ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན།
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཚེ་རིང་རྡོ་རྗེ།

      སློབ་ཚན་འདིའི་ནང་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས་མདོར་བསྡུས་སུ་བཀོད་ཡོད།ཁོང་གི་ཆོས་སྲིད་གཉིས་ཀའི་ཐད་ཀྱི་མཛད་རྗེས་རགས་ཙམ་ཡིད་ལ་ངེས་དགོས།

དེ་ཡང་བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་བཙན་པོ་ཁྲི་སྲོང་ལྡེ་བཙན་ནི།བོད་ཀྱི་ལོ་རྒྱུས་སྟེང་ཡོངས་སུ་གྲགས་པའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་གྲས་ཡིན་ཞིང༌། ཡབ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་དང༌། ཡུམ་གྱིམ་ཤིང་ཀོང་ཇོ་གཉིས་ཀྱི་སྲས་སུ་སྤྱི་ལོ༧༣༠ལོར་སྐུ་འཁྲུངས་ཤིང༌། སྐུ་ན་ཆུང་བའི་དུས་སུ་བློན་པོ་ལོག་ལྟ་ཅན་འབལ་ལྡོང་ཙབ་དང༌། ལང་མྱེས་ཟིགས་གཉིས་ཀྱིས་ཡབ་རྗེ་ཁྲི་ལྡེ་གཙུག་བརྟན་བཀྲོངས་ནས་བོད་ཁམས་ལ་མི་བདེ་བ་བྱུང་ཞིང་བཙན་པོ་ཁོང་ཉིད་ལའང་གླགས་འཚོལ་བའི་ཚེ། བློན་པོ་ཆེན་པོ་མཆིམས་རྒྱལ་གཟིགས་སོགས་ཀྱིས་སྐུ་ན་གཞོན་པའི་རྒྱལ་བུ་བསྐྱབས་ཏེ་རྒྱལ་སྲིད་ཀྱི་ཁྲིར་མངའ་གསོལ་ཞིང༌།བཙུན་མོ་ལྔ་ཁབ་ཏུ་བཞེས། ཁོང་གི་མཛད་རྗེས་གཙོ་བོ་ནི།དང་པོ།ཆབ་སྲིད་སྟེང་རྒྱལ་བློན་དང་བློན་པོ་ཆེ་ཆུང་གི་དབྱེ་བ་ཕྱེས་ཏེ་སོ་སོའི་ཐོབ་ཐང་དང་གོ་གནས་ཀྱི་རིམ་པ།ཐ་ན་བསད་པ་ལ་སྟོང་འཇལ་བ་སོགས་ཀྱི་ཚད་ཀྱང་ཁྲིམས་ཀྱིས་གཏན་འཁེལ་བྱས་ནས་ནང་གི་རྒྱལ་སྲིད་ཐབས་ཀྱིས་བསྐྱངས་བ།གཉིས་པ།ནང་བསྟན་དར་རྒྱས་སུ་བཏང་བ།གསུམ་པ།མཁན་ཆེན་ཞི་བ་འཆོ་དང་སློབ་དཔོན་པདྨ་འབྱུང་གནས་གཉིས་གདན་དྲངས་ཏེ་དམ་པའི་ཆོས་རྒྱུན་སྤེལ་བ།བཞི་བ།བསམ་ཡས་ལྷ་ཁང་བཞེངས་ཏེ་ཐོག་མར་ཉམས་སད་ཀྱི་ཚུལ་དུ་རྒྱལ་བོའི་སྐུ་འཁོར་རྦ་གསལ་སྣང་སོགས་བོད་པ་གཞོན་ནུ་བདུན་ལ་རབ་བྱུང་སྒྲུབ་པར་བརྟེན།བོད་རང་ལ་ཆོས་བྱེད་ཀྱི་དགེ་འདུན་ཐོག་མར་བྱོན་པ།ལྔ་བ། རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡ་ན་བྱ་བས་ཆོས་ལོག་སྤེལ་བ་ལ་རྒྱ་གར་གྱི་མཁན་པོ་ཀ་མ་ལ་ཤྰི་ལ་གདན་དྲངས་ནས་རྩོད་པས་ཚར་བཅད་པ།དྲུག བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་རྒྱ་བོད་བར་གྱི་དམག་འཁྲུག་ཇེ་དྲག་ཏུ་སོང་སྟེ་སྦྱི་ལོ༧༦༣ལ་བོད་དམག་གིས་རྒྱའི་རྒྱལ་ས་བཅོམ་པ་སོགས་བོད་ཆེན་པོའི་མངའ་ཐང་ཇེ་ཆེར་སོང་སྟེ་མཐའ་བཞིར་རྒྱ་བསྐྱེད་པར་བརྟེན།སུམ་གཉིས་ས་ཡི་ཁྱོན་ལ་དབང་བསྒྱུར་བའི་འཛམ་གླིང་རྒྱལ་བོ་ཞེས་བསྔགས་པའང་དོན་ལ་གནས་ཤིང་ཆོས་སྲིད་ཐད་ནས་མཛད་རྗེས་ཧ་ཅང་ཆེ་བས་ང་ཚོ་ཕྱི་རབས་པ་རྣམས་ཀྱིས་ཇི་སྲིད་བར་དུ་བཀའ་དྲིན་ཡིད་ལ་དྲན་ཞིང་མཛད་རྗེས་གླེང་བར༌རིགས་སོ། །                                  
 01_07_21.jpg
བསམ་གཞིག     སྦྱང་གཞི།
༡. ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ནི་རྒྱལ་རབས་ག་ཚོད་ཙམ་ཡིན་ཞིང་། དུས་ནམ་ཞིག་ལ་སྐུ་འཁྲུངས་པ་ཡིན།
༢. ཁོང་གི་མཛད་རྗེས་གཙོ་བོ་གང་དག་ཡིན་པ་ཕྲིས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号