ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་དྲུང་པ་རྒྱལ་ཚབ་པ་བློ་བཟང་བརྩོན་འགྲུས་རྒྱལ་མཚན་གྱི་རྣམ་ཐར།
སྤེལ་དུས།04-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

༈   དེ་ལ་སྲས་ཀྱི་ཐུ་བོ་དྲུང་པ་རྒྱལ་ཚབ་པ་བློ་བཟང་བརྩོན་འགྲུས་རྒྱལ་མཚན་ནི། མངའ་རིས་ཆོས་རྒྱལ་སྐྱི་ལྡེ་ཉི་མ་མགོན་གྱི་གདུང་རྒྱུད་བཟང་ལ་རྒྱལ་པོའི་སྲས་སུ་སྐུ་འཁྲུངས།  འཁྲུངས་ཙམ་ཉིད་ནས་སྔོན་གྱི་བག་ཆགས་བཟང་པོའི་མཐུ་བརྟས་ཏེ། དཀོན་མཆོག་ལ་སྐྱབས་སུ་འགྲོ་ཞིང་དམ་པའི་ཆོས་ཁོ་ན་སེམས་པ་ཞིག་བྱུང༌། ཡབ་ཡུམ་མ་མ་དང་བཅས་པས་བསྐྱེད་བསྲིངས་ཏེ་ནར་སོན་པ་ན་དབུས་གཙང་གི་ལྗོངས་སུ་དམ་པའི་ཆོས་འཚོལ་བ་ལ་འབྱོན་པར་བཞེད་པ་བྱུང་ཡང་རྒྱལ་པོའི་སྲས་སུ་སོང་བས་རྒྱལ་བློན་འབངས་དང་བཅས་པས་རྒྱལ་སྲིད་སྐྱོང་དགོས་ཞེས་ཆོས་ལ་གཏོང་བའི་སྐབས་མེད་པ་ཞིག་བྱུང་བ་ན་ཡུན་རིང་པོ་ནས་སྦྱངས་པའི་ཐུགས་བསྐྱེད་ཀྱི་མཐུས་ལ་དྭགས་རྒྱལ་པོས་དམག་དྲངས་ཏེ་བཟང་ལའི་རྒྱལ་ས་ཕྲོགས་པ་ན་འཆིང་བྱེད་ཐམས་ཅད་རང་སར་ཞིག་སྟེ་དམ་པ་འདི་པ་དང་གྲོགས་ཁ་ཡར་བཅས་བྱ་བྲལ་གྱི་རྣམ་པས་དབུས་གཙང་དུ་ཕེབས་པ་ན་ལ་དྭགས་རྒྱལ་པོས་ཤེས་ནས་བཟང་ལ་རྒྱལ་པོའི་སྲས་སུ་སོང་བས་བཟུང་ཞིང་གསོད་པར་བསྡིགས་པ་ན་གྲོགས་གཞན་རྣམས་ནི་འཇིགས་ཤིང་སྐྲག་པས་སྐད་ངན་འདོན། དམ་པ་འདི་ནི་འཇིགས་སྐྲག་མེད་པར་མ་ཟད་ཐུགས་དགའ་ཞིང་རངས་པར་གྱུར་ཏེ། ད་ལམ་བསད་ན་དབུས་གཙང་དུ་ཆོས་རྣམ་དག་ཅིག་བྱེད་དུ་འགྲོ་བའི་འདུན་པ་བཟང་པོ་ཡོད་པ་འདིས་བག་ཆགས་བཟང་པོའི་ངང་དུ་ཤི་ན་ཕྱི་མ་དབུས་གཙང་དུ་སྐྱེས་ནས་དམ་པའི་ཆོས་དང་མཇལ་བ་ཞིག་ངེས་པར་འོང་དགོངས་པ་བྱུང་སྟེ་ཤིན་ཏུ་དགྱེས་པར་མཛད།   ཚུལ་འདི་ནི་དཔག་པར་དཀའ་བའི་རྣམ་ཐར་ཏེ་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་སོང་ཞིང་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་བཅོས་མ་མིན་པ་ཡོད་པས་འགྲོ་བ་བཞིས་ཆོས་ལས་མི་འདའ་བ་དང༌། ཆོས་ཀྱི་ཕྱིར་དུ་སྲོག་ཀྱང་གཏོང་ཕོད་པའི་སྙིང་སྟོབས་ཡོད་པ།  ཡུམ་སྡུད་པ་ལས། ཆོས་ཕྱིར་སྲོག་ཀྱང་འདོར་ལ་རྣལ་འབྱོར་རབ་ཏུ་བརྩོན།   །ཞེས་གསུངས་པ་ལྟར་ཕྱིར་མི་ལྡོག་པའི་རྟགས་ཐོབ་པ་ཡིན་པས་ཕྱི་རབས་ཀྱི་སྐྱེ་བོ་ཀུན་གྱིས་རྗེས་སུ་ཡི་རང་བར་བྱ་བའི་རྣམ་ཐར་རོ།   །དེ་ནས་དམ་པ་འདིའི་མཛད་སྤྱོད་ལ་ལ་དྭགས་རྒྱལ་པོའང་དད་ནས་གནོད་པ་མ་བྱས་པར་བཏང༌། དེ་ནས་དགུང་ལོ་ཉི་ཤུ་རྩ་བཞི་བ་ལ་དབུས་གཙང་དུ་ཕེབས་ནས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཞབས་རྡུལ་སྤྱི་བོས་བླངས་ཏེ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས།   དེ་ནས་རྗེ་རིན་པོ་ཆེའི་རྣམ་ཐར་ལྟར། དང་པོར་རྒྱ་ཆེན་ཐོས་པ་འཚོལ་བར་བཞེད་ནས་སེ་ར་བྱེས་གྲྭ་ཚང་དུ་བཞུགས་ཏེ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཡོངས་འཛིན་དུ་བསྟེན་ནས་གཞུང་ལུགས་ལ་སྦྱངས།    དེ་ནས་དྭགས་པོ་གྲྭ་ཚང་དུ་ཕེབས་ཏེ་དཀའ་ཆེན་བཞི་ལ་བརྩོན་པ་ཆེན་པོས་སྦྱོང་བར་མཛད།   སླར་ཡང་སེ་རར་ཕེབས་ནས་ཤིང་རྟ་ཆེན་པོའི་གཞུང་རྣམས་ལ་ཞིབ་ཏུ་གཟིགས་ཤིང་ལོ་ཤས་བཞུགས།   དེ་ནས་རྒྱུད་སྟོད་ལ་ཕེབས་ཏེ་ལོ་ཤས་བཞུགས་ནས་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་ལ་སྦྱངས།    དེའི་ཚེ་རྒྱུད་པའི་བླ་མ་བསྐོ་ཤག་ལ་རྩོད་པ་ཆེན་པོ་བྱེད་པ་གཟིགས་པས་ཐུགས་སྐྱོ་ཤས་ཆེན་པོ་འཁྲུངས་ཏེ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཞབས་དྲུང་དུ་ཕེབས་ནས་གསུང་རབ་ཐམས་ཅད་ཀྱི་སྙིང་པོའི་དོན་རྒྱལ་བ་སྲས་བཅས་ཀུན་གྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དཔལ་དབེན་ས་པ་སྙན་རྒྱུད་ཀྱི་མན་ངག་ལྟར་ཉམས་ལེན་མྱོང་ཁྲིད་དུ་མཛད་དེ་སྙན་རྒྱུད་ཀྱི་མན་ངག་ཞལ་ཤེས་གེགས་སེལ་བོགས་འདོན་དང་བཅས་པ་ལ་གདེང་ཐོབ་པར་མཛད།  དེ་ནས་འཇམ་མགོན་སྙན་རྒྱུད་ཀྱི་མན་ངག་དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཟབ་ཁྲིད་སྔོན་འགྲོ་ཁྲིད་ཆེན་བཞི་དང་བཅས་པ་མྱོང་ཁྲིད་དུ་གསན་ཏེ་གདེང་ཐོབ་པར་མཛད། དེ་ནས་བློ་སྦྱོང་དོན་བདུན་མའི་ཁྲིད་དང་ནམ་མཁའ་སྒོ་འབྱེད་ཀྱི་དབང་དང་གཅོད་ཡུལ་གྱི་ཟབ་ཁྲིད། རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་ལུང་མན་ངག་མཐའ་ཡས་པ་དང༌།ལྷག་པར་བསྐྱེད་རྫོགས་ཀྱི་ཁྲིད་རྣམས་དང༌།ནཱ་རོ་ཆོས་དྲུག་སོགས་རྗེ་ཐམས་ཅད་མཁྱེན་པའི་མན་ངག་ཞལ་ཤེས་རྣམས་རྫོགས་པར་གསན། དེ་ནས་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་གཙང་ཕྱོགས་ཀྱི་རི་ཁྲོད་རྣམས་སུ་སྒྲུབ་པ་བྱས་ན་ལེགས་པའི་བཀའ་ཕེབས་པ་ལྟར་རེ་ཤིག་སྲད་ཕྱོགས་ལ་ཕེབས་ཏེ་རི་ཁྲོད་སྣ་ཚོགས་སུ་བཞུགས་ནས་སྒྲུབ་པ་མཛད།དེ་ནས་རྟ་ནག་ཕྱོགས་ལ་ཕེབས་ཏེ་ཡོལ་དཀར་དང་གྲུབ་ཆེན་ཆོས་རྡོ་རྗེའི་འཁྲུངས་ས་གོ་བོ་ཚང་དང༌། རྗེ་འགོས་ཀྱི་སྒྲུབ་གནས་ཞལ་གཟིགས་རྣམས་སུ་བཞུགས་ནས་སྒྲུབ་པ་དར་དྲག་ལ་རྒྱུན་རིང་བ་མཛད།   དེ་སྐབས་བྱ་བྲལ་ཀུན་སྤངས་མཛད་པས་བར་སྐབས་ཤིག་ན་བཟའ་ཤིན་ཏུ་དཀོན་པས་དགུན་དུས་ས་བྲུས་པའི་ཁུང་བུར་རྩའི་སྦུབས་སུ་བཞུགས་ཏེ་སྒྲུབ་པ་མཛད་པ་སོགས་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་དང་མཚུངས་པའི་དཀའ་སྤྱད་ཀྱི་སྒོ་ནས་སྒྲུབ་པ་མཛད།  དམ་པ་འདི་ནི་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་སྤྱན་གྱི་འབྲས་བུ་ལྟར་སྐྱོང་བར་མཛད་པ་ཞིག་ཡིན་པས་འཚོ་བས་ཕོངས་དོན་མི་འདུག་ཀྱང་འཇམ་མགོན་སྒྲུབ་རྒྱུད་ཀྱི་བསྟན་པ་འཛིན་པའི་རྟེན་འབྲེལ་དང་སྔོན་བྱོན་དམ་པའི་རྣམ་ཐར་སྐྱོང་བར་བཞེད་པ་དང༌།   རྗེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཀྱང་རེ་ཞིག་དབེན་པའི་རི་སུལ་དུ་འཚོ་བ་དཀའ་ཐུབ་ལ་གནས་ནས་སྒྲུབ་པ་སྙིང་པོར་མཛད་ན་བསྟན་པ་ལ་ཕན་ཆེ་བར་གཟིགས་ནས་ཚུལ་དེ་ལྟ་བུའི་དཀའ་ཐུབ་ལ་སྦྱོར་བར་མཛད་དོ།   །དེ་ལྟར་འཇམ་མགོན་སྙན་རྒྱུད་ཀྱི་མན་ངག་ལ་སྒྲུབ་པ་དར་དྲག་ལ་རྒྱུན་རིང་བ་མཛད་པས་ལམ་ཐུན་མོང་བ་དང་ཐུན་མོང་མིན་པ་ཐམས་ཅད་ལ་རྩོལ་བཅས་དང་རྩོལ་མེད་ཀྱི་མྱོང་བ་རིམ་གྱིས་ཐོན་ཏེ་ཕྱིར་མི་ལྡོག་པའི་གདེང་ཐོབ་པ་ན་སྐལ་བ་དང་ལྡན་པ་གཞན་དག་ལ་ཆོས་ཀྱི་བདུད་རྩི་སྩལ།རིམ་གྱིས་འཕྲིན་ལས་ཇེ་རྒྱས་སུ་སོང་སྟེ་ས་ཆེན་པོའི་ཁྱོན་ཐམས་ཅད་སྙན་པའི་གྲགས་པས་ཁྱབ་ནས་ཕྱོགས་མཐའ་དག་ནས་ཆོས་དོན་གཉེར་བ་འདུས་པ་རྣམས་ལ་གཙོ་བོར་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་རྒྱ་ཆེར་གནང་ཞིང༌།   རྗེ་རིན་པོ་ཆེའི་བསྟན་པ་ལ་གཏིང་ནས་ཡིད་ཆེས་པའི་གདུལ་བྱ་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་རྫོགས་པ་ལ་སློབ་པར་ནུས་པ་དག་ལ་དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཟབ་ཁྲིད་རྒྱས་པར་གནང༌།   དེ་ཙམ་གྱི་བློའི་མཐུ་མེད་པ་རྗེའི་སྙན་རྒྱུད་ལ་མོས་པ་ཆེ་བ་དག་ལ་སྦྱོར་བའི་ཆོས་དྲུག་ལ་ནན་ཏན་དང༌། དེ་ནས་སྐྱེས་བུ་གསུམ་གྱི་ལམ་ལ་ཁྲིད་དེ་སྤྱོད་པ་སྤྱི་བསླབ་སོང་ནས་ཞི་ལྷག་གི་སྐབས་སུ་སླེབ་པ་ན་དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཟབ་ཁྲིད་ཐུན་མོང་བ་རེ་གནང་བར་མཛད།   བློ་མཆོག་ཏུ་གྱུར་པ་འགའ་ཞིག་ལ་བསྐྱེད་རྫོགས་ཀྱི་ཁྲིད་དང་ལྷག་པར་ནཱ་རོ་ཆོས་དྲུག་རྒྱས་པར་གནང་བར་མཛད། དེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཤངས་མདོ་རྒོད་ཚང་དུ་སྤོང་བ་བསམ་གཏན་གྱི་སྡེ་གསར་འཛུགས་མཛད་པའི་མགོན་དུ་མངའ་གསོལ་ཏེ་སྐུ་ཚེའི་མཇུག་ལ་རྒོད་ཚང་དང་ལྷ་ལྔ་བྲག་གཉིས་སུ་བཞུགས་ཏེ་བསྟན་པའི་བྱ་བ་རྒྱ་ཆེར་མཛད།   མཐར་དགུང་ལོ་བརྒྱད་ཅུ་གྱ་བཞི་བའི་ཐོག་སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱ་རྣམས་རྫོགས་པ་ན་ལྷ་ལྔ་བྲག་ཏུ་སྐུའི་བཀོད་པ་བསྡུ་བ་ལ་ཕྱོགས་པ་ན་འཇམ་མགོན་སྒྲུབ་རྒྱུད་ཀྱི་བསྟན་པའི་ཆེ་བ་འདོན་པར་བཞེད་ནས་འབྱུང་བའི་སྡུད་རིམ་རྣམས་རིམ་གྱིས་སོང་སྟེ་སྟོང་ཆེན་འོད་གསལ་ལ་འཇུག་ཏུ་ཉེ་བ་ན་སྐུ་ལུས་མདའ་ལྟར་བསྲངས་ཏེ་འོད་གསལ་ཐམས་ཅད་སྟོང་པའི་ངང་དུ་ཟླ་བ་ལྷག་ཙམ་གྱི་བར་དུ་ཐུགས་དམ་ལ་བཞུགས། དེའི་ཚེ་དམ་པ་འདི་ཉིད་ཐུགས་དམ་ལ་བཞུགས་པའི་འོད་གསལ་ནི་འདི་ལྟ་བུ་ཞིག་གོ་ཞེས་མཚོན་པ་ལྟར་དུ་དེ་སྐབས་ཟླ་བ་བཅུ་པའི་གནམ་གང་ལ་གཤེགས་ནས་བཅུ་གཅིག་པའི་སྐབས་གྲང་ངར་ཆེ་ཞིང་རླུང་དམར་འཚུབ་པའི་སྐབས་ཡིན་ཡང་དམ་པ་འདི་ཉིད་ཐུགས་དམ་ལས་མ་བཞེངས་ཀྱི་བར་སྟོན་གནམ་གཡའ་དག་པ་ལྟར་དུ་ནམ་མཁའ་ཤིན་ཏུ་དངས་ཤིང་བསིར་བུའི་རྒྱུ་བ་ཕྲ་མོའང་མེད་པར་ཤངས་ཁུལ་གྱི་རི་ཀླུངས་ཐམས་ཅད་ལ་དྲོད་སྐྱེས་ཏེ་ཤངས་ཆུའི་དར་ཆགས་པའང་ཞིག་ནས་སྟོན་དུས་ལྟར་གྱུར་པ་སོགས་ཀུན་གྱི་མཐུན་སྣང་དུ་གྲུབ་པ་བྱུང༌། དེ་ནས་འོད་གསལ་ལས་བཞེངས་པ་ན་སྲས་ཀྱི་ཐུ་བོ་རྣམས་ཀྱིས་གཙོས་དད་ལྡན་རྣམས་ཀྱི་མཆོད་པ་ཚད་མེད་པར་ཕུལ་ཞིང་སྐུ་གདུང་ཞུགས་ལ་ཕུལ་བས་ཐུགས་ལྗགས་སྤྱན་གསུམ་མ་ཉམས་པར་བྱོན་པ་འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་ཀྱི་ཞིང་དུ་རྒོད་ཚང་རི་ཁྲོད་ཀྱི་དངུལ་གདུང་ནང་ན་བཞུགས་སོ། ། རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡང་དང་ཡང་དུ་སྩལ་བས་བརྒྱུད་ཚུལ་མཐའ་ཡས་པ་ཡོད་ཅིང༌།ལྷག་པར་ཐུགས་སྲས་ཐུ་བོ་རྣམས་ལས་བརྒྱུད་ཚུལ་སོ་སོར་ཡོད་མོད། འཕྲིན་ལས་ཀྱི་རྒྱུན་རིང་དུ་གནས་པ་ནི། རྗེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནས་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན། དེ་ནས་རྗེ་བཙུན་བློ་བཟང་ཡེ་ཤེས་ལ་བརྒྱུད་པ་དང༌། ཡང་རྗེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནས་དྲུང་པ་རྟ་ཕུག་པ།   དེ་ནས་རྗེ་དགེ་ལེགས་རྒྱ་མཚོ་ལ་བརྒྱུད་པ་གཉིས་འཕྲིན་ལས་རྒྱ་ཆེ་རྒྱུན་རིང་བ་བྱུང་ལ། ཁོ་བོས་ཀྱང་བརྒྱུད་པ་དེ་གཉིས་ཀ་ཐོབ་པ་ཡིན་པས་འདིར་ཡང་བརྒྱུད་པ་དེ་གཉིས་ཀའི་བླ་མ་རྣམས་ཀྱི་རྣམ་ཐར་བརྗོད་པར་བྱའོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་གསོལ་བ་འདེབས་ཤིང་རྗེ་འདིའི་རྣམ་ཐར་ལྟར་མདོ་སྔགས་ཀྱི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་འཁྲུལ་མེད་ཀྱི་ངེས་པ་བརྟན་པོ་རྙེད་པར་བྱས་ཏེ་ཇི་ལྟར་ཉམས་སུ་ལེན་ཚུལ་འཇམ་མགོན་སྙན་རྒྱུད་ཀྱི་མན་ངག་ཐོབ་པར་བྱས་ལ་ཁ་ཕྱི་ལྟར་མ་སོང་བར་སྒྲུབ་པ་སྙིང་པོར་བྱ་བ་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་པར་བྱའོ།།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号