ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ།
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཚེ་རིང་རྡོ་རྗེ།

      སློབ་ཚན་འདིར་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ངོ་སྦྲོད་བྱས་ཡོད་ལ།ཁོང་ཉིད་རྒྱལ་བོར་བཞུགས་ཚུལ་དང་མཛད་རྗེས་རྣམས་རགས་བསྡུས་ཀྱིས་བསྟན་ཡོད་པས།དེའི་སྐོར་གྱི་འབྲེལ་ཡོད་ཤེས་བྱ་ཤེས་རྟོགས་ཡོང་རྒྱུ།

བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་ཚུལ་ལ་འདོད་ཚུལ་སྣ་ཚོགས་ཤིག་ཡོད། དབུས་གཙང་སྤོ་བོའི་ཡུལ་ན་བྱ་མོ་བཙུན་བྱ་བའི་བུད་མེད་ཅིག་ལ་སྲས་དགུ་ཡོད་པའི་ཐ་ཆུང་ཨུ་བེ་ར་བྱ་བ། བཞིན་གྱི་དཀྱིལ་འཁོར་ལེགས་་པ། ཕྱག་སོར་དྲ་བས་འབྲེལ་བ། ཤིན་ཏུ་མཐུ་ཆེ་བས་ཡུལ་མི་ཀུན་གྱིས་སྤྱུགས་ཏེ་བོད་དུ་བྱོན་པའི་ཚེ། བོད་རྣམས་རྗེ་བོ་འཚོལ་བ་དང་འཕྲད་ནས། ཁྱེད་སུ་ཡིན། གང་ནས་འོངས་དྲིས་པས། ང་སྤོ་བོའི་ཡུལ་ནས་འོངས། ད་བོད་ལ་འགྲོ་ཞེས་ལན་བཏབ་པ་ན།འོ་ན་ཁྱོད་ལ་ནུས་པ་ཅི་ཡོད་ཟེར། དེ་ན་རེ། ང་ནུས་མཐུ་ཆེ་བས་ཡུལ་མི་ཀུན་གྱིས་སྤྱུགས་པ་ཡིན། འོ་ན་ཁྱོད་ཀྱིས་བོད་རྗེ་ཨེ་ནུས་ཞེས་པས།ཁྱོད་རང་རྣམས་ཀྱིས་གཉའ་བར་ཁྲི་ལ་བཏེག་ཅིག མཐུ་སྟོབས་རྫུ་འཕྲུལ་ཡོད་པ་གདོན་མི་ཟ་ཟེར་བ་དང༌།དེར་བོད་འབངས་རྣམས་ཀྱིས་ཇི་ལྟར་གསུངས་བ་བཞིན་གཉའ་བར་བཏེགས་ནས་རྗེར་ཁུར་བས་མཚན་ཡང་གཉའ་ཁྲི་བཙན་པོ་ཐོགས་པར་བཤད།
འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་རྒྱལ་བོ་ཐོག་མ་ཡིན་ལ།རྗེ་ཡི་རྒྱན་ཆས་སྤྲས་པའི་སྲོལ་དང་། ཕ་ཤུལ་བུ་འཛིན་གྱིས་རྒྱལ་རྒྱུད་འཛིན་པའི་སྲོལ་ཡང་དུས་དེ་ནས་དར་བ་མ་ཟད། འབངས་རྣམས་དམག་འཁྲུག་དང་མུ་གེའི་སྡུག་བསྔལ་ལས་བསྐྱབས་ཤིང༌།ཡུལ་ཡར་ལུང་ཞེས་པའི་ས་ཆར་ཕོ་བྲང་ལ་སྔ་བ་ཡུམ་བུ་བླ་མཁར་བཞེངས་ཏེ་བོད་ཡུལ་ཡོངས་རྫོགས་གཅིག་གྱུར་ཡོང་བའི་འགོ་བརྩམས་པའང་ཡིན་པས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུད་འདེད་དང་བྱས་རྗེས་བཞག་ཡོང་པ་རེད།
 01_07_17.jpg
བསམ་གཞིག    སྦྱང་གཞི།
༡.བོད་ཀྱི་རྒྱལ་བོ་ཐོག་མའི་མིང་ལ་ཅི་ཟེར།གང་ནས་བྱོན་པ་རེད།
༢.ཁོང་ཉིད་རྒྱལ་བོར་བཞུགས་རྗེས་བྱས་རྗེས་གང་དག་བཞག་པ་རེད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号