ད་སྔ་གཟིགས་བཞིན་པ།  མདུན་ངོས། > གཞུང་ལུགས་ཞིབ་འཇུག > བོད་ཡིག
༄༅། །མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བའི་སྐོར།
སྤེལ་དུས།04-30  ཡོང་ཁུངས།  རྩོམ་པ་པོ།ཕུན་ཚོགས་དབང་རྒྱལ།
༩མི་རིགས་བརྩེ་དུང་སྐོར།མི་རིགས་བརྩེ་དུང་ནི་རྒྱུན་མཐོང་གི་ཐ་སྙད་ཅིག་དང་ཚོར་དོགས་སྟེར་བའིགནད་དོན་ཞིག་ཡིན་ལ།མི་རྣམས་ཀྱིས་རྒྱུན་དུ་གླེང་བ་ཞིག་ཀྱང་ཡིན།ལེ་ཉིན་དང་པེ་ལིན་སི་ཀེ(Belinskiy)སོགས་ཀྱིས་གླེང་མྱོང་ཞིང་གདེངས་འཇོག་ཀྱང་བྱས་མྱོང༌།མི་རིགས་བརྩེ་དུང་སྟེ།ཚུལ་མཐུན་གྱི་མི་རིགས་བརྩེ་དུང་ནི་ལུགས་དང་མཐུན་པའི་བསམ་བློ་ཡིན།སྤྱིར་བཏང་མི་རིགས་བརྩེ་དུང་ནི་རང་གི་མི་རིགས་ལ་དགའ་ཞིང་བློ་དཀར་བའི་བསམ་བློ་ལ་ཟེར།རང་གི་མི་རིགས་་འཚོ་གཞེས་སའི་གནས་དང་རི་ཆུར་དགའ་བ་དང༌།རང་མི་རིགས་ཀྱི་ཡུན་རིང་བའི་ལོ་རྒྱུས་དང་གཟི་འོད་འཕྲོ་་བའི་རིག་གནས་(སྐད་ཡིག་གླུ་གར་སོགས་ཀྱང་འདུས)།ཆོས་ལུགས་དད་མོས། སྲོལ་རྒྱུན་དང་ཡུལ་སྲོལ་གོམས་གཤིས་བཟང་པོར་དགའ་བ།  ད་དུང་སེམས་གཏིང་ན་རླབས་བཞིན་འཕྱོ་བའི་མི་རིགས་ལ་རྒྱ་དང་རང་བཀུར་་བསམ་པ་སོགས།འདི་ནི་མི་རབས་ནས་མི་རབས་བརྒྱུད་དེ་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད་ཆགས་ཤིང་སྲ་་་འཐས་སུ་གྱུར་པའི་བླ་མེད་ཀྱི་བརྩེ་དུང་ཞིག་ཡིན་ལ།མི་རིགས་བརྩེ་དུང་ཁྲོད་ཀྱི་རིན་པོ་ཆེ་ལྟ་བུར་སྣང་བས་སུས་ཀྱང་རྡོག་བརྫིས་བཏང་མི་ཆོག་པ་ཞིག་ཡིན།བརྩེ་དུང་འདི་ནི་མི་རིགས་དར་རྒྱས་དང་ཡར་ཐོན་ཡོང་བའི་སྒུལ་་་ཤུགས་ཆེན་པོ་ཞིག་ཡིན་ཕྱིན།མི་རིགས་གང་ལ་བརྩེ་དུང་འདི་མི་ལྡན་ཚེ།མི་རིགས་དེ་ཉིད་གནས་པ་དང་འཕེལ་བ།  དར་རྒྱས་ཡར་ཐོན་ཡོང་བའི་སྒུལ་ཤུགས་དང་སྲོག་ཤིང་བོར་སྟོར་བྱུང་བ་དང༌།དེ་མུར་མི་རིགས་དེ་འང་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་འགྲེངས་པའི་ནུས་པ་ཉམས་པ་ལགས།
འདི་ལས་མཐོང་བ་ནི། ཚུལ་ལྡན་གྱི་མི་རིགས་བརྩེ་དུང་ནི་ལུགས་དང་མཐུན་པ་ཞིག་ཡིན་ཞིང༌།མི་རིགས་སོ་སོ་གནས་པ་དང་འཕེལ་བའི་ཡར་བསྐུལ་གྱི་རྒྱུ་རྐྱེན་ཡིན།དེའི་ཕྱིར།མི་རིགས་སོ་སོར་ཚུལ་ལྡན་གྱི་མི་རིགས་བརྩེ་དུང་ཡོད་འོས་པར་མ་ཟད།  གཞན་ལའང་ཚུལ་ལྡན་གྱི་མི་རིགས་བརྩེ་དུང་ཡོད་ཆོག་པར་ཤེས་རྟོགས་དང་བརྩི་བཀུར་བྱེད་དགོས་པ་ཡིན།ལྷག་པར་དུ་མི་རིགས་ཉམ་ཆུང་གི་བརྩེ་དུང་ལ་བརྩི་འཇོག་བྱེད་དགོས།འདི་ནི་་མི་རིགས་མི་འདྲ་བའི་བར་མཛའ་མཐུན་བག་ཡངས་ངང་འགྲོགས་པའི་གཞི་རྩའི་ཆ་རྐྱེན་དང་རྒྱུན་སྐྱོང་བྱེད་འོས་པའི་རྩ་བའི་རྣམ་འགྱུར་ཡིན།བསམ་བློ་པ་ཞིག་གིས་འདི་ལྟར། འགྲོ་བ་མིའི་བརྩེ་དུང་མེད་ན།  མིའི་རིགས་ཀྱིས་བདེན་དོན་འཚོལ་བའང་ཡོད་མི་སྲིད།ཅེས་གསུངས།དེ་དང་འདྲ་བར།མི་རིགས་བརྩེ་དུང་མེད་ཚེ།མི་རིགས་རང་དབང་དང་འདྲ་མཉམ།བཅིངས་འགྲོལ་སོགས་ཀྱི་འཚོལ་སྙེག་ཀྱང་ཡོད་མི་སྲིད།བཤད་རིན་འདུག་པ་ཞིག་ལ།ཨུ་རུ་སི་མི་རིགས་ཆེན་མོར་གཏོགས་པའི་ལེ་ཉིན་ལགས་ནི།མི་རིགས་བརྩེ་་་དུང་གི་གནད་དོན་སྟེང་གཟབ་ནན་བྱེད་མཁས་ཤིག་ཡིན་པས།མི་རྣམས་ཀྱི་སློབ་སྦྱོང་བྱེད་སའི་མིག་དཔེ་ཡིན།ཁོང་གིས་གསུངས་རྒྱུར།གསར་བརྗེའི་དཔུང་ཁག་རྒྱ་བསྐྱེད་པ་དང་སྲ་བརྟན་དུ་གཏོང་བར་མི་རིགས་འདྲ་མཉམ་མ་ཡོང་བ་ལས་བར་ཆད་ཆེ་བ་མེད།རྒྱུ་མཚན་ནི་བརྙས་བཅོས་མྱོང་བའི་མི་རིགས་ཀྱི་མིས་འདྲ་མཉམ་གྱི་འདུ་ཤེས་དང༌།མི་རིགས་ཆེན་མོའི་བློ་མཐུན་གྱིས་འདྲ་མཉམ་ལ་ཕོག་ཐུག་བཏང་བ་སྟེ།  ཐ་ན་མཉམ་མ་བཞག་པའམ་ཀུ་རེའི་ཚུལ་དུ་བྱས་པ་ཞིག་ཡིན་ཡང༌།དེ་ལ་ཚོར་བ་ཤིན་ཏུ་རྣོ་ཞིང་སེམས་ལ་གནོད་སླ་བ་ཡིན།དེའི་ཕྱིར།གནས་ཚུལ་འདི་ལྟའི་འོགམི་རིགས་ཆུང་བ་དང་གྲངས་ཉུང་མི་རིགས་ལ་ཞི་འཇམ་དང་དགོངས་ཡངས་བྱེད་རྒྱུ་་དེ་མ་བྱས་མ་འདང་པ་ལས་བཟང༌།ཞེས་གསུངས།མི་རིགས་ལ་ལ་ཞིག་གི་མི་རིགས་བརྩེ་དུང་དེ་རྟག་ཏུ་ཆོས་ལུགས་བརྩེ་དུང་དང་འདྲེས་མར་གནས་ཡོད།འདི་ལ་ལྷག་ཏུ་སེམས་ཆུང་དང་གཟབ་ནན་བྱེད་དགོས།སྔོན་ཆད་ལེ་ཉིན་གྱིས་སྐུ་དངོས་སུ་བྲིས་པའི་ཨུ་རུ་སིའི་གུང་ཁྲང་ཏང་གི་སྒྲིག་ཡིག་དང་གུང་ཁྲང་རྒྱལ་སྤྱི་གསུམ་པའི་རྩ་འཛིན་ཏུ།  ཆེད་དུ་ལོ་རྒྱུས་སྟེང་གཉའ་གནོན་མྱོང་བའི་མི་རིགས་དང་ཉམ་ཆུང་མི་རིགས་ཀྱི་མི་རིགས་བརྩེ་དུང་དང་ཆོས་ལུགས་བརྩེ་དུང་ལ་བརྩི་འཇོག་བྱེད་་དགོས་ཞེས་གཏན་ལ་ཕབས་འདུགལེ་ཉིན་གྱིས་འདི་ཉིད་རྩ་འཛིན་རང་བཞིན་གྱི་ཚད་མཐོན་པོར་གདེངས་འཇོག་བྱས་ཡོད།ཁོང་གིས་གསུངས་རྒྱུར།ངེད་ཅག་ཨུ་རུ་སི་ཆེན་པོའི་གུང་ཁྲང་ཏང་མིའི་ཁྲོད་དུ།  ཨུ་རུ་སི་ཆེན་མོའི་མི་རིགས་རིང་ལུགས་ཀྱི་ལྟ་ཚུལ་ཏིལ་ཙམ་ཡོད་ནའང༌།  གཟབ་ནན་ཚ་དྲག་གིས་བརྩད་གཅོད་དགོས་ཏེ།ལྟ་ཚུལ་དེ་གུང་ཁྲང་རིང་ལུགས་ཀྱི་རྩ་དོན་དང་གཞི་ནས་འགལ་ཞིང༌།གནོན་པ་ཆེན་པོ་བཟོ་ངེས།ཞེས་གསུངས་སོ།།
འདུ་ཤེས་ཆགས་སྟངས་ཕྱོགས་ཀྱི་གནད་དོན་དང༌།ལྷག་པར་དུ་ཆོས་ལུགས་ཕྱོགས་ཀྱི་གནད་དོན་ནི་ཤིན་ཏུ་རྙོག་འཛིང་ཆེ་བ་ཡིན།  མི་རིགས་བརྩེ་དུང་ལ་ཚུལ་ལྡན་དང་དོག་སེམས་རིགས་གཉིས་སུ་དབྱེ་ཞིང༌།འདུ་ཤེས་ཆགས་སྟངས་ཁྱད་པར་བ་ཞིག་ཡིན་པའི་ཆ་ནས།འདི་ཉིད་མི་རིགས་གནད་དོན་ཁྲོད་ཀྱི་དོན་གཞན་ལས་རྙོག་འཛིང་ཆེ་བར་མ་ཟད།ཚོར་སྐྱེན་ཞིང་གནད་ཆེ་བ་ཞིག་ཀྱང་ཡིན།དེའི་ཕྱིར།སེམས་ཆུང་གཟབ་ནན་བྱེད་རྒྱུ་ཤིན་ཏུ་གལ་ཆེ།ཆོས་ལུགས་བརྩེ་དུང་འདུས་པའི་མི་རིགས་བརྩེ་དུང་ནི་ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་ལ་ཆགས་པ་དང༌།བལྟོས་བཅས་བརྟན་ཆགས་ཀྱི་ཁྲོད་དུ་བསྟུད་མར་འགྱུར་བ་བྱུང་བཞིན་པ་ཞིག་གོ།།
དེང་རབས་རྩོད་སྒྲུབ་སྨྲ་བའི་མཁན་པོ་ཧེ་ཀེལ(Hegelian)ནས་གསུངས་དོན།   བྱེ་བྲག་དངོས་པོ་གང་་ཡིན་ཡང་གཏན་སྲོལ་དང་འབྲེལ་བ་གང་མང་ཞིག་གི་ཕྱོགས་འདུས་ཏེ།རིགས་མང་པོ་གཞི་གཅིག་ཏུ་འདུས་པ་ཞིག་ཡིན།ལེ་ཉིན་གྱིས་ཀྱང་ཁོང་གི《མཚན་ཉིད་རིག་པའི་ཟིན་བྲིས》ཞེས་པ་རུ་འདི་ལྟར།དངོས་པོ་གང་ཞིག་་་ཡིན་ཡང་སྣ་མང་གཅིག་ཏུ་འདུས་པ་ཡིན་ཞེས་པའི་གཏམ་འདི་ནི་ཤིན་ཏུ་ངོ་མཚར་ཆེ་བ་ཞིག་གོ།།ཞེས་གསུངས།
མི་རིགས་ཞེས་པའི་ཐ་སྙད་འདིའང་དེ་བཞིན་ཏེ།སྤྱིར་བཏང་བཤད་ན།མི་རིགས་ནི་མི་རྣམས་ལོ་རྒྱུས་སྟེང་ཆགས་པའི་ཐུན་མོང་གི་སྐད་ཆ་དང༌།ཐུན་མོང་གི་ཡུལ་གྲུ། ཐུན་མོང་གི་དཔལ་འབྱོར་འཚོ་བ་དང༌།  ཡུལ་སྲོལ་གོམས་གཤིས་འདུས་པའི་ཐུན་མོང་གི་རིག་གནས་ལས་བྱུང་བའི་ཐུན་མོང་གི་སེམས་ཁམས་བཅས་བརྟན་ཆགས་ངང་གནས་པའི་ཐུན་མོང་གི་གཞི་གྲུབ་ཞིག་ལ་ཟེར།མར་ཁེ་སི་རིང་ལུགས་ཀྱིས་བཏོན་པའི་མི་རིགས་ཆགས་པའི་རྒྱུ་རྐྱེན་བཞི་ལས་ཐུན་མོང་གི་སེམས་ཁམས་དུ་གྲུབ་པའི་མི་རིགས་བརྩེ་དུང་ནི་གལ་ཆེ་ཞིང་ནང་དོན་ཁྱད་པར་བ་ཞིག་ལྡན་པ་ཡིན།རྒྱུ་རྐྱེན་ལ་ཤས་ཀྱི་དབང་གིས།   མི་རིགས་ཁ་ཤས་ཀྱིས་རང་གི་སྐད་ཡིག་བོར་ནས་གཞན་སྐད་བེད་སྤྱོད་གཏོང་བཞིན་འདུག་མོད།སྔར་བཞིན་རང་གི་ཐུན་མོང་གི་སེམས་ཁམས་དང་ཆོས་ལུགས་དད་མོས།ཡུལ་སྲོལ་གོམས་གཤིས་ལ་སོགས་པ་རྒྱུན་འཁྱོངས་བྱེད་ཀྱིན་པར་མ་ཟད།མི་རིགས་གང་དེའི་གཅིག་འདུས་སྟོབས་ཤུགས་དང༌།རང་གི་རིག་གནས་སྲུང་སྐྱོབ།གཞན་གྱི་རྒོལ་བ་འགོག་ཅིང་མི་རིགས་གཉའ་གནོན་དང་བཤུ་གཞོག་སོགས་ལ་ངོ་རྒོལ་བྱེད་པའི་སྟོབས་ཤུགས་སུ་གྲུབ་ཡོད།
མི་རིགས་ཆེ་ཆུང་ཡང་ན་སྔོན་ཐོན་དང་རྗེས་ལུས་གང་ཡིན་ཡང༌།  ཁོ་ཚོའི་མི་རིགས་བརྩེ་དུང་དེ་པེ་ལིན་སི་ཀེས་བཤད་པ་ལྟར།སྲོལ་རྒྱུན་གྱིས་སྲ་བརྟན་དུ་བཏང་ཞིང་དུས་ཀྱི་བཞུར་རྒྱུན་ཁྲོད་བླ་མེད་ཅིག་ཏུ་གྱུར་ནས།མི་་རབས་དང་མི་རབས་ནས་བརྒྱུད་མར་གནས་པ་ཞིག་ཡིན།དེའི་ཕྱིར།  འཛམ་གླིང་སྟེང་གི་མི་རིགས་གང་ཡིན་ཡང༌།རང་གི་མི་རིགས་བརྩེ་དུང་ལ་བླ་ལྷག་ཏུ་བཀུར་ཞིང་བརྩི་བ་ཞིག་ཡིན།གལ་ཏེ་ལོ་རྒྱུས་ཀྱི་ཆ་རྐྱེན་ངེས་ཅན་དང་སྤྱི་ཚོགས་ཀྱི་དགོས་ངེས་ཆ་རྐྱེན་སྨིན་པ་མིན་ཚེ།མི་མང་པོའི་འདོད་བློ་དང་ལྡོག་ནས་མི་རིགས་བརྩེ་དུང་དང་ཆོས་ལུགས་དད་མོས་བརྩེ་དུང་ལ་མིང་སྣ་ཚོགས་གཡར་ཞིང་ཐབས་སྣ་ཚོགས་ཀྱི་སྒོ་ནས་སྲིད་འཛིན་ཐེ་གཏོགས་བྱེད་པའམ་བཅོས་སྒྱུར་དང་གནོན་འཚེ་བཏང་ཚེ།ཐོག་མའི་ཀུན་སློང་ལས་འགལ་བའི་མཇུག་འབྲས་ཚབས་ཆེན་ཞིག་འབྱུང་ངེས།ཆོས་ལུགས་དད་མོས་སྣ་ཚོགས་ཀྱི་གནད་དོན་སྟེང༌།མི་རིགས་མི་འདྲ་བའི་དབང་་་གིས་ཚབས་ཆེ་ཆུང་ཡང་མི་འདྲ།མི་རིགས་ལ་ཤས་ཆོས་ལུགས་དད་མོས་ལ་དེ་འདྲ་དགའ་བོ་མེད་པས།མི་རིགས་གཞན་གྱི་ཆོས་ལུགས་དད་མོས་དང་ཆོས་ལུགས་བརྩེ་དུང་ལའང་ཤེས་རྟོགས་དང་བརྩི་བཀུར་ཆེར་མི་བྱེད། མི་རིགས་ཁ་ཤས་ནི་དམངས་ཡོངས་ཆོས་ལུགས་ལ་དད་པས་དད་པའི་རྩ་བ་ཟབ་ཅིང་བརྟན་པ་དང༌། མི་རིགས་བརྩེ་དུང་དང་ཆོས་ལུགས་བརྩེ་དུང་གཉིས་འོ་ཆུ་འདྲེས་པ་ལྟར་དུ་གནས་པས།ལ་ལས་ཆོས་ལུགས་གི་ཆེད་དུ་སྲོག་གཏོང་བ་ནི་འཇིགས་མེད་བླ་མེད་དང་དཔའ་བོའི་ཚུལ་དུ་འཛིན།  མི་རིགས་གནད་དོན་དང་ཆོས་ལུགས་གནད་དོན་ནི་འདྲེས་མར་གནས་ཤིང༌།སྐབས་ལ་ལར་ཆབ་སྲིད་གནད་དོན་དང་སྤྱི་ཚོགས་སྤྱིའི་གནད་དོན་ཚབས་ཆེན་ཞིག་ཏུ་འགྱུར་བ་འང་ཡོད།དེའི་ཕྱིར།ཆོས་ལུགས་དད་མོས་དང་ལྷག་པར་དུ་ཆོས་ལུགས་བཅོས་བསྒྱུར་ཐད་ཧ་ཅང་གཟབ་གཟབ་དགོས་ཤིང༌། དམངས་སེམས་གང་ལ་ཕྱོགས་པར་བསམ་བློ་ནན་མོ་གཏོང་དགོས་ཏེ།མི་མང་གི་སེམས་ཁ་གང་ལ་འཁོར་བ་དེས་དོན་འགྲུབ་མིན་ཐག་གཅོད་པ་ཡིན། ཆོས་ལུགས་བཅོས་བསྒྱུར་རམ་བཅོས་བསྒྱུར་གང་ཞིག་ཡིན་ཡང༌།བཅོས་བསྒྱུར་བྱེད་ཡུལ་མི་རིགས་དེའི་འདོད་མོས་དང་མི་བསྟུན་པར།ཕྱི་རོལ་གྱི་སྟོབས་ཤུགས་ལ་བརྟེན་ནས་མི་རིགས་ཆེན་མོའི་སྲིད་གཞུང་གིས་བཙན་ཚུགས་ལྡན་པའི་སྲིད་འཛིན་ཐེ་གཏོགས་དང་རྩིང་སྤྱོད་ལག་ཐབས་ཐ་ན་དམག་ཤེད་ལ་བརྟེན་ནས་བཅོས་བསྒྱུར་བྱེད་པ་དེ་ནི་གླེན་རྟགས་ཤིག་ཡིན་པར་་མ་ཟད།ཉེན་ཁ་ཤིན་ཏུ་ཆེ་བ་ཞིག་ཀྱང་ཡིན།གཟུགས་མེད་བསམ་བློའི་ནུས་པ་ནི་གཟུགས་ཅན་སྟོབས་ཤུགས་ཀུན་ལས་རྒྱལ་བ་ཡིན། གཅིག་བྱས་ན་འདུ་ཤེས་ནི་དངོས་པོ་འམ་རྫས་ལས་བྱུང་བ་ཡིན་མོད།འོན་ཀྱང་རྫས་ལས་མཐོ་བའི་ཕྱིར། བཅོས་བསྒྱུར་ལ་གནས་སྐབས་ཀྱི་འབྲས་བུ་བྱུང་ཡང་རུང༌། གནས་སྐབས་ཙམ་ཞིག་ཡིན་པའི་ཁར་འགྱུར་བ་གང་མང་གི་རྗེས་སུ་སྔ་མའི་ངང་ཚུལ་དུ་ཕྱིར་སླེབས་ངེས་ཤིང༌།ལྷག་པར་དུ་བསམ་བློའི་ཁྱབ་ཁོངས་སུ་འདི་ལྟར་རོ།།  བཙན་ཚུགས་ཀྱིས་བཅོས་བསྒྱུར་བྱས་པ་འདིའི་རིགས་ནི།  ཆོས་ལུགས་དང་སྤྱི་ཚོགས་ཡང་ན་ལས་དོན་གཞན་གྱི་སྟེང་དུའང་འབྲས་བུ་གོང་ལྟར་ལགས་པས།གནའ་དེང་ཕྱི་ནང་གི་ལོ་རྒྱུས་ཀྱི་བསླབས་བྱ་ཞིག་ཀྱང་ཡིན།ཡིན་ཡང༌།ལོ་རྒྱུས་ཀྱི་བསླབས་བྱ་དེ་དང་ལེན་བྱེད་མིན་ནི་དོན་གཞན་ཞིག་སྟེ།མི་ལ་ལས་དབང་དང་སྒེར་ཁེ་གཉེར་བ་དང༌།ལ་ལ་ལོ་རྒྱུས་ལ་རྨོངས་པས་སྨྱོ་ལས་བྱེད་པ།  ལ་ལས་ཤེས་བཞིན་དུ་འཛེམ་པ་མེད་པར་བཅོས་བསྒྱུར་གྱི་ལས་བགྱི་བ་སོགས་རིགས་མང་མོད།མཇུག་འབྲས་ཐམས་ཅད་བསམ་ཐོག་ཏུ་འབབ་མི་སྲིད།དེའི་ཕྱིར།སྤྱི་ཚོགས་ལས་དོན་སོ་སོ་དང་མི་རིགས་ཆོས་ལུགས་བཅོས་བསྒྱུར་བྱེད་པའི་གནད་དོན་སྟེང༌།བྱ་དངོས་ཀྱི་འགྱུར་བ་དེ་རང་ཁོ་ནའི་འདོད་པ་ཇི་བཞིན་མི་ཡོང་བའི་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ།དངོས་ཐོག་བདེན་འཚོལ་བྱེད་དགོས།  མིའི་སེམས་ཀྱི་རང་འགུལ་རང་བཞིན་ནི་ཤིན་ཏུ་གལ་ཆེ་བ་ཡིན་མོད།དེའི་བབ་དང་བསྟུན་ནས་སྣེ་ཁྲིད་བཟང་པོ་བྱེད་པ་ལས་གཞན་པའི་ཐབས་མེད།ལོ་རྒྱུས་ཀྱི་བསླབས་བྱ་འདི་ཕྱི་རབས་པར་མཚོན་ན་ཤིན་ཏུ་གལ་ཆེན་པོ་ཞིག་ཏུ་སྣང༌།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号