ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་བརྩོན་པས་སྒྲུབ་པ་ལྷུར་ལེན་ནམ་སེང་ཞབས།
སྤེལ་དུས།04-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

༈   བརྩོན་པས་སྒྲུབ་པ་ལྷུར་ལེན་ནམ་སེང་ཞབས། །ཞེས་བསྔགས་པ། ལྷོ་བྲག་མཁན་ཆེན་ནམ་མཁའ་སེང་གེ་ནི།   ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཆོས་བློན་ཤུད་ཕུ་དཔལ་གྱི་སེང་གེའི་རྒྱུད་དུ་ལྷོ་བྲག་ཏུ་སྐུ་འཁྲུངས།   སྔགས་རྙིང་མའི་ཁྱིམ་བཙུན་གྱི་རིགས་བརྒྱུད་ཡིན་ཡང་སྔོན་ཡུན་རིང་པོ་ནས་ལམ་ལ་སྦྱངས་པའི་བག་ཆགས་ཀྱི་མཐུ་བརྟས་པས་འཁྲུངས་ཙམ་ཉིད་ནས་ཆོས་འབའ་ཞིག་སེམས་ཤིང་སྨྲ་ཤེས་པ་ནས་བཟུང་དམ་པའི་ཆོས་འདུལ་བ་ལ་མོས་ཤིང་བཀའ་གདམས་ལམ་རིམ་ལ་མོས་པ་རྩེ་གཅིག་བྱེད་པ་ཞིག་བྱུང་ནས་དགུང་ལོ་བཅུ་གསུམ་པ་ལ་དགྲ་བཅོམ་པ་སྦལ་ཏི་ཇོ་སྲས་ཀྱི་ཞབས་ལ་གཏུགས་ནས་རབ་ཏུ་བྱུང༌།འདུལ་བའི་གསན་སྦྱོང་མཐར་ཕྱིན་པར་མཛད། སྔོན་གྱི་ལས་འབྲེལ་བཟང་པོས་འདུལ་འཛིན་ཐག་མ་བ་དང་མཇལ།   གུས་པ་ཆེན་པོས་གསོལ་བ་བཏབ་པ་ན་འདུལ་འཛིན་ཐག་མ་བས་ཚེ་དང་ལྡན་པའི་ཚུལ་ཁྲིམས་འགོ་ཐོན་པ་འོང་གི་གསུང༌། དེ་ནས་འདུལ་འཛིན་ཐག་མ་བ་ཆེན་པོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་བཀའ་གདམས་གཞུང་པའི་བཤད་སྲོལ་ལྟར་གསན་ནས་ཐུགས་སུ་ཆུད་པར་མཛད།    ལམ་ཐུན་མོང་བའི་སྟེང་དུ་ཐུན་མོང་མིན་པ་རྡོ་རྗེ་ཐེག་པ་ལ་སློབ་པའི་ཕྱིར་ཐག་མ་བ་ཆེན་པོས་མི་གཡོ་བ་དཀར་པོ་ལྷག་པའི་ལྷར་ཟུངས་གསུངས་ནས་དེའི་སྒྲུབ་ཐབས་དང་མན་ངག་གནང་བ་ལྟར་བསྒྲུབས་པས་ཞལ་གཟིགས་ཐུན་མོང་དང་ཐུན་མོང་མིན་པའི་ལམ་གྱི་རིམ་པ་ལ་བརྩོན་པ་ཤུགས་དྲག་ལ་རྒྱུན་རིང་བ་མཛད་པས་མྱོང་བ་ཕུལ་ཕྱིན་ཐོན། དོན་འདི་ལ་དགོངས་ནས་རྗེ་ཐམས་ཅད་མཁྱེན་པས། བརྩོན་པས་སྒྲུབ་པ་ལྷུར་ལེན་ནམ་སེང་ཞབས། །ཞེས་བསྔགས་སོ། །དེ་ནས་མཁན་ཆེན་ནམ་མཁའ་སེང་གེས་དགེ་བའི་བཤེས་གཉེན་དོན་སྟེང་པ་ལ་སྒྲོལ་མེའི་ཆོས་སྐོར་ཞུས། གཞན་ཡང་དམ་ཚིག་གསུམ་བཀོད།  ཛམ་བྷ་ལ།  ཚོགས་བདག་རྣམས་ཞུས་ཏེ་བསྒྲུབས་པས་ལྷ་དེ་དང་དེའི་ཞལ་གཟིགས། དེ་ལྟར་བརྩོན་པ་ཆེན་པོས་སྒྲུབ་པ་རྒྱུན་རིང་དུ་མཛད་ནས་རང་ཉིད་མི་ཉམས་པའི་གདེང་ཐོབ་པ་ན་རང་གི་དབོན་སྲས་མཁན་ཆེན་ནམ་མཁའ་རྒྱལ་པོ་སོགས་སྐལ་བ་དང་ལྡན་པ་མཐའ་ཡས་པ་ལ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་རྒྱ་ཆེར་སྤེལ། ལྷོ་བྲག་ཕྱོགས་སུ་གཞི་གསུམ་གྱི་ཕྱག་ལེན་སོགས་འདུལ་ཁྲིམས་རྣམ་པར་དག་པ་འཕེལ་བར་མཛད་དེ་ལྷོ་བྲག་སྒྲོ་བ་དགོན་པ་སོགས་ཀྱི་མཁན་པོ་མཛད་དེ་ལྷོ་ཕྱོགས་སྤྱི་དང་ཁྱད་པར་ཤུད་ཕུ་པའི་རྒྱུད་ལ་བཀའ་གདམས། བསྟན་འཛིན་རིམ་པར་བྱོན་པ་ཐམས་ཅད་མཁན་ཆེན་འདིའི་བཀའ་དྲིན་ལས་བྱུང་ངོ༌།   །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་མཁན་ཆེན་ནམ་མཁའ་སེང་གེ་ལ་གསོལ་བ་འདེབས་ཤིང་དམ་པ་འདིའི་རྣམ་ཐར་ལྟར་འདུལ་བའི་བཅས་མཚམས་དག་པ་གཞིར་བཟུང་ནས་བྱང་ཆུབ་ལམ་གྱི་རིམ་པ་སྒོམ་པ་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བྱའོ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号