ད་སྔ་གཟིགས་བཞིན་པ།  མདུན་ངོས། > གཞུང་ལུགས་ཞིབ་འཇུག > བོད་ཡིག
༄༅། །མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བའི་སྐོར།
སྤེལ་དུས།04-30  ཡོང་ཁུངས།  རྩོམ་པ་པོ།ཕུན་ཚོགས་དབང་རྒྱལ།
    ༧མི་རིགས་རང་གཙོ་དབང་ཆ་དང་རྒྱལ་ཁབ་རང་གཙོ་དབང་ཆ།མི་རིགས་མང་པོའི་རྒྱལ་ཁབ་ཏུ།རྒྱལ་ཁབ་ནང་ཁུལ་དུ་མི་རིགས་སོ་སོའི་རང་གཙོ་དབང་ཆ་དང་བདག་དབང་འདྲ་མཉམ་ཡིན་པར་བརྩི་སྲུང་བྱེད་པ་ནི།དམངས་གཙོ་རྩ་དོན་དེ་མི་རིགས་འབྲེལ་བའི་སྟེང་མངོན་པ་ཞིག་ཡིན།དེ་དང་ལྷན་དུ།ཕྱི་ལ་ཐུག་དུས་རྒྱལ་ཁབ་བར་གྱི་བདག་དབང་འདྲ་མཉམ་ཡིན་པར་ཁས་ལེན་པ་ནི།ནང་ཁུལ་དུ་མི་རིགས་སོ་སོའི་བདག་དབང་འདྲ་མཉམ་ཡིན་པ་རྨང་གཞིར་བྱས་པ་ཡིན།མི་རིགས་བར་གྱི་བདག་དབང་འདྲ་མཉམ་ཡིན་པར་བརྩི་སྲུང་བྱས་ཚེ།ད་གཟོད་རྒྱལ་ཁབ་བར་གྱི་བདག་དབང་འདྲ་མཉམ་ཡིན་པ་འགན་སྲུང་བྱེད་ཐུབ།འདི་གཉིས་ཀྱི་བར་ལ་རྒྱུ་དང་འབྲས་བུའི་འབྲེལ་བ་འདུགདེའི་ཕྱིར།རྒྱལ་ཁབ་ནང་ཁུལ་དུ་མི་རིགས་སོ་སོའི་བདག་དབང་འདྲ་མཉམ་ཡིན་པར་བརྩི་སྲུང་བྱེད་པ་དང༌།ཕྱི་ནས་རྒྱལ་ཁབ་བར་གྱི་བདག་དབང་འདྲ་མཉམ་ཡིན་པ་ཁས་ལེན་པ་ནི།མི་རིགས་འདྲ་མཉམ་དང་རྒྱལ་ཁབ་འདྲ་མཉམ་གྱི་གཞི་རྩའི་ནང་དོན་དང་ངོ་བོ་ཡིན།འདི་ནི་གནད་དོན་ལ་གཞུང་ལུགས་དང་གཏན་ཚིགས་ཀྱི་སྟེང་ནས་དབྱེ་ཞིབ་བྱས་པའི་སྡོམ་ཚིག་གོ།།ཡིན་ན་ཡང་གོམས་ལོབས་ཀྱི་དབང་གིས་སྤྱིར་བཏང་མི་རིགས་རང་གཙོ་དབང་ཆ་བཤད་པ་ཉུང༌།འོན་ཀྱང་གཞུང་ལུགས་རྩ་དོན་སྟེང་ནས་དབྱེ་ཞིབ་བྱས་པའི་མོད་ལ།གལ་ཏེ་མི་རིགས་འདྲ་མཉམ་རྨང་གཞི་བྱས་པའི་མི་རིགས་རང་བདག་དབང་ཆའི་རྩ་དོན་གོང་བཀུར་བྱེད་པ་ཞིག་ཡིན་ཚེ།གཏན་ཚིགས་སྟེང་ཐོབ་པའི་སྡོམ་ཚིག་ནི་མི་རིགས་སོ་སོར་རང་གཙོ་དབང་ཆ་ལྡན་པ་དེ་ཡིན།དེ་ལྟ་མིན་ཚེ།མི་རིགས་འདྲ་མཉམ་རྨང་གཞི་བྱས་པའི་མི་རིགས་རང་བདག་དབང་ཆའི་རྩ་དོན་དང་ནང་འགལ་བྱུང་ཡོད།རྩ་དོན་འདི་ལ་དངོས་བརྒྱུད་གང་རུང་ནས་མིན་པར་སྒྲུབ་འདོད་པ་ཞིག་ཡིན་ཚེ།དེས་བཤད་པའི་གཏམ་ཇི་ལྟར་སྙན་ནའང༌།རུས་པའི་གསེང་ན་རང་ཉིད་ཆེར་རློམས་ཀྱི་བཙན་དབང་རྒྱ་བསྐྱེད་རིང་ལུགས་ཀྱི་བསམ་བློ་བཅངས་ཡོད་པ་སྨོས་མི་དགོས།གོང་དུ་བསྟན་པ་བཞིན།དམངས་གཙོ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་རྣལ་མ་ཞིག་ཡིན་ཚེ།དམངས་གཙོ་རིང་ལུགས་ཀྱི་རྩ་དོན་ལྟར།ནང་ཁུལ་དུ་མི་རིགས་བར་གྱི་བདག་དབང་འདྲ་མཉམ་དང༌།ཕྱི་རུ་རྒྱལ་ཁབ་བར་གྱི་བདག་དབང་འདྲ་མཉམ་ཡིན་པ་ཁས་ལེན་སྲིད།རྒྱུ་མཚན་ནི་ཕྱི་འབྲེལ་སྲིད་ཇུས་ཡོད་ཚད་ནང་གི་སྲིད་ཇུས་ལས་བརྒྱུད་པ་ཡིན།དེའི་ཕྱིར།ནང་ཁུལ་མི་རིགས་བར་དུ་བདག་དབང་འདྲ་མཉམ་ཁས་ལེན་པ་དེས་མི་རིགས་འབྲེལ་བའི་སྟེང་ཡང་བཙན་དབང་མི་སྤྱོད་པ་ཁས་བླངས་པ་ཡིན་ཞིང༌།དེ་བཞིན་རྒྱལ་ཁབ་ཕྱི་འབྲེལ་ཐད་ཀྱང་བཙན་དབང་མི་སྤྱོད་པའི་ཁས་ལེན་ཡོད་དོ།།རྒྱུ་མཚན་འདིའི་དབང་གིས།རྒྱལ་ཁབ་འབྲེལ་བའི་སྟེང་བཙན་དབང་མི་སྤྱོད་པ་དེ་རྒྱལ་ཁབ་ནང་ཁུལ་དུ་མི་རིགས་བར་ལ་བཙན་དབང་མི་སྤྱོད་པ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་པ་ལགས།དེར་བརྟེན།ཕྱི་ལ་འཕྲད་དུས་རྒྱལ་ཁབ་བར་གྱི་བདག་དབང་འདྲ་མཉམ་བརྩི་སྲུང་དང༌།ནམ་ཡང་བཙན་དབང་མི་སྤྱོད་ཞེས་པའི་དམ་བཅས་དང་མནའ་ཚིག་དེ་དགགལ་ཏེ་མི་མགོ་སྐོར་བའི་ཆབ་སྲིད་དྲིལ་སྒྲོག་དང་སྟོང་བཤད་ཡང་ན་དགོད་བྲོའི་གཏམ་དུ་ཟད་པར་མི་བྱེད་ན།ཐོག་མར་རྒྱལ་ཁབ་ནང་ཁུལ་གྱི་མི་རིགས་བར་གྱི་བདག་དབང་འདྲ་མཉམ་ཡིན་པ་དངོས་ནས་བརྩི་སྲུང་བྱེད་དགོས་པ་དང༌།མི་རིགས་འབྲེལ་བའི་ཐད་དང་མི་རིགས་བྱ་བའི་ཐད་ངས་བཤད་པ་དེ་ཡིན་ལྟ་བུའི་ཚིག་གཅིག་གིས་གཞན་གྱི་དབང་ཐག་གཅོད་པའི་ལྟ་སྤྱོད་བསྒྱུར་པ་ན།ད་གཟོད་མི་རིགས་བྱ་བ་དང་མི་རིགས་འབྲེལ་བ་ཐག་གཅོད་བཟང་པོ་བྱེད་ཐུབ།ཡང་ཅིག་བཤད་ན།དབང་བསྒྱུར་པས་ཕྱི་ནང་གི་རྒྱལ་ཁབ་དང་མི་རིགས་བར་གྱི་རྒྱུ་དང་འབྲས་བུའི་འབྲེལ་བ་འདིར་གོ་བ་ཡང་དག་ལེན་པ་དང་གཙིགས་སུ་འཛིན་རྒྱུ་དེ།མི་རིགས་དང་རྒྱལ་ཁབ་ཀྱི་ལས་དོན་ཁྲོད་ཇི་འདྲའི་གལ་ཆེ་ཨང༌།
 
     ༨མི་རིགས་རིང་ལུགས་དང་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བའི་སྐོར།གུང་ཁྲང་ཏང་མི་དང་སྤྱི་ཚོགས་རིང་ལུགས་པ་ཞིག་ལ་མཚོན་ན།ལེ་ཉིན་གྱིས་ཡང་དག་པར་བསྟན་པ་སྟེ།མར་ཁེ་སི་རིང་ལུགས་པ་ཞིག་ཡིན་ཚེ།ཁོ་ཚོས་འཚོལ་སྙེག་བྱེད་ཀྱིན་པའི་ཕུགས་བསམ་དང་བླ་མེད་ལས་དོན་གྱི་ཆ་ནས་བལྟས་ན།ཁོ་ཚོ་ནི་རྒྱལ་སྤྱི་རིང་ལུགས་པ་ཞིག་ལས་མི་རིགས་རིང་ལུགས་པ་ཞིག་མིན།ཞེས་གསུངས་མྱོང༌།འོན་ཀྱང་མི་རིགས་རིང་ལུགས་ལ་མཚོན་ན།སྟོབས་ལྡན་དང་མི་རིགས་ཆེན་མོའི་མི་རིགས་རིང་ལུགས་དང༌།ཉམ་ཆུང་བའི་མི་རིགས་རིང་ལུགས་ཀྱི་དབྱེ་བ་འབྱེད་དགོས།རིགས་རྒྱུད་དང་གྲུབ་མཐའི་ཐད་ཀྱང་དེ་བཞིན་ཡིན།སྔ་མར་རྟག་ཏུ་བཙན་འཛུལ་དང་བྲན་བཀོད་རང་བཞིན་ལྡན་པས།བདེན་དོན་དང་རིང་དུ་གྱེས་པ་ཡིན།ཕྱི་མར་རྒྱུན་ཏུ་འགོག་རྒོལ་དང་རང་སྲུང་རང་བཞིན་ལྡན་པས།བདེན་དོན་རྩོད་པའི་རིགས་སུ་གཏོགས།དེའི་ཕྱིར།དམངས་གཙོ་རིང་ལུགས་པ་ཞིག་དང་སྤྱི་ཚོགས་རིང་ལུགས་པ་ཞིགལྷག་པར་གུང་ཁྲང་རིང་ལུགས་པ་ཞིག་ཡིན་ཚེ།མི་རིགས་རིང་ལུགས་ཀྱི་ལྟ་ཚུལ་ཐད་ངེས་པར་ལངས་ཕྱོགས་བརྟན་པོས་ཉམ་ཆུང་མི་རིགས་ཀྱི་ཕྱོགས་སུ་ལངས་པ་ལས་སྟོབས་ལྡན་དང་མི་རིགས་ཆེན་མོའི་ཕྱོགས་སུ་ལངས་མི་རུང༌།ཚད་གཞི་གལ་ཆེན་འདིའི་དབྱེ་བ་ཤེས་རྒྱུ་ཤིན་ཏུ་གལ་ཆེ།འདིའི་ཐད་ལ་མའོ་ཙེ་ཏུང་གིས《མི་དམངས་ནང་ཁུལ་གྱི་འགལ་བ་ཡང་དག་གིས་ཐག་གཅོད་དགོས》ཞེས་པ་རུ་མི་རིགས་གནད་དོན་གླེང་བའི་སྐབས་སུ་འདི་ལྟར་དེ་རིང་ཀྲུང་གོ་གསར་བའི་ནང་དུ་ས་གནས་མི་རིགས་རིང་ལུགས་དང་རྒྱ་རིགས་ཆེན་པོ་རིང་ལུགས་གནས་པ་ཐམས་ཅད་བསམ་བློ་རྙིང་བའི་ལྷག་མ་་་ཡིན།འདི་ནི་མི་དམངས་ནང་ཁུལ་གྱི་འགལ་བར་གཏོགས།མི་རིགས་མཐུན་སྒྲིལ་ཡོང་ཆེད་དུ།ས་གནས་མི་་རིགས་རིང་ལུགས་ཀྱི་བསམ་བློ་སེལ་དགོས་པར་མ་ཟད།ལྷག་པར་དུ་རྒྱ་རིགས་ཆེན་པོ་རིང་ལུགས་ཀྱི་བསམ་བློ་སེལ་དགོས།ཕྱི་མ་ནི་གནད་དོན་གྱི་འགག་རྩའོ།།ཞེས་གསུངས།འདི་ལས་ཀྱང་ཤེས་པ་ནི།མི་རིགས་གནད་དོན་ཐད།སུ་ཞིག་མི་རིགས་ཉམ་ཆུང་གི་ཕྱོགས་སུ་མ་ལངས་ཚེ།དེ་ཉིད་མར་ལེ་རིང་ལུགས་པ་ཞིག་དང༌།སྤྱི་ཚོགས་རིང་ལུགས་པ་ཞིགགུང་ཁྲང་ཏང་མི་ངོ་མ་ཞིགམིན།ཡིན་ཡང་གནས་ཚུལ་གཞན་ཞིག་ཡོད་པ་ནི།ལེ་ཉིན་གྱིས་གསུངས་པ་ལྟར་ཏེ།ཉམ་ཆུང་མི་རིགས་དུ་གཏོགས་པའི་མི་ལ་ཤས་ཀྱིས་མི་རིགས་ཆེན་མོ་རིང་ལུགས་ཀྱི་ལྟ་བ་དང་ལེན་བྱས་པའི་མོད་ལ།དེ་ཉིད་མི་རིགས་ཆེན་མོའི་མི་ལས་ལྡབ་འགྱུར་གྱིས་མི་རིགས་ཆེན་མོ་པ་ཞིག་ཏུ་འགྱུར་ངེས།ཞེས་སོ།།དེའི་རྒྱུ་མཚན་ནི་ཁོས་རང་གི་རྣམ་ཤེས་བོར་སོང་བས་ཡིན་ལ།མི་འདིའི་རིགས་ནམ་ཞིག་སད་རྟོགས་འབྱུང་ངེས་ཡིན་མོད།སད་རྟོགས་འབྱུང་མཁན་ནི་ཤིན་ཏུ་ཉུང༌།མི་རིགས་མང་པོའི་རྒྱལ་ཁབ་ཏུ།མི་རིགས་གནད་དོན་དང་རིགས་རྒྱུད་དང་གྲུབ་མཐའི་གནད་དོན་ཞེས་པ་ནི།རྒྱལ་ཁབ་དེའི་གཙོ་གཞི་མི་རིགས་སམ་མི་རིགས་ཆེན་མོ་དང་མི་རིགས་གཞན་དག་བར་གྱི་འབྲེལ་བ་འདྲ་མཉམ་ཡིན་མིན་དང་རྒྱུན་ལྡན་ཡིན་མིན་ལ་སྟོན་པ་ཡིན།ཞིབ་ཏུ་བཤད་ན།གཙོ་གཞིའི་མི་རིགས་ཆེན་མོ་དང་མི་རིགས་ཉམ་ཆུང་བར་ཆབ་སྲིད་དང་དཔལ་འབྱོར་རིག་གནས་ལ་སོགས་ཁྱབ་ཁོངས་སོ་སོ་རུ་རྩོད་གཞི་དང་འགལ་བ་ཐ་ན་གདོང་ཐུག་བྱུང་བའི་དུས་སུ།ལེ་ཉིན་གྱིས་གསུངས་པ་ལྟར་མི་རིགས་ཆེན་མོ་རིང་ལུགས་དང་ཉམ་ཆུང་མི་རིགས་རིང་ལུགས་བར་གྱི་ངོ་བོ་མི་འདྲ་བ་དང་བདེན་དོན་སུ་ལ་ཡོད་མེད་དབྱེ་ཞིབ་བྱས་ཏེ།མི་རིགས་ཉམ་ཆུང་གི་ལངས་ཕྱོགས་འཛིན་ཐུབ་མིན་དེ་ནི་རྣམ་འགྱུར་དང་ལངས་ཕྱོགས་ཀྱི་གནད་དོན་ཡིན་ལ།འགལ་བ་དང་རྩོད་གཞི་དེ་དག་ཐག་གཅོད་ཡང་དག་པ་བྱེད་ཐུབ་མིན་གྱི་སྔོན་འགྲོའི་ཆ་རྐྱེན་ཡང་ཡིན།ཞེ་ཕངས་པ་ཞིག་ལ།འདས་ཟིན་དང་ད་ལྟ་གང་ཡིན་ཡང༌།མི་རིགས་བར་འགལ་བ་སྣ་ཚོགས་དང་རྩོད་གཞི་སྣ་ཚོགས་བྱུང་བའི་དུས་ན།དབང་འཛིན་སྲིད་གཞུང་དང་བལྟོས་བཅས་ཀྱིས་དགོངས་པ་ཡངས་པའི་སྲིད་གཞུང་དེ་དག་ལས་ཀྱང་ཉམ་ཆུང་མི་རིགས་ཀྱི་ཕྱོགས་འཛིན་མཁན་མེད་པར་མ་ཟད།རྟག་ཏུ་རྒྱལ་ཁབ་གང་དེའི་མི་རིགས་ཆེན་མོའི་ཕྱོགས་སུ་ལངས་པ་དང༌།སྐད་ཆ་བཙན་པོས་གཞན་གྱི་བདེན་ལུགས་འཕྲོག་ནས་རང་ཉིད་བདེན་ཁུལ་བྱེད་པ་དང༌།རང་གི་ལྟ་སྤྱོད་ནི་མར་ཁེ་སི་རིང་ལུགས་ཀྱི་ལྟ་བ་ཡིན་རབས་བཤད།འོ་ན།མཐར་ཐུག་མར་ཁེ་སི་རིང་ལུགས་ཀྱི་ལྟ་བ་ནི་ཅི་ཞིག་ཡིན་ནམ།སྤྱིར་བཏང་བཤད་ན།མར་ཁེ་སི་རིང་ལུགས་ཀྱི་ལྟ་བ་ཞེས་པ་ནི་བྱ་དངོས་ལ་བརྟག་དཔྱད་དང་གནད་དོན་ལ་དབྱེ་ཞིབ་བྱེད་པའི་ལངས་ཕྱོགས་དང་ལྟ་བ་ཐབས་ལམ་བཅས་ལ་ཟེར།ལངས་ཕྱོགས་དང་ལྟ་བ་ཐབས་ལམ་བཅས་མི་འདྲ་ཚེ་སྡོམ་ཚིག་ཀྱང་མི་འདྲ་བ་འབྱུང༌།བྱེ་བྲག་ཏུ་བཤད་ན།ལྟ་བ་ཞེས་པ་ནི་ཡུལ་དུས་དང་རྐྱེན་ངེས་ཅན་འོག་གི་གནས་ཚུལ་དངོས་ཇི་བཞིན་བརྗོད་པ་ཞིག་ལ་སྟེ།གནས་ཚུལ་དང་གནད་དོན་ལྷག་པར་དུ་ལོ་རྒྱུས་ཀྱི་གནད་དོན་ཐད་དངོས་ཐོག་བདེན་འཚོལ་གྱི་ལྟ་བ་འཛིན་པ་ལ་ཟེར།མཚན་ཉིད་འཇོག་སྟངས་ཐད་དངོས་གཙོ་རིང་ལུགས་ཀྱི་ལྟ་བའམ་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་ཟེར།ཐབས་ལམ་ཞེས་པ་ནི་བྱ་དངོས་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པའི་སྐབས་བེད་སྤྱོད་པའི་བསམ་བློའི་ཐབས་ལམ་ལ་ཟེར།མར་ཁེ་སིའི་གཞུང་ལུགས་སྨྲ་མཁས་དག་གིས་འདི་ལྟར་ཏེ།གནས་ཚུལ་བྱེ་བྲག་པར་དབྱེ་ཞིབ་ཀྱང་བྱེ་བྲག་པ་བྱེད་རྒྱུ་ནི་མར་ཁེ་སི་རིང་ལུགས་ཀྱི་སྲོག་རྟེན་ཡིན་ལ་ངོ་བོ་ཡང་ཡིན།ཞེས་གསུངས།འདིའི་བསྟན་དོན་ནི།གནད་དོན་གྱི་ངོས་གཅིག་དང་དེའི་ཕྱོགས་སོ་སོ་མཐོང་དགོས་པར་མ་ཟད།ངོས་གཞན་ཅིག་དང་དེའི་ཕྱོགས་སོ་སོའང་མཐོང་དགོས་ཤིང༌།འགལ་བར་གནས་པའི་ཕྱོགས་གཉིས་ཀྱི་མཐུན་སྣང་དུ་གྲུབ་པའི་གནད་དང་དེའི་རིམ་པ་མི་འདྲ་ཞིང་བརྟན་ཆགས་སུ་གནས་པའི་སྐབས་སོ་སོ་དང་འགྱུར་བའི་ཁྲོད་གནས་པའི་ངང་ཚུལ་ཐམས་ཅད་ལའང་བརྟག་དགོས།འདི་ལ་ད་གཟོད་གནད་དོན་ལ་ལྟ་བའི་ཕྱོགས་ཡོངས་ཀྱི་ལྟ་བ་ཟེར་་་་ཞིང༌།སྤྱིར་བཏང་དུ་རྩོད་སྒྲུབ་ལྟ་བ་ཞེས་འབོད།ཚིག་གཅིག་གིས་བསྡུས་ན།བྱ་དངོས་གཅིག་ལ་མཐའ་གཉིས་ཀྱི་འགལ་འདུས་དང་ངོས་གཉིས་ཀྱི་འགལ་འདུས་ཀྱི་ཆོས་ཉིད་ལྡན་པར་འདོད་པའི་རྩོད་སྒྲུབ་རིགས་ལམ་ནི་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་རྟེན་གཞི་དང་བྱ་དངོས་ལ་ཤེས་རྟོགས་བྱེད་པའི་བསམ་བློའི་ཐབས་ལམ་ཡིན།ལངས་ཕྱོགས་གནད་དོན་ཞེས་པ་ནི།སྤྱི་ཚོགས་གང་ཞིག་ཡིན་ཡང་གཞི་རྩའི་སྣང་ཚུལ་གཉིས་འབྱུང་བ་སྟེ།འབྱོར་ལྡན་པ་དང་འབྱོར་མེད་པ།ཁེ་ལེན་པ་དང་ཁེ་ཤོར་པ།གཉའ་གནོན་དབང་བསྒྱུར་མི་རིགས་དང་གཉའ་གནོན་དབང་བསྒྱུར་མྱོང་བའི་མི་རིགས།མི་རིགས་སྟོབས་ལྡན་དང་མི་རིགས་ཉམ་ཆུང༌།གཙོ་གཞི་མི་རིགས་དང་མི་རིགས་གཞན་དགརྒྱལ་ཁབ་ཆེན་པོ་དང་རྒྱལ་ཁབ་ཆུང་བ།རྒྱལ་ཁབ་སྟོབས་ཆེན་དང་རྒྱལ་ཁབ་གཉོམ་ཆུང༌།བཙན་འཛུལ་རྒྱལ་ཁབ་དང་བཙན་འཛུལ་བྱེད་ཡུལ་རྒྱལ་ཁབ།བཙན་འཛིན་པ་དང་དབང་ཤོར་པ།རིགས་རྒྱུད་དང་གྲུབ་མཐའི་ཐད་མཐོང་ཆུང་བྱེད་མཁན་དང་མཐོང་ཆུང་མྱོང་མཁན་སོགས་མཐའ་གཉིས་འགལ་བ་དང་ངོས་གཉིས་འདྲེས་པའི་ལངས་ཕྱོགས་མི་འདྲ་བར་བཤད་པ་ཡིན།མཐའ་འདི་དག་ལས་ཕྱི་མ་ནི་རྟག་ཏུ་ཉམ་ང་བའི་གནས་སུ་སྟེ།གནོད་འཚེ་ཐེབས་པའམ།བརྙས་བཅོས་མྱོང་བའམ།བཤུ་གཞོག་མྱོང་བའམ།མཐོང་ཆུང་དང་རྡོག་བརྫིས་མྱོང་བའམ།བཅོམ་བརླག་གི་གནས་སུ་གྱར་ཡོད།དེའི་ཕྱིར།མར་ཁེ་སི་རིང་ལུགས་ཕར་ཞོག་དམངས་གཙོ་རིང་ལུགས་པ་ཞིག་གམ་བདེན་དོན་གྱི་བསམ་བློ་ཅུང་ཙམ་ཡོད་པ་ཞིག་ཡིན་ཚེ།ཉམ་ཆུང་མི་རིགས་དང་སྡུག་བསྔལ་མྱོང་བའི་མི་དམངས་མང་ཚོགས་ཀྱི་ཕྱོགས་སུ་འགྲེང་ནས་དེ་དག་གི་ཁེ་ཕན་སྲུང་སྲིད་པ་ཡིན།འདི་ནི་ལངས་ཕྱོགས་ཀྱི་གནད་དོན་སྟེ་ཡང་དག་བདེན་དོན་གྱི་མི་རིགས་ལངས་ཕྱོགས་དང་གྲལ་རིམ་ལངས་ཕྱོགས་ཞེས་འབོད་པ་དང༌།ལངས་ཕྱོགས་ཡང་དག་མིན་འཇལ་བྱེད་ཀྱི་ཚད་གཞིའང་ཡིན་ནོ།།
གནའ་དེང་ཕྱི་ནང་གི་ལོ་རྒྱུས་སྟེང༌།སྤྱི་ཚོགས་ཡར་ཐོན་ཡོང་ཆེད་དང༌།མི་རིགས་སམ་རིགས་རྒྱུད་ཆིངས་པ་ལས་གྲོལ་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་རང་སྲོག་བློས་བཏང་བའི་མི་སྣ་གྲགས་ཆེན་དག་གིས།བདེན་པའི་ལས་དོན་གྱི་ཆེད་དུ་མཛད་རྗེས་བླ་ན་མེད་པ་བཞག་ཅིང༌།ཁོ་ཚོའི་བསྔགས་འོས་ཀྱི་ལས་དེ་དག་གིས་ཕྱི་རབས་པར་སློབ་གསོ་དང་སྐུལ་མ་གཏོང་བཞིན་ཡོད།
དཔེར་ན།ཧིན་རྡུ་མི་རིགས་བཅིངས་འགྲོལ་བྱེད་པའི་གཙོ་འཛིན་ལྷ་གན་དེ(Gandhi)ལ་མཚོན་ན།མི་རྣམས་ཀྱིས་ཁོང་ནི་འཛམ་གླིང་སྟེང་གི་ཆེས་དབུལ་བོ་དང་ཆེས་སྡུག་བསྔལ་བ།གཉའ་གནོན་མྱོང་མཁན་གྱི་གྲོགས་པོ་ཡིན་ཞེས་སྨྲ།ཧིན་རྡུ་སྤྱི་ཚོགས་ཀྱི་གྲས་རིམ་ལམ་ལུགས་ཧ་ཅང་དོག་པོ་ཡིན།གན་དེ་ལ་མཚོན་ན་ཁོང་རིགས་རུས་མཐོན་པོར་སྐྱེས་ཀྱང༌།དུས་རྟག་ཏུ་རྒྱ་ཆེ་བའི་དམའ་རིམ་མང་ཚོགས་དང་མཉམ་དུ་འཚོ་བ་རོལ་བར་མ་ཟད།རྟག་ཏུ་ཆེས་དམའ་རིམ་ན་གནས་པའི་འགྲོགས་འདྲིས་མི་རུང་བའི་གདོལ་བའི་རིགས་དང་འབྲེལ་འདྲིས་བྱེད་པ་ཡིན།ཁོང་གིས་ཧིན་རྡུ་མི་རིགས་ཀྱི་རང་དབང་བརྩོན་ལེན་བྱེད་པར་མ་ཟད།ཆེས་དབུལ་ཞིང་་སྡུག་བསྔལ་བའི་མི་དམངས་ཀྱི་རང་དབང་དང་བདེ་སྐྱིད་ཀྱི་ཆེད་དུ་མི་ཚེ་གང་བོར་འབད་བརྩོན་བྱས།མར་ཁེ་སི་དང་ཨིན་ཀི་སི།ལེ་ཉིན་སོགས་གསར་བརྗེའི་གཙོ་འཛིན་དག་ལ་མཚོན་ན་ཡང༌།རིགས་རུས་ཆོ་་འབྲང་ཐད་ཐམས་ཅད་གོང་རིམ་དང་ཕྱུག་པོའི་ཁྱིམ་དུ་གཏོགས་མོད།འོན་ཀྱང་ཁོང་ཚོས་མི་ཚེ་གང་བོར་སྡུག་བསྔལ་མྱོང་བའི་རྒྱ་ཆེ་བའི་འབྱོར་མེད་པ་དང་འགྲོ་བ་མིའི་རིགས་ཆིངས་བ་ལས་གྲོལ་ཕྱིར་འབད་བརྩོན་བྱས་པ་ཡིན།མི་རིགས་གནད་དོན་སྟེང༌།ཁོང་ཚོ་གཉའ་གནོན་བྱེད་མཁན་མི་རིགས་སུ་གཏོགས་མོད།འོན་ཀྱང་ཐོག་མཐའ་བར་གསུམ་དུ་ཡ་ཧྥེ་ལ་གླིང་ཆེན་དག་གི་གཉའ་གནོན་མྱོང་བའི་མི་རིགས་ཀྱི་རང་དབང་དང་སྒེར་ཚུགས་ལས་དོན་གྱི་ཕྱོགས་ནས་ལངས་ཡོད།མི་རིགས་ལངས་ཕྱོགས་དང་གྲལ་རིམ་ལངས་ཕྱོགས་ཀྱི་ཆ་ནས།ཁོང་ཚོས་དར་ཆ་གསལ་བསྒྲེངས་ཀྱིས་རང་གི་གྲལ་རིམ་ཕྱུག་པོ་དང་གཉའ་གནོན་བྱེད་མཁན་མི་རིགས་དང་རྒྱབ་འགལ་བྱས་ཏེགཉའ་གནོན་བྱེད་མཁན་མི་རིགས་དང་རྒྱབ་འགལ་བྱས་ཏེ༌།རྒྱ་ཆེ་བའི་ངལ་རྩོལ་མི་དམངས་དང་གཉའ་གནོན་མྱོང་བའི་མི་རིགས་ཀྱི་ཕྱོགས་ནས་འགྲེངས་པ་ཡིན།དེའི་ཕྱིར།མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་སྨྲ་བས་སློབ་སྟོན་འདི་ལྟར་གནང་ཡོད་དེ།སྤྱི་ཚོགས་གང་ཞིག་དང་དེའི་ཚོགས་པའི་གནད་དོན་ལ་དབྱེ་ཞིབ་བྱེད་སྐབས་དང༌།ལྷག་པར་དུ་རྒྱལ་ཁབ་དང་མི་རིགས་སོགས་ཀྱི་འབྲེལ་བར་དབྱེ་ཞིབ་བྱེད་སྐབས།ཆེ་ཆུང་དང་བཙན་གཉོམ།དབུལ་ཕྱུགམང་ཉུང༌།བཙན་འཛུལ་དང་བཙན་འཛུལ་མྱོང་མཁན།གཉའ་གནོན་དང་གཉའ་གནོན་མྱོང་མཁན།དབང་བསྒྱུར་དང་དབང་བསྒྱུར་མྱོང་མཁན།བཙན་དབང་དང་བཙན་དབང་མྱོང་མཁན།མངའ་འཇུག་དང་མངའ་གཏོགས།ཞར་བསྡུས་དང་ཞར་གཏོགས་སོགས་ཀྱི་དབྱེ་བ་དང༌།དེ་དག་གི་བདེན་དོན་དང་བདེན་དོན་མ་ཡིན་པ།ལུགས་མཐུན་དང་ལུགས་ལྡོག་ཚུལ་ལྡན་དང་ཚུལ་ལོག་བར་གྱི་རྩ་བའི་དབྱེ་བ་ཤེས་དགོས།དེ་ལྟ་མིན་ཚེ།རང་མགོ་རང་གིས་གཡོགས་པའམ་གཞན་གྱིས་རང་མགོ་གཡོགས་པ་ཞིག་ཏུ་འགྱུར་ངེས།གཞན་ཡང༌།བཙན་གཉོམ་བར་ནས་བར་འདུག་བྱེད་བསམ་པའི་ལྟ་བ་དང་རྣམ་འགྱུར་དེ་ལག་ལེན་ཁྲོད་རྟག་ཏུ་བཙན་པོར་ཕན་པ་ཞིག་ཏུ་འགྱུར་འགྲོ་བས།བཙན་གཉོམ་བར་འགལ་བ་བྱུང་བའི་ཚེ་གཉོམ་ཆུང་གི་ཕྱོགས་ལས་བར་འདུག་བྱེད་མི་རུང༌།གོང་བཤད་ཀྱི་མདོ་དོན་ནི།ཆེ་ཆུང་སྟོབས་ཞན་གྱི་མི་རིགས་དང་རིགས་རྒྱུད།རྒྱལ་ཁབ་དང་ཚོགས་པའི་གནད་དོན་དང་ལངས་ཕྱོགས་ཐད།སུའི་ཕྱོགས་ནས་ལངས་རྒྱུ་དེ་ཤིན་ཏུ་གལ་ཆེ།སྟོབས་ལྡན་རྒྱལ་ཁབ་དང་མི་རིགས་ཆེན་མོ།ཡང་ན་ཕྱུག་པོའི་གྲལ་རིམ་གྱི་གསར་བརྗེ་པ་དེ་ཉམ་ཆུང་རྒྱལ་ཁབ་དང་མི་རིགས་ཆུང་བ།དབུལ་བོའི་གྲལ་རིམ་གྱི་ཕྱོགས་སུ་ལངས་པ་ལ་བླ་མེད་བདེན་དོན་གྱི་མཛེས་པ་ལྡན།འོན་ཀྱང༌།ཉམ་ཆུང་རྒྱལ་ཁབ་དང་མི་རིགས་ཆུང་བ།ཡང་ན་དབུལ་བོའི་གྲལ་རིམ་དུ་གཏོགས་པའི་མི་དེ་རང་གི་རྒྱལ་ཁབ་དང་མི་རིགས་ཡང་ན་་གྲལ་རིམ་བཅས་ཀྱི་ཕྱོགས་ནས་འབད་བརྩོན་བྱེད་རྒྱུ་དེ་ནི་སྨོས་མ་དགོས་པ་ཞིག་རེད།རྒྱུ་མཚན་གཞན་ཞིག་བཙལ་བའམ་ཕ་མ་རིགས་གཅིག་མིན་པ་ལ་སོགས་ཀྱི་དབང་གིས་ལྟ་སྟངས་ཐད་བར་འདུག་བྱེད་བསམ་པ་ནི་འཁྲུལ་བ་སྟེ།བཙན་པོ་སྟོབས་ཆེན་ལ་གཏོགས་པའི་མིས་ཀྱང་ཉམ་ཆུང་གི་ཕྱོགས་བཤད་ན།བར་ལ་གཏོགས་་པ་དེ་སྨོས་ཅི་དགོས།
མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་ལྟ་བ་ཞེས་པ་དེ་ནི་གོང་གི་ལངས་ཕྱོགས་དང་ལྟ་ཚུལ་ཐབས་ལམ་བཅས་ཀྱིས་གྲུབ་པའོ།།གནད་དོན་གང་ཞིག་ལ་བརྟག་ཀྱང་རུང་འདི་ནི་ཐམས་ཅད་ཀྱི་རྨང་གཞི་དང་ཚད་འཇལ་བྱེད་ཡིན་ཞིང༌།མི་རིགས་གནད་དོན་སྟེང་དེ་ལས་ཀྱང་ངོ།།དེང་སྐབས།ཞེ་ཕངས་ཤིང་མཚར་བ་ཞིག་ལ།མི་ཁ་ཅིག་གིས།ཁོ་ཚོ་མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་སྨྲ་བ་་དང་སྲིད་དཔྱད་པར་རློམས་ཀྱིན་མཆིས་མོད།ཁོ་ཚོའི་བཤད་སྤྱོད་ལ་ཞིབ་ཏུ་བརྟགས་ན།མར་ཁེ་སི་རིང་ལུགས་པ་དང་སྤྱི་ཚོགས་རིང་ལུགས་པ་ཞིག་ཡིན་པ་ཕར་ཞོགས།ཐ་ན་མ་རྩ་རིང་ལུགས་ཀྱི་དམངས་གཙོ་རིང་ལུགས་པ་་ཞིག་ཀྱང་ཡིན་མི་འདུགལྷག་པར་དུ་མི་རིགས་ཀྱི་གནད་དོན་སྟེང༌།ཁོ་ཚོ་ནི་ཁ་ཞེ་གཉིས་མེད་ཀྱི་བཀས་བཀོད་བཙན་དབང་རིང་ལུགས་པ་ཞིག་རེད།འདིའི་ཐད་ནས་གཞུང་ལུགས་དང་ལག་ལེན་ཟུང་གི་སྒྲུབ་བྱེད་གང་མང་འདུག
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号