ད་སྔ་གཟིགས་བཞིན་པ།  མདུན་ངོས། > གཞུང་ལུགས་ཞིབ་འཇུག > བོད་ཡིག
༄༅། །མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བའི་སྐོར།
སྤེལ་དུས།04-30  ཡོང་ཁུངས།  རྩོམ་པ་པོ།ཕུན་ཚོགས་དབང་རྒྱལ།
གོང་གསལ་ནི་གཉའ་གནོན་མི་རིགས་དང་གཉའ་གནོན་མྱོང་བའི་མི་རིགས་བར་མི་རིགས་འཐབ་རྩོད་ཀྱི་་སྤྱི་འགྲོས་དང་དེའི་ཕྱོགས་བསྡོམས་ཙམ་ཡིན།གང་ལྟར་ཀྱང༌།མི་རིགས་གནད་དོན་སྟེང༌།ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབས་བྱ་ཕྱོགས་བསྡོམས་བྱས་ན།དབང་བསྒྱུར་པས་ཞི་དྲག་གི་ཐབས་དང་སིལ་བུར་སྐྱོང་བ་སོགས་ཐབས་གང་ཞིག་སྤྱད་ཀྱང་རུང༌།འདས་ཟིན་དང་ད་ལྟ་གང་ཡིན་རུང༌།ངོ་བོའི་སྟེང་དེ་ནི་ཤིན་ཏུ་མི་འོས་པའི་གནས་ཤིག་ལགས། རྒྱུ་མཚན་ག་རེ་ཡིན་ཞེ་ན།དེ་ནི་ཡར་ཐོན་ལ་རྒོལ་བ་དང༌།དམངས་གཙོ་ལ་རྒོལ་བ།མིའི་རིགས་ཀྱི་དཔལ་ཡོན་ལ་རྒོལ་བའི་ལོག་སྤྱོད་ཀྱི་སྲིད་ཇུས་ཡིན་པས་དང༌།དེང་རབས་སྤྱི་ཚོགས་ཀྱི་ཚད་གཞི་སྟེ་དམངས་གཙོ་རིང་ལུགས་ཀྱི་མི་རིགས་འདྲ་མཉམ་དང་འགལ་བ་ལྟག་སྤྲོད་དུ་སོང་བར་མ་ཟད།སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་གྱི་མི་རིགས་འདྲ་མཉམ་ལྟ་བར་དེ་ལས་ཀྱང་རྒྱབ་འགལ་བྱས་པས་སོ།།མདོར་ན།མི་རིགས་མང་པོའི་རྒྱལ་ཁབ་ཏུ།མི་རིགས་སོ་སོའི་ཐུན་མོང་གི་རྩ་བའི་ཁེ་ཕན་གྱི་ཆེད་དུ།བྱེད་ཐབས་སྣ་ཚོགས་ཤིག་སྤེལ་བ་ཡིན་མོད༌།འཕྲལ་དོན་འཁྱོངས་ཐབས་ལས་ཕུགས་མི་རིང༌།མི་རིགས་འདྲ་མཉམ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་པ་ཡིན་ཚེ། ད་གཟོད་མི་རིགས་གནད་དོན་རྩད་ནས་ཐག་གཅོད་བྱེད་ཐུབ་ཅིང༌།ཉམ་ཆུང་མི་རིགས་དག་གི་ཁེ་ཕན་ལའང་སྲུང་སྐྱོང་བྱས་ནས།རྒྱལ་ཁབ་དེའི་མི་རིགས་ཆེན་མོའི་ཕུགས་ཀྱི་བདེ་བར་ཡང་ཕན་ཐོགས་ངེས།  མཁས་ཤིང་མཛངས་པའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་གནད་འདི་མཁྱེན་རྒྱུ་ནི་ཤིན་ཏུ་གལ་ཆེ་ཞིང༌།འདི་ལྟར་ན་ད་གཟོད་མི་རིགས་ཆེན་མོ་ནི་བདེན་དོན་དང་མཐུན་པའི་མི་རིགས་ལྟ་བ་སྲུང་སྐྱོང་བྱེད་མཁན་ཡིན་པའང་མཚོན་ཐུབ།
༥མི་རིགས་འདྲ་མཉམ་ལྟ་བ་དང་མི་རིགས་ཞར་གཏོགས་གླེང་ཕྱོགས་སྐོར།མི་རིགས་འདྲ་མཉམ་ལྟ་བ་དང་མི་རིགས་ཞར་གཏོགས་གླེང་ཕྱོགས་ནི་མདུང་རྩེ་ཁ་སྤྲོད་དུ་ཡོད་པའི་ལྟ་ཚུལ་གཉིས་ཡིན། མི་རིགས་ཞར་གཏོགས་ལྟ་ཚུལ་ནི་མི་རིགས་ཤིག་གིས་མི་རིགས་གཞན་ཞིག་བདག་གིར་བཟུང་ཞིང་དབང་བསྒྱུར་པའི་གནས་ཚུལ་འོག་ཐོན་པའི་གླེང་ཕྱོགས་ཤིག་ཡིན་ལ།ལོག་སྤྱོད་བཀས་བཀོད་ཆེད་དབང་གི་ས་རྒྱ་བསྐྱེད་པའི་སྲིད་ཇུས་ དང་ལོག་སྤྱོད་ཀྱི་མ་རྩ་བཙན་དབང་ལམ་ལུགས་སྟེ།བཙན་རྒྱལ་རིང་ལུགས་ཀྱི་གཉའ་གནོན་དབང་བསྒྱུར་འོག་་བྱུང་བའི་ལྟ་སྟངས་དང་ཐ་སྙད་ཅིག་ཡིན།   མི་རིགས་འདྲ་མཉམ་ལྟ་བ་ནི་མི་རིགས་གཉའ་གནོན་དང་མི་རིགས་དབང་བསྒྱུར་ཀྱི་མི་རིགས་ཞར་གཏོགས་བསམ་བློར་འགོག་རྒོལ་བྱེད་པའི་དམངས་གཙོ་རིང་ལུགས་ཀྱི་ལྟ་བ་ཡིན།སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འདྲ་མཉམ་ལྟ་བ་ནི་དེ་ལས་ཀྱང་སྨོས་མ་དགོས་པ་ཞིག་རེད།ཁ་སྤྲོད་དུ་ལངས་པའི་ལྟ་བ་འདི་གཉིས་ཀྱི་དབྱེ་བ་འབྱེད་ཐུབ་མིན་དེ་ཤིན་ཏུ་གལ་ཆེ་བ་ཞིག་རེད།ངོ་བོའི་སྟེང་འདི་ལྟར་དབྱེ་ཆོག་སྟེ། ལྷག་བསམ་རྣམ་དག་གིས་མི་རིགས་འདྲ་མཉམ་གྱི་ལྟ་ཚུལ་འདོན་པ་དང་ལག་ཏུ་བསྟར་བ་ཞིག་ཡིན་ཚེ།མ་མཐའ་ཡང་བསམ་བློའི་གཞུང་ལུགས་སྟེང་མི་རིགས་ཞར་གཏོགས་གླེང་གཞིར་འགོག་རྒོལ་དང་དགག་གཞག་བྱེད་ངེས།  དེ་ལས་ལྡོག་ན།མིང་སྣ་ཚོགས་གཡར་ནས་མི་རིགས་ཞར་གཏོགས་རྒྱུན་འཁྱོངས་བྱེད་ཅིང༌།བྱ་བ་དངོས་ཀྱི་ཁྲོད་མི་རིགས་འདྲ་མཉམ་རྩ་དོན་ལ་ཡིད་འཐད་དང་སྲུང་སྐྱོང་བྱེད་མི་སྲིད།  དེའི་དབང་གིས། མི་རིགས་ཞར་གཏོགས་པ་ཞིག་ཡིན་ཚེ་མི་རིགས་འདྲ་མཉམ་ལ་འཐད་མི་སྲིད་ཅིང༌།མི་རིགས་འདྲ་མཉམ་པ་ཞིག་ཡིན་ཚེ་མི་རིགས་ཞར་གཏོགས་ལྟ་ཚུལ་ཀྱང་ཡོད་མི་སྲིད།ལྟ་བ་འདི་གཉིས་ནི་ཕན་ཚུན་འགལ་བར་གནས་པས།ཁྲིམས་དབང་གི་སྟེང་ནས་ཀྱང་འདི་མིན་དེ་ཡིན་ལས་གཞི་གཅིག་ཏུ་འདུ་མི་སྲིད།མི་ཁ་ཤས་ཤིག་སྟེ་དོན་དངོས་སྟེང་བཀས་བཀོད་ཆེད་དབང་རིང་ལུགས་ཀྱི་ལོ་རྒྱུས་སྨྲ་བའི་ཚབ་མཚོན་དུ་གཏོགས་པའི་མི་ཁ་ཤས་ཤིག་གིས།ཐ་སྙད་དམ་ཕྱིའི་རྣམ་པའི་སྟེང་ནས་མི་རིགས་འདྲ་མཉམ་ཁས་ལེན་པའི་མཚུངས་སུ།བྱེ་བྲག་གི་གནད་དོན་སྟེང་མི་རིགས་ཞར་གཏོགས་ལྟ་བ་རྒྱུན་འཁྱོངས་བྱེད།མ་མཐའི་གཏན་ཚིགས་དང་ཡང་འགལ་བའི་བཤད་སྟངས་འདིའི་རིགས་ནི།ཡང་མིན་ན་ངོས་ཟིན་སྟེང་གི་ནོར་འཁྲུལ་དང༌།དེ་མིན་ན་་དབང་གདོན་གྱིས་བརླན་ཞིང་འདྲ་མཉམ་ལ་ཁ་གཡར་ནས་རང་དོན་འབའ་ཞིག་གཉེར་བའི་མི་རིགས་ཞར་གཏོགས་ལྟ་བ་འཛིན་མཁན་ཞིག་གོ།།
ཚུལ་འདི་ལས་ང་ཚོས་མཐོང་ཐུབ་པ་ནི།ཕྱོགས་གཅིག་ནས་མི་རིགས་འདྲ་མཉམ་ཁས་ལེན་ཞིང༌།ཕྱོགས་གཞན་ཞིག་ནས་མི་རིགས་ཞར་གཏོགས་ལྟ་བ་རྒྱུན་འཁྱོངས་བྱེད་པ་དེ་ཡིན་ལ།དོན་དངོས་སྟེང་མི་རིགས་འདྲ་ མཉམ་གྱི་མིང་གཡར་ནས་མི་རིགས་ཞར་གཏོགས་ཀྱི་ལས་སྒྲུབ་པ་ཞིག་གོ།།རྒྱལ་ཁབ་ཞར་གཏོགས་ལྟ་བ་དང་རྒྱལ་ཁབ་འདྲ་མཉམ་ལྟ་བའང་འདི་དང་གཅིག་འདྲ་ཡིན་ཏེ།མི་རིགས་ཡང་ན་རྒྱལ་ཁབ་བར་ལ་བདག་དབང་དང་གཟུགས་འགྱུར་བའི་ཁྱད་དབང་ཡོད་པར་སྨྲ་བ་དེ།གོང་ནས་བསྟན་པ་བཞིན་ངོ་བོའི་སྟེང་བཙན་དབང་དང་རྒྱ་བསྐྱེད་རིང་ལུགས་ཀྱི་ལྟ་བར་གཏོགས་ཤིང༌།དམངས་གཙོ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས།ལྷག་པར་དུ་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བ་དང་འགལ་བར་མ་ཟད།  བཙན་རྒྱལ་རིང་ལུགས་དང་མི་སེར་སྤེལ་བའི་རིང་ལུགས་ཀྱི་ལྟ་བ་དང་གཅིག་འདྲར་གྱུར་ཡོད།དེ་ཉིདདམངས་གཙོ་རྒྱལ་ཁབ་དང་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལས་བསྟན་པའི་མི་རིགས་འདྲ་མཉམ་དང་རིགས་རྒྱུད་འདྲ་མཉམ་གྱི་རྩ་དོན་དང་གཞི་ནས་འགལ་བ་ཡིན།འོན་ཏེ་མཚོན་སྟངས་ཀྱི་ཆ་ནས་ལ་ཤས་ཤིག་ཤེས་མེད་ཚོར་མེད་ངང་དང༌།ལ་ཤས་ཤིག་མངོན་སུམ་འཛེམ་མེད་དུའོ།།
འདི་ནས།རྩིས་མེད་དུ་གཏོང་མི་རུང་ཞིང་དོན་དངོས་སུ་རྩིས་མེད་དུ་བཏང་འདུག་པའི་གནད་དོན་ཚབས་ཆེན་ཞིག་གླེང་འདོད་པ་ནི།མི་རིགས་མང་པོའི་རྒྱལ་ཁབ་ཏུ།མི་རིགས་ཆེ་གྲས་རིགས་ཀྱི་ལོ་རྒྱུས་སྨྲ་བ་དང་དབང་འཛིན་པ་ལ་ཤས་ཀྱིས།རྟག་ཏུ་ཕྱི་ཚུལ་སྟེང་མི་རིགས་འདྲ་མཉམ་ཀྱི་མིང་གཡར་ཞིང༌།དོན་དངོས་སྟེང་མི་རིགས་ཞར་གཏོགས་བསམ་བློའི་མཛུབ་སྟོན་འོག་མངའ་ཁོངས་ཀྱི་ཉམ་ཆུང་མི་རིགས་དག་གི་མདུན་དུ་བཅིངས་འགྲོལ་བྱེད་མཁན་དང་འཇིག་རྟེན་མགོན་པོ།ཡང་ན་གནང་སྦྱིན་གཏོང་མཁན་གྱི་ཚུལ་བཟུང་ནས།
ངའོ་སྙམ་པའི་རང་ཆེ་རང་རློམས་ཀྱི་བསམ་བློ་ཞིག་གིས་གཞན་དབང་འཕྲོག་ནས་མི་རིགས་ཉམ་ཆུང་དག་ལ་་བཀའ་མངགས་བཀོད་འདོམས་བྱེད་ཀྱིན་པར་མ་ཟད།གང་འདོད་འདོད་ཀྱིས་དེ་དག་གི་གནས་བབ་དང་མ་འོངས་པའི་མདུན་ལམ་མམ་ལས་དབང་ཐག་གཅོད་ཅིང་ཡོད།མི་འདིའི་རིགས་ཀྱི་སེམས་གཏིང་ན། གཞུང་ལུགས་རྩ་དོན་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཏན་འཁེལ་ནི་ཕྱོགས་གཅིག་ཡིན་ལ།འཚོ་བའི་ལག་ལེན་ཁྲོད་དུ་བྱེ་བྲག་གང་ཞིག་ལག་བསྟར་བྱེད་པ་ནི་དོན་གཞན་ཞིག་སྟེ།ཁ་ནས་དྲིལ་སྒྲོག་བྱེད་པ་དང་ལག་ནས་ལས་ཀྱིན་པ་ཡ་མ་བརླ་རུ་གྱུར་ཡོད།འབྲེལ་ཡོད་མགོ་ཁྲིད་དག་གིས་མི་རིགས་ཞར་གཏོགས་ཀྱི་ནོར་འཁྲུལ་ལྟ་བའི་མཛུབ་སྟོན་འོག་མི་རིགས་ལས་དོན་སྣ་ཚོགས་བསྒྲུབས་པས་ན།མི་རིགས་སོ་སོའི་བར་གྱི་འབྲེལ་བ་དེ་ཡང་ཚད་ལྡན་དང་བདེ་ཐང་གི་བགྲོད་ལམ་དུ་ཞུགས་དཀའོ།  འདི་ནི་མི་རིགས་གནད་དོན་ལེགས་གྲུབ་མི་ཡོང་བའི་རྩ་བའི་རྒྱུ་རྐྱེན་ཡིན།
གོང་བཤད་མདོར་བསྡུས་ན།   མི་རིགས་འདྲ་མཉམ་གླེང་ཞོར་དུ་མི་རིགས་ཞར་གཏོགས་རྒྱུན་འཁྱོངས་བྱེད་པའི་སྣང་ཚུལ་འདིའི་རིགས་འགོག་དགོས་ན།གནད་ཀྱི་དམ་པ་ནི་མི་རིགས་མང་པོའི་རྒྱལ་ཁབ་ཀྱི་མི་རིགས་ཆེན་མོའི་དབང་འཛིན་པའི་འདུ་ཤེས་གསར་བར་བསྒྱུར་དགོས་ཤིང༌།གཞན་ལ་གནོད་འཚེ་བཏང་ནས་རང་ཁེ་གཉེར་བའི་བཙན་དབང་རིང་ལུགས་ཀྱི་བསམ་བློ་སྟེ་མི་རིགས་ཉམ་ཆུང་དེ་གནའ་སྔ་མོ་ནས་རང་གི་ཁོངས་སུ་འདུས་པར་འདོད་པའི་སྲོལ་རྙིང་མཐའ་ལྷུང་གི་ཆབ་སྲིད་ལྟ་བ་རྒྱབ་ཏུ་དོར་ནས།མི་རིགས་སོ་སོ་གཞི་ནས་འདྲ་་མཉམ་ཡིན་པའི་རྩ་དོན་སྟེང་ཕན་ཚུན་མཛའ་འདྲིས་དང་མཉམ་འབྲེལ།མཐུན་སྒྲིལ་སྒོས་མཉམ་གནས་མཉམ་དར་གྱི་སྤྱི་ཚོགས་གསར་བ་ཞིག་འཛུགས་སྐྲུན་བྱེད་པར་འབད་པ་བྱེད་དགོས་པ་ཡིན།
༦མི་རིགས་རང་བདག་དབང་ཆའི་སྐོར།མི་རིགས་རང་བདག་དབང་ཆ་ནི་མི་རིགས་གནད་དོན་སྟེང་གི་་གཞི་རྩའི་རྩ་དོན་ཞིག་ཡིན།  རྩ་དོན་འདི་གཟབ་ནན་ངང་སྐབས་དེའི་གུང་ཁྲང་རྒྱལ་སྤྱིའི་རྩ་འཛིན་དང་རྒྱལ་ཁབ་སོ་སོའི་གུང་ཁྲང་ཏང་གི་སྒྲིག་ཡིག་སྟེང་བྲིས་ཡོད་ཅིང༌།འདི་ནི་གསར་བརྗེའི་ནང་དོན་གཅིག་ཡིན། གཞན་ཡང་དེང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྒྲིག་ཡིག་ཏུའང་གཏན་འཁེལ་བྱས་འདུགལེ་ཉིན་གྱིས་བརྩམས་པའི《མི་རིགས་རང་བདག་དབང་ཆར་དཔྱད་པ》ཞེས་པའི་དེབ་ལས།སུ་ཞིག་གིས་མི་རིགས་རང་བདག་དབང་ཆ་ཁས་མི་ལེན་པས་ན།དེ་ནི་སྤྱི་ཚོགས་རིང་ལུགས་པ་ཞིག་མིན་ཞིང༌།ཐ་ན་མ་རྩ་རིང་ལུགས་ཀྱི་དམངས་གཙོ་རིང་ལུགས་པ་ཞིག་ཀྱང་མིན།ཞེས་པ་དང༌།ཡང་དེབ་དེ་ལས།མི་རིགས་རང་བདག་དབང་ཆ་དེ་་དམངས་གཙོ་རིང་ལུགས་པ་ཞིག་ལ་མཚོན་ན་ཚད་ཆེས་མཐོ་བའི་རྩ་འཛིན་ཡིན་ཞིང༌།སྤྱི་ཚོགས་རིང་ལུགས་པ་ཞིག་ལ་མཚོན་ན།དེ་ནི་ཚད་ཆེས་དམའ་བའི་རྩ་འཛིན་ཡིན་པ་སྨོས་མ་དགོས་སོ།།ཞེས་བསྟན་འདུག་པར་མ་་་་ཟད།འབྲེལ་ཡོད་ཀྱི་གནད་དོན་རབས་དང་རིམ་པ་ཞིག་ལ།གཞུང་ལུགས་དང་ལག་ལེན་ཟུང་གི་སྟེང་ནས་དབྱེ་་་ཞིབ་ནན་མོ་དང་མཐའ་དཔྱོད་མཐིལ་ཕྱིན་པ་གནང་འདུག
འཛམ་གླིང་ཡོངས་ཀྱི་མི་རིགས2000ལྷག་གི་ཁྲོད་དུ།70%ནི་མི་རིགས་མང་པོའི་རྒྱལ་ཁབ་ཏུ་གནས་ཤིང༌།དེ་ལས་ལ་ལ་ཞིག་རྒྱལ་ཁབ་བསྣོལ་མར་གནས།མི་རིགས་མང་པོའི་རྒྱལ་ཁབ་ཏུ་ད་གཟོད་མི་རིགས་རང་བདག་དབང་ཆ་ལག་ཏུ་བསྟར་བ་ཡིན།   མི་རིགས་རང་བདག་དབང་ཆ་ཞེས་པ་ནི།མི་རིགས་སོ་སོར་རང་གི་ལས་དབང་དང་མདུན་ལམ་ཐག་གཅོད་པའི་དབང་ཆ་ལྡན་པ་ལ་ཟེར་ཏེ།རྒྱལ་ཁབ་གང་ཞིག་དང་ཁ་གྱར་ནས་མི་རིགས་རང་ཉིད་ཀྱི་སྒེར་དབང་གི་རྒྱལ་ཁབ་ཞིག་འཛུགས་པའམ་ཡང་ན་མི་རིགས་གཞན་དང་མཉམ་འབྲེལ་སྒོས་རྒྱལ་ཁབ་གཅིག་ཏུ་གནས་པ་གང་རུང་རང་ཐག་གཅོད་པའི་དབང་ཆ་ལ་གོ།མདོར་ན་མི་རིགས་ཁ་གྱར་དང་མི་རིགས་མཉམ་འབྲེལ་གྱི་དབང་ཆ་སྟེ་ཕྱོགས་འདི་གཉིས་རྩོད་སྒྲུབ་གཅིག་གྱུར་ཡོང་བ་ནི་མི་རིགས་རང་བདག་དབང་ཆའི་གོ་དོན་ཁ་ཚང་ཡིན།  འདི་ནི་གཉེན་དོན་གྱི་དབང་ཐག་ཕ་མས་གཅོད་པའི་སྲོལ་རྙིང་གཉེན་སྲོལ་ལ་དགག་ནས་རང་དབང་རང་འཐད་ཀྱི་གཉེན་སྲོལ་བྱུང་བ་བཞིན།རང་དབང་རང་འཐད་ཀྱི་ནང་དོན་ལ་བཟའ་ཟླ་ཕན་ཚུན་འགྲིག་པ་རང་དབང་དང་འཐོར་བ་རང་དབང་ཡིན་པའི་ཕྱོགས་གཉིས་འདུས་པ་དང་ཀུན་ནས་མཚུངས།འོན་ཀྱང་བཅའ་ཁྲིམས་སྟེང་བཟའ་ཟླ་འཐོར་ཆོག་པའི་གཏན་འཁེལ་དེ་རྒྱུ་རྐྱེན་ལ་བལྟོས་པ་མེད་པར་གང་འདོད་འདོད་ཀྱིས་བཟའ་འཐོར་བྱེད་པར་བསྐུལ་བ་ཞིག་མིན་ཏེ།བཟའ་ཟླ་ཕན་ཚུན་བར་གྱི་འདྲ་མཉམ་དང་མཛའ་མཐུན་གྱི་ཁྱིམ་གྱི་འབྲེལ་བ་སྲུང་སྐྱོང་བྱེད་པའི་ཆེད་དུའོ།།དེ་བཞིན་མི་རིགས་རང་བདག་དབང་ཆའི་ཐད་ཀྱང་རྒྱུ་རྐྱེན་ལ་བལྟོས་པ་མེད་པར་མི་རིགས་སོ་སོར་གྱར་བར་བསྐུལ་བ་ཞིག་མིན་ཏེ། མི་རིགས་འདྲ་མཉམ་གྱི་རྨང་གཞིའི་སྟེང་རང་མོས་ཀྱིས་མཉམ་འབྲེལ་དང་མཐུན་སྒྲིལ་བྱེད་པའི་ཆེད་དུའོ།།དེའི་ཕྱིར།མི་རིགས་རང་བདག་དབང་ཆ་དེ་མི་རིགས་ཁ་བྲལ་དབང་ཆར་གོ་བའམ།ཡང་ན་མི་རིགས་རང་བདག་དབང་ཆ་དེ་མི་རིགས་མཉམ་འབྲེལ་རྐྱང་བར་གོ་བ་གང་ཡིན་ཡང༌།ཐམས་ཅད་གཞུང་ལུགས་སྟེང་གི་མ་རིག་པའི་མཐའ་ལྷུང་གི་སྐྱོན་དུ་གཏོགས།མཐའ་འདི་གཉིས་ནི་ལག་ལེན་སྟེང་བྲལ་བར་དོགས་པའི་དངངས་འཇིགས་དང་བྲལ་བར་བསམ་པའི་དགའ་མྱོས་ལས་བྱུང་བ་ཡིན།རྒྱུ་རྐྱེན་ལ་བལྟོས་པ་མེད་པར་བྲལ་བར་འདོད་པའི་དགའ་མྱོས་ལ་དགོངས་ཡངས་གནང་ཆོག་སྟེ།སྤྱིར་བཏང་དེ་ནི་ཉམ་ཆུང་མི་རིགས་སམ་གཉའ་གནོན་མྱོང་བའི་མི་རིགས་ལ་འབྱུང་སླ་བའི་སེམས་ཁམས་ཤིག་ཡིན།འོན་ཏེ་རྒྱུ་རྐྱེན་ལ་བལྟོས་པ་མེད་པར་བྲལ་བར་དོགས་པའི་དངངས་འཇིགས་ལ་ནི་དགོངས་ཡངས་གནང་བར་མི་བཏུབ་སྟེ། རྒྱུ་མཚན་དེ་ནི་གཙོ་གཞིའི་མི་རིགས་ཆེན་མོའམ་གཉའ་གནོན་མི་རིགས་ལ་འབྱུང་སླ་བའི་སེམས་ཁམས་ཤིག་གོ། ། བཟའ་ཟླའི་བར་དུའང་འདི་ལྟར་ཏེ།བུད་མེད་འཐོར་དོགས་ཀྱིས་བཟའ་འཐོར་དབང་ཆར་ངོ་རྒོལ་བྱེད་པ་དེའི་འགག་དོན་ནི་བུད་མེད་ལ་བརྙས་བཅོས་བྱེད་པའི་ཕོ་མཆོག་མོ་དམན་གྱི་བཙན་དབང་ལྟ་སྤྱོད་ལས་བྱུང་བ་ཡིན།དེས་ན་བཟའ་ཟླའི་བར་འདྲ་མཉམ་བྱམས་བརྩེས་ཁེངས་པའི་འབྲེལ་བ་ཞིག་འཛུགས་དགོས་པ་ནི་སྨོས་མ་དགོས་སོ། །
གཞུང་ལུགས་གང་ཞིག་ཡིན་ཡང་ཡུལ་དུས་རྐྱེན་གསུམ་ལ་བལྟོས་ནས་འགྱུར་བཞིན་པ་ནི་ཆོས་ཉིད་དེ།མི་རིགས་གནད་དོན་སྟེང་ཡང་དེ་བཞིན་ཡིན།མི་རིགས་ཆེ་ཆུང་གང་ཡིན་ཡང༌།རང་གཙོ་རང་བདག་གི་དབང་ཆ་ལྡན་པ་ནི་བཤད་མ་དགོས་པ་རེད།ཡིན་ཡང་གཞུང་ལུགས་རྩ་དོན་སྟེང་གི་རང་བདག་དབང་ཆ་ནི་ཕྱོགས་གཅིག་དང༌།བྱེ་བྲག་ཇི་ལྟར་ལག་བསྟར་བྱེད་པ་དང་མངོན་འགྱུར་བྱས་རྗེས་ཇི་ལྟར་རྒྱུན་སྐྱོང་བ་ནི་ཕྱོགས་གཞན་ཞིག་ཡིན།ཅིའི་ཕྱིར་ཞེ་ན།མི་རིགས་ཕན་ཚུན་བར་གྱི་སྐབས་དེ་དང་གནས་དེའི་ཕྱི་ནང་གི་སྟོབས་ཤུགས་དངོས་ཀྱི་བསྡུར་ཚད་ལ་རག་ལས་ཤིང༌། །གཞན་དུ་སྐབས་ལ་ལར་རྐྱེན་ཁྱད་པར་བ་ལའང་རག་ལས།དེ་ཡང་མི་རེ་རེར་ཁྲིམས་དབང་སྟེང་རང་དབང་རང་འཐད་ཀྱི་གཉེན་དོན་ཐག་གཅོད་དབང་ཆ་ཡོད་ནའང་བྱེ་བྲག་ལག་བསྟར་བྱེད་པའི་སྐབས་སུ་རྐྱེན་སྣ་ཚོགས་ཀྱི་བཀག་འགོག་ཐེབས་པ་སྟེ་མི་སྒེར་གྱི་སྐྱེ་ཁམས་དང་སེམས་ཁམས་ཀྱི་ཚད་བཀག་ཐེབས་སྲིད་པ་ཇི་བཞིན་ནོ། །
མདོར་བསྡུས་ན།མི་རིགས་རང་བདག་དབང་ཆར་རྩ་བའི་སྡོམ་ཚིག་ཅིག་འགོད་འོས་ཏེ།གནད་དོན་གྱི་ངོ་བོ་དང་ནང་དོན།མི་རིགས་ཀྱི་ཐུན་མོང་གི་ཁེ་ཕན་བཅས་ལ་བསམ་བློ་བཏང་ན།མི་རིགས་རང་བདག་དབང་ཆའི་ཁ་གྱར་བའི་དབང་ཆ་དང་མཉམ་འབྲེལ་གྱི་དབང་ཆ་གང་ཡང་མེད་དུ་མི་རུང་མོད།ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་གནས་དགོས་པ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན།གལ་ཏེ་ཕུགས་ཀྱི་ཐུན་མོང་གི་ཁེ་ཕན་ལ་བསམས་ན།ཁ་གྱར་དབང་ཆ་ནི་ལག་ཐབས་ཤིག་དང༌།མཉམ་འབྲེལ་དབང་ཆ་ནི་དམིགས་ཡུལ་ཡིན། མི་རིགས་མཐུན་སྒྲིལ་དང་མཉམ་འབྲེལ་གྱི་དམིགས་ཡུལ་མངོན་དུ་འགྲུབ་ཆེད།སྐབས་ལ་ལར་ཁ་གྱར་དབང་ཆ་བེད་སྤྱོད་བཏང་ན།ད་གཟོད་མི་རིགས་འདྲ་མཉམ་རྨང་གཞི་བྱས་པའི་མཉམ་འབྲེལ་དང་མཐུན་སྒྲིལ་ཆགས་ཐུབ།དེར་བརྟེན།མི་རིགས་རང་བདག་དབང་ཆའི་རྩ་བའི་གོ་དོན་དང་དམིགས་ཡུལ་ནི་བྱེད་བདེ་བོའི་ངང་ཁ་གཏོར་བའམ་སྒེར་ཚུགས་བྱེད་པ་དེ་མིན་ཏེ།མཉམ་འབྲེལ་དང་མཐུན་སྒྲིལ་གྱི་ཆེད་དང་མི་རིགས་གཉའ་གནོན་ལ་རྦད་ཆོད་ཀྱིས་ངོ་རྒོལ་བྱེད་པའི་ཆེད་དུའོ།།  གཉའ་གནོན་མེད་ཚེ་ཁ་བྲལ་ཡོད་མི་སྲིད་ཅིང༌།དེ་བཞིན་ཁ་བྲལ་བར་སྐྲག་ན་གཉའ་གནོན་ཀྱང་བྱེད་མི་འོས།དེའི་ཕྱིར།མི་རིགས་རང་བདག་དབང་ཆའི་ཕྱོགས་གཙོ་བོ་ནི་མི་རིགས་མཉམ་འབྲེལ་དང་མཐུན་སྒྲིལ་བྱེད་རྒྱུ་དེ་ཡིན།དེ་ཡང་བཟའ་ཟླའི་འབྲེལ་བའི་ཁྲོད་ཀྱི་རང་དབང་རང་བདག་ལྟར།འཐོར་བར་བསྐུལ་བ་ནི་མ་ཡིན་པར་བཟའ་ཚང་མཐུན་འགྲིག་ཡོང་བར་འབད་པ་ཡིན།གལ་ཏེ་སུ་ཞིག་གིས་མི་རིགས་རང་བདག་དབང་ཆར་ངོ་རྒོལ་བྱས་ཚེ།དེ་ནི་བཟའ་ཟླའི་རང་དབང་ལ་ངོ་རྒོལ་བྱེད་པ་བཞིན་གཞུང་ལུགས་སྟེང་ཚུགས་ཐུབ་ཅིག་ཡིན་མི་སྲིད་ལ།ལག་ལེན་སྟེང་ལོག་ལམ་དུ་འགྲོ་སྲིད།མི་རིགས་རང་བདག་དབང་ཆའི་ངོ་བོ་ནི་ཁ་བྲལ་བའི་ཆེད་དུ་མིན་པར་འབྲེལ་བྲལ་གཉིས་འདུས་ཤིག་ཡིན་པ་རྟོགས་ཚེ།མཉམ་འབྲེལ་ཡོང་བའི་ཆེད་དུ་གཉའ་གནོན་བྱེད་མི་འོས་ཤིང༌།  དེ་ལྟ་མིན་ཚེ་ཁ་བྲལ་བའི་དབང་ཆ་ཡོད།འདི་ལས་ཤེས་ཐུབ་པ་ནི།ཁ་བྲལ་བའི་དབང་ཆ་དང་ལྡན་ཚེ།མི་རིགས་གཉའ་གནོན་མི་མྱོང་བར་འགན་སྲུང་བྱེད་ཐུབ་ཅིང༌།མཛའ་བཤེས་མཉམ་འབྲེལ་གྱི་མི་རིགས་འབྲེལ་བའང་མངོན་འགྱུར་བྱེད་ཐུབ།འབྲེལ་བ་དང་བྲལ་བའི་དབང་ཆ་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་གནས་པའི་རྩོད་སྒྲུབ་ཀྱི་འབྲེལ་བ་རྟོགས་ཚེ།ད་གཟོད་མི་རིགས་རང་བདག་དབང་ཆ་ནི་མི་རིགས་གནད་དོན་ཐག་གཅོད་པའི་གཞི་རྩའི་ཚད་གཞི་ཡིན་པ་ཤེས་ངེས་ཤིང༌།སྤྱི་ཚོགས་རིང་ལུགས་པ་དང་གུང་ཁྲང་ཏང་མིས་གནད་འདི་རང་ཉིད་ཀྱི་ཏང་གི་སྒྲིག་ཡིག་དང་རྩ་འཛིན་སྟེང་ཐག་གཅོད་བྱེད་པའི་དགོས་པའང་རྟོགས་ངེས།དེའི་ཕྱིར།མི་རིགས་རང་བདག་དབང་ཆ་ཁས་ལེན་མིན་དང༌།མི་རིགས་སོ་སོར་རང་དོན་རང་ཐག་གཅོད་པའི་དབང་ཆ་ཡོད་པ་ཁས་ལེན་མིན་དེ།དམངས་གཙོ་རིང་ལུགས་པ་དང་སྤྱི་ཚོགས་རིང་ལུགས་པ་ཡང་སྒོས་མར་ཁེ་སི་རིང་ལུགས་པ་དངོས་མ་ཡིན་མིན་ཐག་གཅོད་བྱེད་ཀྱི་ཚད་གཞི་ཞིག་གོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号