ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །པཎ་ཆེན་བློ་བཟང་ཆོས་རྒྱན།
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཚེ་རིང་རྡོ་རྗེ།

      སློབ་ཚན་འདིའི་ནང་དུ་པཎ་ཆེན་སྐུ་ཕྲེང་བའི་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ལོ་རྒྱུས་རགས་ཙམ་བཀོད་ཡོད་ལ། ང་ཚོས་སློབ་ཚན་འདི་བསླབས་པ་བརྒྱུད་ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིག་དང་ཆོས་ཕྱོགས་ཀྱི་མཛད་རྗེས་ལ་ཤེས་རྟོགས་རགས་ཙམ་ཡོང་རྒྱུ།

པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནི། པཎ་ཆེན་སྐུ་ཕྲེང་བཞི་བ་ཡིན་ལ། ཁོང་ནི་སྤྱི་ལོ༡༥༧༠ལོར་ཡབ་འཚོ་བྱེད་ཚེ་རིང་དཔལ་འབྱོར་དང༌།ཡུམ་མཚོ་རྒྱལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་དུས་ཀྱི་མཚན་ལ་ཆོས་རྒྱལ་དཔལ་ལྡན་བཟང་བོ་ཟེར།
རང་ལོ་གསུམ་གྱི་སྟེང་རང་གི་ཕ་ཡུལ་གཙང་རོང་དང་ཁ་བྲལ་ཏེ་དབེན་ས་ཆོས་ཀྱི་ཕོ་བྲང་དུ་ཕེབས། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་མཁན་སློབ་ཟུང་དུ་འབྲེལ་ཏེ་དགེ་ཚུལ་གྱི་སྡོམ་པ་གནང་ཞིང་མཚན་ལ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་བཏགས། དགུང་ལོ་བཅུ་བཞི་ཐོག་དབྱངས་ཅན་མའི་བསྟོད་པ་བརྩམས་ཤིང༌།ལམ་རིམ་ཆེ་འབྲིང་གཉིས་ཞག་བཅུ་སྐོར་གཅིག་ལ་བློར་བཟུང་སྟེ།རྗེ་རིན་པོ་ཆེར་རྒྱུགས་ཕུལ་བ་སོགས་ཀུན་གྱི་བསམ་ཡུལ་ལས་འདས་པའི་མཛད་པ་མང་དུ་བསྟན། ཕྱིས་སུ་བཀྲ་ཤིས་ལྷུན་པོར་སློབ་གཉེར་དུ་ཕེབས་ཏེ་མཐར་ཕྱིན་པ་མ་ཟད། མཁན་པོ་མཛད་དེ་དད་ལྡན་མང་ཚོགས་ལ་ཆོས་དང་ཟང་ཟིང་གིས་ཚིམ་པར་བྱས།༡༦༡༣ལོ་ནས་བཟུང་ལོ་ངོ་དྲུག་ལྷག་གི་རིང་ལྷ་ལྡན་སྨོན་ལམ་ཆེན་མོའི་དབུ་མཛད་དེ་ལྷ་ལྡན་སྨོན་ལམ་ཆེན་མོར་དམ་བཅའ་འཇོག་པ་དང་དགེ་བཤེས་ལྷ་རམས་པའི་ལུགས་སྲོལ་ཐོག་མར་བཏོད་པ་སོགས་བསྟན་འགྲོ་ལ་ཕན་པའི་བྱ་བཞག་མང་དུ་བསྐྲུན།
༡༦༢༩ལོར་དགའ་ལྡན་གསེར་ཁྲིར་བཞུགས་ཏེ་རྒྱལ་བསྟན་དར་རྒྱས་ལ་ནུས་པ་བླ་ལྷག་ཏུ་བཏོན།༡༦༤༤ལོར་སེ་ཆེན་ཆོས་རྗེ་མེས་རྒྱལ་ནང་ཁུལ་དུ་མངགས་ནས་ཆིང་གོང་མ་དང་དགེ་ལུགས་པའི་མཆོད་ཡོན་གྱི་འབྲེལ་བ་ཐོག་མར་ཆགས་ཤིང༌།གོང་མ་ཧྲིན་ཀྲིས་རྒྱལ་དབང་སྐུ་ཕྲེང་ལྔ་བ་ཁོང་གཉིས་ལ་བསྔགས་བརྗོད་ཀྱི་ཡི་གེ་དང་འཚམས་རྟགས་བཅས་ཕུལ།མཐར་དགུང་ལོ་གོ་གསུམ་པ་སྤྱི་ལོ༡༦༦༢ལོར་སྐུ་གཤེགས།
ཁོང་གིས་མི་ཚེ་གང་བོར་དབུས་གཙང་དང་མངའ་རིས། མདོ་སྟོད་སྨད། རྒྱ་ནག་ལྷོ་མོན་སོགས་ས་ཆ་མང་པོར་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཅིང༌། འཆད་རྩོད་རྩོམ་གསུམ་གྱིས་ནང་བསྟན་སྤེལ་བ་སོགས་མཛད་འཕྲིན་བླ་ན་མེད་པ་མཆིས་སོ།།གསུང་རྩོམ་ལ་པོད་ལྔ་བཞུགས།
 6330_2010012209585718yWj.jpg
བསམ་གཞིག     སྦྱང་གཞི།
གཅིག    གཤམ་གྱི་ཚན་པ་སོ་སོའི་གུག་རྟགས་ནང་ཁ་སྐོངས་།
༡པཎ་ཆེན་བློ་བཟང་ཆོས་རྒྱན་ནི་པཎ་ཆེན་སྐུ་ཕྲེང_ཡིན་ལ། ཁོང་ནི་སྦྱི་ལོ_ལོར་སྐུ་འཁྲུངས་ཤིང༌། གསུང་རྩོམ་ལ་པོད_བཞུགས།
༢ ༡༦༡༣ལོ་ནས་ལོ་ངོ་དྲུག་རིང_དབུ་མཛད་དེ། ལྷ་ལྡན་སྨོན་ལམ་ཆེན་མོར་དམ་བཅའ་འཇོག་པ་དང_ལུགས་སྲོལ་ཐོག་མར་བཏོད།
གཉིས། དྲི་བ།
སློབ་མ་རྣམས་ཁག་བགོས་ཏེ་ཁོང་གི་ཆོས་ཕྱོགས་ཀྱི་མཛད་རྗེས་ལ་སྤྱི་སྡོམ་རགས་ཙམ་ཞུ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号