ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ།
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཚེ་རིང་རྡོ་རྗེ།

      སློབ་ཚན་འདིར་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཆོ་ངོ་སྤྲོད་བྱས་ཡོད། ང་ཚོས་སློབ་ཚན་འདི་བསླབས་པ་བརྒྱུད་ཁོང་གིས་མཛད་རྗེས་གཙོ་བོ་རགས་ཙམ་ངེས་པར་བྱ་དགོས།

ཁོང་ནི་སྦྱི་ལོ༡༦༡༧ལོར་བོད་ལྗོངས་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་འཕྱིང་བ་སྟག་རྩེ་ནས་ཡབ་འཕྱོངས་རྒྱས་སྡེ་བ་བདུད་འདུལ་རྣམ་རྒྱལ་དང་།ཡུམ་ཀུན་དགའ་ལྷ་མཛེས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།༡༦༨༢ལོར་སྐུ་གཤེགས། དགུང་ལོ་དྲུག་པར་པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་རྒྱན་དང༌། གསང་ཕུ་གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་གཉིས་ཀྱིས་རྭ་སྒྲེང་ཇོ་བོ་འཇམ་དཔལ་རྡོ་རྗེའི་སྤྱན་སྔར་བརྟག་ཞུ་མཛད་དེ་རྒྱལ་བ་སྐུ་ཕྲེང་བཞི་བ་ཡོན་ཏན་རྒྱ་མཆོའི་ཡང་སྲིད་ཡིན་པར་ངོས་འཛིན་མཛད། དགུང་ལོ་བརྒྱད་པར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཁན་པོ་དང༌། གླིང་སྨད་ཞབས་དྲུང་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་གྱིས་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས།མཚན་ལ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ༌བསྟན་ལང་ཚོའི་སྡེ་ཞེས་གསོལ།དགུང་ལོ་བཅུ་གཅིག་པར་དགའ་ལྡན་ཁྲི་རབས་སོ་ལྔ་བ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ཡོངས་འཛིན་དུ་བསྟེན་ནས་གཞུང་པོད་ལྔ་ལ་སློབ་གཉེར་མཛད། དགུང་ལོ་ཉེར་ལྔ་བར་གོ་ཤྲྰི་ཧན་གྱིས་གཙང་བ་རྒྱལ་བོ་བཅོམ་སྟེ་ཁོང་ཉིད་གཞིས་ཀ་རྩེར་གདན་དྲངས། གཙང་བ་རྒྱལ་བོའི་ཕོ་བྲང་གཞིས་ཀ་བསམ་གྲུབ་རྩེས་ཐོག་དྲངས་པའི་བོད་ཁྲི་སྐོར་བཅུ་གསུམ་གྱི་དབང་ཆ་ཡོངས་རྫོགས་ཕུལ་བ་ཡིན་ཞེས་ཁྱབ་བསྒྲགས་མཇད་དེ་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་ཐོག་མར་བཙུགས། དགུང་ལོ་སུམ་ཅུ་བར་པོ་ཏ་ལའི་ཕོ་བྲང་དཀར་བོ་བཞེངས་པ་མཛད།དགུང་ལོ་སོ་དྲུག་པར་གོང་མ་ཤུན་ཙིས་གདན་ཞུ་ཞུས་པ་ལྟར་པེ་ཅིན་དུ་ཕེབས། གོང་མ་ཤུན་ཙིས“ནུབ་ཀྱི་ལྷ་གནས་ཆེས་དགེ་བའི་གནས་པའི་སངས་རྒྱས་ཀྱི་བཀའ་ལུང༌། གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བསྟན་པ་གཅིག་ཏུ་གྱུར་བ་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ”ཞེས་གསེར་གྱི་འཇའ་ས་དང་། “ནུབ་ཕྱོགས་ཀྱི་ཕུལ་བྱུང་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མ”ཞེས་གསེར་གྱི་ཐམ་ག་བཅས་བསྩལ། ཁོང་གི་ཆོས་སྲིད་ཀྱི་མཛད་བཟང་ཀུན་ཏུ་ཁྱབ་པའི་མཐུ་ལ་བརྟེན་ནས་དགའ་ལྡན་ཚེ་དབང་དཔལ་བཟང་གིས་མངའ་རིས་ལ་དྭགས་ས་ཁུལ་ལ་དཔུང་འཇུག་གིས་དབང་ཏུ་བསྡུས་ཏེ་བོད་ཁམས་ཞི་བདེ་དང་ཆོས་སྲིད་བརྟན་བརླིང་བྱུང༌།
 01_07_32.jpg
བསམ་གཞིག      སྦྱང་གཞི།
༡. རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་གང་དུ་སྐུ་འཁྲུངས་པ་རེད།
༢.ཁོང་གི་མཛད་རྗེས་གཙོ་བོ་རགས་ཙམ་ཕྲིས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号