ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་ཆོས་མངོན་རྒྱ་མཚོའི་མཐར་སོན་མོན་གྲ་པ།
སྤེལ་དུས།04-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

༈   ཆོས་མངོན་རྒྱ་མཚོའི་མཐར་སོན་མོན་གྲ་པ། །ཞེས་བསྔགས་པ།   དགེ་བའི་བཤེས་གཉེན་མོན་གྲ་པ་ནི། མོན་དང་མཚོ་སྣའི་བར་གྱི་ཡུལ་མོན་གྲོང་དུ་སྐུ་འཁྲུངས། གཞོན་ནུ་ཉིད་ནས་ཆོས་ཀྱི་བག་ཆགས་བརྟས་པས་རང་ཡུལ་ཉེ་དུ་དང་བཅས་པ་ལ་མ་ཆགས་པར་མཆིལ་མའི་ཐལ་བ་བཞིན་དོར་ཏེ་གྲྭ་སྐོར་དུ་མཁན་ཆེན་མཚོ་སྣ་པའི་ཞབས་དྲུང་དུ་ཕེབས་ནས་རབ་ཏུ་བྱུང༌། མཚན་ཚུལ་ཁྲིམས་བཀྲ་ཤིས་ཞེས་བཏགས། མཁན་ཆེན་མཚོ་སྣ་པ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ།སྡེ་སྣོད་གསུམ་གྱི་དགོང་ས་པ་འགྲེལ་བའི་ཤིང་རྟ་ཆེན་པོའི་གཞུང་རྣམས་ལ་སྦྱངས་པས་མཁས་པའི་གོ་འཕང་ཐོབ་ཅིང༌། ཁྱད་པར་མངོན་པ་སྡེ་བདུན་དགོངས་འགྲེལ་དང་བཅས་པ་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏེ་ཆོས་མངོན་པའི་དོན་ལ་མི་འཇིགས་པའི་སྤོབས་པ་ཐོབ།མཁན་ཆེན་མཚོ་སྣ་པ་ལས་བསྙེན་པར་རྫོགས་ཏེ་འདུལ་བའི་བསླབ་བྱ་རྣམས་གསན་ནས་ལག་ཏུ་བླངས།འདུལ་བ་འཛིན་པའི་མཆོག་ཏུ་གྱུར།དེ་ལྟར་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པ་ན་མཚོ་སྣ་པ་ཆེན་པོ་ལ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་བཀའ་གདམས་གཞུང་པའི་བཤད་སྲོལ་ལྟར་གསན་ཏེ་ཉམས་ལེན་ལ་སྦྱར་བས་མྱོང་བ་ཁྱད་པར་ཅན་ཐོན་ཏེ་མཁས་བཙུན་བཟང་གསུམ་འཛོམ་པའི་བཤེས་གཉེན་ཆེན་པོར་གྱུར་པ་ན་མཚོ་སྣ་པ་ཆེན་པོས་རང་གི་རྒྱལ་ཚབ་བསྟན་འཛིན་མཆོག་ཏུ་འགྱུར་བར་གཟིགས་ནས་བསྔགས་འོས་སུ་མཛད་ཅིང༌། གྲྭ་སྐོར་གྱི་གདན་ས་བགྱི་དགོས་ཞེས་ཡང་ཡང་གསུངས་ཀྱང་བདག་ཉིད་ཆེན་པོ་འདི་བྱང་ཆུབ་ལམ་རིམ་ལ་མྱོང་བ་ཕུལ་ཕྱིན་ཐོན་པས་ཚངས་པ་དང་བརྒྱ་བྱིན་གྱི་དཔལ་ལའང་མི་སྨོན་ན་ཚེ་འདིའི་རྙེད་བཀུར་སྙན་གྲགས་ལ་སྨོན་པ་མེད་པ་ལྟ་ཅི་སྨོས་པར་གྱུར་ནས་བདག་ལྟ་བུས་བླ་མའི་གདན་ས་སྐྱོང་བར་ག་ལ་ནུས་ཞེས་མཛད་དུ་མ་བཞེད། མཐར་མཁན་ཆེན་མཚོ་སྣ་པ་གཤེགས་ཁར་དགེ་འདུན་རྣམས་ལ་ཞལ་གདམས་རྒྱ་ཆེར་མཛད་ནས་གདན་ས་འདི་མོན་གྲ་པ་ལ་གཏོད་གསུངས་ནས་ཞི་བར་གཤེགས་པ་ན་བླ་མའི་གསུང་གི་ཐ་མ་ཞལ་ཆེམས་ལྟ་བུར་སོང་གཤིས་མཛད་ཐབས་མ་བྱུང་བར་གྲྭ་སྐོར་གྱི་གདན་སར་ཕེབས་ནས་གཙོ་བོར་འདུལ་བ་དང་མངོན་པ་རྒྱ་ཆེར་བཤད་ཅིང༌། ཕར་ཚད་དབུ་མ་རྣམས་ཀྱང་སྔར་སྲོལ་གང་ཡོད་བཤད་ནས་ཤིང་རྟ་ཆེན་པོའི་གཞུང་ལུགས་ཤིན་ཏུ་དར་བར་མཛད། སྐལ་བ་དང་ལྡན་པ་དག་ལ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་བཀའ་གདམས་གཞུང་པའི་བཤད་སྲོལ་ལྟར་ཞིབ་ཏུ་བཤད་པས་ཆོས་ཀྱི་བདུད་རྩིས་ཚིམས་པ་མང་དུ་བྱུང་ཞིང༌། ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་ལམ་རིམ་གྱི་ཁྲིད་ཡིག་ཀྱང་མཛད་དོ། །མཁན་ཆེན་མོན་གྲ་པ་འདི་ལ་མཁས་ཤིང་གྲུབ་པའི་སློབ་མ་གྲུབ་ཆེན་ལས་ཀྱི་རྡོ་རྗེ་དང༌། མཁན་ཆེན་ཆོས་སྐྱབས་བཟང་པོ་སོགས་བསྟན་པ་ལ་བྱ་བ་རྒྱ་ཆེར་བགྱིད་པ་མང་དུ་བྱུང་ངོ༌།།དེས་ན་བྱང་ཆུཔ་ལམ་རིམ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་དགེ་བའི་བཤེས་གཉེན་མོན་གྲ་པ་ཆེན་པོ་ལ་གསོལ་བ་འདེབས་ཤིང་བདག་ཉིད་ཆེན་པོ་འདིའི་རྣམ་ཐར་ལྟར་ཤིང་རྟ་ཆེན་པོའི་གཞུང་ལུགས་རྣམས་ལ་སྦྱངས་ནས་གཞུང་ལུགས་གདམས་པར་འཆར་བར་བྱེད་པ་དང༌།གཞུང་ལུགས་གདམས་པར་ཤར་བའི་མན་ངགབྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་ལ་འབད་ནས་རང་གི་རྒྱུད་བཏུལ་ཏེ་གདུལ་བྱ་གཞན་ལའང་ཕན་ངེས་པ་ཞིག་བྱའོ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号