ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་དྲི་མེད་ལུང་གི་དབང་ཕྱུག་མཁས་པའི་མཆོག
སྤེལ་དུས།04-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

༈   དྲི་མེད་ལུང་གི་དབང་ཕྱུག་མཁས་པའི་མཆོག །ཅེས་བསྔགས་པ།  བཤེས་གཉེན་ཆེན་པོ་ལྷ་ལུང་གི་དབང་ཕྱུག་ནི། ཕོ་བྲང་ཁང་དམར་དུ་ཡབ་ཇོ་བོ་རྣལ་འབྱོར། ཡུམ་སྣ་ནམ་བཟའི་དཔལ་འདྲེན་གཉིས་ཀྱི་སྲས་སུ་ས་ཕོ་སྟག་གི་ལོ་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔའི་ཉི་མ་ཤར་བ་དང་དུས་མཚུངས་པར་སྐུ་འཁྲུངས། བྱིས་པ་ཆུང་ངུའི་གནས་སྐབས་ཉིད་ནས་སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་ཞི་ཞིང་དུལ་བ་དང༌།གཞན་གྱིས་བསྐུལ་བ་ལ་མི་བལྟོས་པར་དམ་པའི་ཆོས་འཚོལ་བ་ལ་ངང་གིས་ཞུགས་པ་ཞིག་བྱུང་ཞིང༌།དགུང་ལོ་བརྒྱད་བཞེས་པའི་ཚེ། གུ་རི་བ་ཆེན་པོ་ལ་བསྙེན་གནས་དང༌། ཆོས་སྤྱོད་མང་པོའི་ལུང་ཞུས་ཏེ་ཆོས་བཞིན་སྤྱོད་པས་དུས་འདའ་བར་མཛད། དེའི་དུས་སུ་ཐུགས་བསམ་འདི་ལྟ་བུ་དག་འཁྲུངས་པར་ངེས་ཏེ། བདག་རིགས་མཐོན་པོར་སྐྱེས་ཤིང་འབྱོར་པ་དང་ལྡན་ཡང་ཡུད་ཙམ་ནས་ངེས་པར་འདོར་དགོས་པས་མི་རྟག་པ། མི་བརྟན་པ། ཡིད་བརྟན་མི་རུང་བ་བསླུ་བའི་ཆོས་ཅན་འདི་ལ་ཆགས་པས་ཅི་ཞིག་རུང༌། ད་ལྟ་རྒྱལ་བའི་བསྟན་པའི་སྙིང་པོ་མཐར་ཐུག་པ་དཔལ་ལྷ་ཅིག་དི་པཾ་ཀ་རིའི་ཆོས་རྒྱུད་མ་ཉམས་པར་ཡིན་པའི་སྐབས་འདིར་རྒྱལ་བའི་བསྟན་པ་ལ་ཞུགས་ནས་རྒྱལ་བ་དགྱེས་པའི་ཆོས་རྣམ་པར་དག་པ་ཞིག་ཅི་ནས་ཀྱང་བྱ་སྙམ་དུ་འདུན་པ་དྲག་པོ་འཁྲུངས་ཤིང༌། དམ་པ་གོང་མའི་རྣམ་ཐར་ལ་ཡིད་སྨོན་རྒྱུན་དུ་མཛད། དེ་དུས་སྣེའུ་ཟུར་པའི་མཚན་ཐོས་པ་ཙམ་གྱིས་དད་པ་སྐྱེས། དེ་ནས་ད་ནི་ངེས་པར་མི་གཙང་བའི་འདམ་རྫབ་ལྟ་བུ་ཁྱིམ་གྱི་གནས་འདི་དོར་ནས་རབ་ཏུ་འབྱུང་བར་བྱའོ་སྙམ་དུ་ཐག་བཅད་དེ་དགུང་ལོ་བཅུ་བཞི་པ་ལ་གུ་རི་པ་ལ་དགེ་བསྙེན་གྱི་སྡོམ་པ་མནོས། བཅོ་ལྔ་ལ་རྒྱ་དུར་གྱི་མཁན་པོ་ཀླུབས་དཀར་དང༌། དགེ་བཤེས་གཙང་པ་ཁྱུང་པོ་སྤྱན་དྲངས་ཏེ། ཀླུབས་དཀར་གྱིས་སློབ་དཔོན་དང༌། ཁྱུང་པོ་ལ་མཁན་པོ་ཞུས་ཏེ་བྱ་སར་རབ་ཏུ་བྱུང༌། མཚན་བྱང་ཆུབ་རིན་ཆེན་དུ་བཏགས། དེའི་ཚེ་མཁན་སློབ་ལ་འདུལ་བའི་བསླབ་བྱ་ལེགས་པར་གསན་ནས་ཕྱག་ལེན་ལ་ཐེབས་པར་མཛད་ཅིང༌། ཀ་རི་ཀ་ལྔ་བཅུ་པ་གསན་ནས་ཐུགས་སུ་ཆུད་པར་མཛད། དགེ་ཚུལ་གྱི་བསླབ་བྱ་རྒྱས་པར་སྟོན་པ་འདུལ་བ་སུམ་བརྒྱ་པ་ཚར་གཉིས་གསན། འདུལ་བ་ལུང་ལའང་ལེགས་པར་གཟིགས་ཏེ་བསླབ་བྱ་ཕྲ་རགས་རྣམས་མ་འདྲེས་པར་མཁྱེན་ཅིང་ཇི་ལྟར་མཁྱེན་པ་ལྟར་ཕྱག་ལེན་ལ་བཏབ། འདུལ་བའི་བསླབ་བྱ་བསྲུང་བ་གཞིར་བཟུང་ནས་སྡེ་སྣོད་གསུམ་ག་ལ་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། སྐལ་བ་དང་ལྡན་པ་ཁ་ཤས་ལ་ཆོས་ཀྱང་གསུངས། དགེ་བཤེས་འཆད་ཁ་བའི་སྐུ་འབག་གཅིག་གཟིགས་པས་ཤིན་ཏུ་དད་དེ། འདི་ཇི་སྐད་བྱ་བ་ཡིན་བྱས་པས་འཆད་ཁ་བ་ཡིན་འདས་ཟེར། ད་ལྟ་སེ་བཞུགས་བྱས་པས་དད་དེ་སེམས་དཔའ་ཆེན་པོ་སེ་སྤྱིལ་བུ་བའི་སར་བྱོན་ཏེ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན། གསུང་རབ་དགོངས་འགྲེལ་དང་བཅས་པའི་སྙིང་པོ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་གསན་ཏེ་ཉམས་སུ་བཞེས། རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་དང༌། ཁྱད་པར་བཀའ་གདམས་གཞུང་དྲུག་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་ཏུ་ངོ་འཕྲོད་དེ་བྱང་ཆུབ་ལམ་རིམ་ལ་ཉམས་ལེན་ཆིག་སྒྲིལ་དུ་མཛད་པས་སེམས་དཔའ་ཆེན་པོ་སེ་སྤྱིལ་བུ་བ་ཐུགས་གཏིང་ནས་དགྱེས་པར་གྱུར། དེར་བཞུགས་པའི་གྲྭ་པ་ཐམས་ཅད་ཀྱིས་དང་བ་ཆེན་པོས་སྤྱིལ་བུ་ཞིག་བརྩིགས། དགུང་ལོ་ཉི་ཤུ་རྩ་བཞི་ལ་སེའི་ཞལ་ནས་དགེ་སློང་གྱིས་གསུང་བས། བརྒྱ་སར་སྒང་ནས་མཁན་པོ་གླན་གདན་དྲངས་ནས་མཁན་པོ་ཞུས། སློབ་དཔོན་ཞྭང་གིས་ལས་ཆོག་པ་མཛད། གཉགས་ཀྱིས་གསང་སྟེ་བ་མཛད་དེ་བསྙེན་པར་རྫོགས། དུས་དེའི་ཚེ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤི་ཡང་བོད་དུ་བྱོན་པས་ཁ་ཆེ་པཎ་ཆེན་ལ་ཆོས་མང་དུ་ཞུས། གཞན་ཡང་དགེ་བའི་བཤེས་གཉེན་མཁས་པ་མང་དུ་བསྟེན་ཏེ་རྒྱལ་བའི་བཀའ་བོད་དུ་འགྱུར་རོ་ཅོག་ཐམས་ཅད་ཀྱི་ལུང་ཐོབ་པར་མཛད། བཀའ་གདམས་གཞུང་དྲུག་སོགས་ཤིང་རྟ་ཆེན་པོའི་གཞུང་རྣམས་ལས་བོད་ན་ལུང་རྒྱུན་གང་བཞུགས་ཐམས་ཅད་རྩད་དཔྱད་དེ་ཐོབ་པར་མཛད། དྲི་མ་མེད་པའི་རིགས་པའི་སྣང་བ་ཆེས་ཆེར་རྒྱས་ཏེ་བསྟན་པ་ཡོངས་རྫོགས་ཀྱི་གནད་ལ་འཁྲུལ་མེད་ཀྱི་ངེས་པ་བརྟན་པོ་རྙེད་པ་ན་ཚེ་འདིའི་གཡེང་བ་ཐམས་ཅད་བཅད་དེ་རུག་པར་སྐུ་མཚམས་དམ་པོ་མཛད། དེ་དུས་བསག་སྦྱང་གཙོ་བོར་བཏོན་པས་ཐོག་མར་བཅོམ་ལྡན་འདས་སྨན་བླའི་ལྷ་ཚོགས་རྣམས་ཞལ་གཟིགས། ཇི་ལྟར་དང་བའི་ཆུ་ནང་དུ་ཟླ་གཟུགས་འཆར་བ་ལྟར་སངས་རྒྱས་དང་བྱང་སེམས་མང་པོའི་ཞལ་མཐོང་ཞིང༌། ལྷ་སར་བྱོན་དུས་ཇོ་བོ་རིན་པོ་ཆེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ་ཉིད་གྱི་ཐུགས་ཀར་ཐིམ་པའི་སྣང་བ་བྱུང༌། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལྷུར་མཛད་པས་མགོན་པོ་སྤྱན་རས་གཟིགས་ནམ་འདོད་དུ་ཞལ་གཟིགས། དེའི་གནད་ཀྱིས་ལྷ་ཁུ་དབོན་གྱི་ཐང་ཀ་ཞལ་སྤྲོད་འདི་འདྲི་བའི་དབུས་སུ་བཅུ་གཅིག་ཞལ་འདྲི་བའི་སྲོལ་ཡང་དར། ལུང་རིགས་དུ་མ་ལ་དབང་བསྒྱུར་ཞིང་བཀའ་འགྱུར་རོ་འཚལ་གྱི་ལུང་བཞུགས་པས་ལྷ་ལུང་གི་དབང་ཕྱུག་ཅེས་གྲགས་ཤིང༌། ལྷ་ཆེན་པོའང་ཟེར། དོན་འདི་ལ་དགོངས་ནས་རྗེ་ཐམས་ཅད་མཁྱེན་པས་ཀྱང༌། དྲི་མེད་ལུང་གི་དབང་ཕྱུག་མཁས་པའི་མཆོག །ཅེས་བསྔགས་པ་མཛད་དོ། །མཁས་པ་ཆེན་པོ་འདིའི་གསུང་སྒྲོས་ལ་བརྟེན་པའི་འཆད་ཁ་བའི་གྲུབ་མཐའ་གཅེས་བསྡུས་ལ་ཏྰིཀྐ་ཆེན་པོ་ཞིག་དང༌། བློ་སྦྱོང་གི་ཟིན་བྲིས་རྒྱས་པ་ལེགས་པ་ཅིག་ཀྱང་ཡོད་ཅེས་བཀའ་གདམས་ཆོས་འབྱུང་ལས་གསུངས་སོ། །ལྷ་ལུང་གི་དབང་ཕྱུག་འདིས་དགེ་བའི་བཤེས་གཉེན་སེ་སྤྱིལ་བུ་བ་ཆེན་པོ་ཐོག་མར་མཇལ་བ་ནས་ནམ་གཤེགས་ཀྱི་བར་ཚུལ་བཞིན་དུ་བསྟེན། སྤྱིལ་བུ་བ་གཤེགས་ནས་ལྕགས་ཕོ་ཁྱིའི་ལོ་སྤྱིལ་བུ་དང་འཆད་ཁའི་གདན་ས་མཛད་དེ། བཀའ་གདམས་གཞུང་པའི་ལུགས་སྲོལ་ལེགས་པར་བསྐྱང་པའི་སྒོ་ནས་ཆུ་ཕོ་འབྲུག་གི་བར་ལོ་བཞི་བཅུ་རྩ་གསུམ་གདན་ས་མཛད་ཅིང་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དེ། རང་ལོ་བདུན་ཅུ་རྩ་ལྔ་པ་ཆུ་འབྲུག་གི་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔ་ལ་ཞི་བར་གཤེགས་སོ། །མཁས་པ་ཆེན་པོ་འདི་ལ་སློབ་མ་མང་དུ་བྱུང་ཞིང་སྲས་ཀྱི་ཐུ་བོ་བཀའ་གདམས་གཞུང་པའི་མན་ངག་ཐམས་ཅད་བུམ་པ་གང་བྱོར་མངའ་བ་ནི་ལྷ་འགྲོ་བའི་མགོན་པོའོ། །དེས་ན་བྱང་ཆུབ་ལམ་རིམ་བློ་སྦྱོང་བར་འདོད་རྣམས་ཀྱིས་བདག་ཉིད་ཆེན་པོ་འདི་ལ་གསོལ་བ་འདེབས་ཤིང༌། འདིའི་རྣམ་ཐར་ལྟར་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་མཐའ་དག་ཚིག་དང་དོན་གྱི་སྒོ་ནས་འཛིན་པའི་སྨོན་ལམ་གདབ་ཅིང༌།   གཙོ་བོར་གསུང་རབ་དགོངས་འགྲེལ་དང་བཅས་པའི་སྙིང་པོ་བྱང་ཆུབ་ལམ་གྱི་རིམ་པ་སྒོམ་པ་ལ་བློ་ནུས་ཅི་ཡོད་ཀྱིས་འབད་པར་བྱའོ།    །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号