རྟོགས་བྱེད་ཐུབ་ཅིང༌། གཅིག་ཤེས་ཀུན་གྲོལ་གྱིས་རང་གི་བཤད་སྤྱོད་ཁྲོད་གོ་རྟོགས་མཐོར་རུ་འདེགས་ཐུབ་ཚེ།ཚད་ངེས་ཅན་ཞིག་གི་སྟེང་ནས་གནད་འདི་རང་གི་སྤྱོད་ལམ་དུ་ཞུགས་ཐུབ་བོ།།དེའི་ཕྱིར།རང་གིས་མི་འདོད་པ་གཞན་ལ་མི་སྦྱོར་པའི་རྨང་གཞིའི་སྟེང༌།མི་རིགས་སོ་སོ་དང་རིགས་རྒྱུད་སོ་སོ། གྲུབ་མཐའ་སོ་སོ་དང་རྒྱལ་ཁབ་བར་དུ་མང་བས་ཉུང་བར་རོགས་རམ་དང༌།ཆེ་བས་ཆུང་བར་སྲུང་སྐྱོབ། སྟོབས་དང་ལྡན་པས་ཉམ་ཆུང་ལ་རོགས་སྐྱོར་བྱེད་པའི་ཀུན་སྤྱོད་བཟང་པོ་བླ་མེད་ཅིག་ཆགས་ངེས།།
 
 

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号