༈བླ་དཔོན་ཐུགས་ནད་གཤིན་པའི་འབྲེལ་ཟབ་རྒྱ་ཇེ་ཆེར་གཏོང་བཞེད་ཀྱི་རིགས། ༈སྐབསཞུ་སྔོན་གྱི་ཡབ་མེས་ཆེན་པོ་རྣམས་ནས་བཟུང་ཕན་ཚུན་དགོངས་པ་སྣོད་གཅིག་ཏུ་དཀར་པའི་ཐུགས་སྨོན་དུས་བབས་ཀྱིས། ཆོས་སྲིད་ཟུང་དུ་འབྲེལ་པའི་གསེར་ཟམ་བཙུགས་པ་ བཞིན་དེང་ཡང་འདོད་པ་ཐམས་ཅད་ཆར་དུ་འབེབས་པའི་རྫོགས་ལྡན་གྱི་སྤྲིན་ལ་ཞོན་པ་སའི་བརྒྱ་བྱིན་ཉིད་དང་ངོས་ཅག་མོས་ཚུལ་ལྟར་ལེགས་པའི་ལམ་པོ་ཆེ་འགྲན་པར་བཏོད་པའི་ཐུགས་བསྐྱེད་དགོངས་གཏད་རྒྱ་གང་ཆེ་ནས་མཉེས་གཤིན་པའི་སྦྱོར་བ་མི་ཤིགས་རྡོ་རྗེའི་ལུ་གུ་རྒྱུད་དུ་ཐུགས་ལ་འདོགས་འཚལ།།
ཞེས་སོགས་རྒྱས་བསྡུས་གང་འཐད་དང་སྐབས་ཐོབ་རིག་པས་དཔག་ལ་དཔེར་བརྗོད་འདི་རྣམས་ཀྱིས་དཔེ་རིགས་གཞན་ལའང་རིགས་འགྲེ་སྦྱར་ཞིང༌། མཁས་པ་སྔ་མ་དག་གིས་མཛད་པའི་ཆབ་ཤོག་ལོ་རྒྱུས་སོཊ་དཔེར་བཟུང་ནས་ཇི་ལྟར་འཚམས་པའི་བཅོས་བསྒྱུར་དབྲི་བསྣན་སོགས་བྱས་ཀྱང་མི་ཆོག་པ་ཞིག་མ་ཡིན་ཏེ། གུང་ཐང་བ་བདེ་བའི་བློ་གྲོས་ཀྱི་སྡེབས་སྦྱོར་སྣ་ཚོགས་པདྨ་རྒྱས་པའི་ལྡུམ་ར་ཞེས་བྱ་བར་བསྟན་བཅོས་ཇི་ལྟར་བརྩམས་ཚུལ་ལ་གསུམ་དུ་ཕྱེ་བའི་གཉིས་པ་གཞན་རྐྱེན་མཁས་པའི་ཚུལ་ལ་བལྟ་བར་གསུངས་པ་ལས། མཁས་པ་རྣམས་ཀྱིས་གསུངས་པའི་བསྟན་བཅོས་དང་འགྲེལ་ཊིཀ་དང༌། ཚིགས་སུ་བཅད་པ་རྣམས་ལས་བཏུས་ཏེ། མགོ་ལ་འདུག་པའི་ཚིག་གཤམ་དུ་དྲངས། གཤམ་ལ་གནས་པ་སྟོད་དུ་དྲངས། ལ་ལའི་དཔེ་བསྒྱུར། ལ་ལའི་དོན་བསྒྱུར། ལ་ལའི་ཚིག་དབྲི། ལ་ལའི་ཚིག་བསྣན་ཏེ་མཁས་པས་བརྩམས་པའི་ལགས་བཤད་དེ་ལ་ཡུན་རིང་དུ་གོམས་པས་དེ་ཉིད་ཀྱིས་སད་བྱེད་ཀྱི་རྐྱེན་བྱས་ནས། ནང་དུ་དེ་མ་ཡིན་པའི་དེ་དང་མཚུངས་པ་ཞིག་སྐྱེ་པའོ། ཞེས་བཤད་པ་འདིར་ཡང་མཚུངས་པས་སོ།།
དེ་ལྟ་ནའང་བཅོས་བསྒྱུར་བྱེད་མ་ཤེས་ན་ཧ་ཅང་བཞད་གད་ཀྱི་རྐྱེན་དུ་འགྲོ་བས་བླུན་པོ་སྨྲ་བ་ཉུང་ན་མཛེས་གསུངས་པ་ཤིར་ཏུ་མད་ཅིང༌། སྙན་དངགས་མཁན་རྣམས་ཀྱིས་ནི་སྨྲ་མཁས་པའི་ཤུགས་ཀྱིས་གང་ཡང་ཚིག་སྦྱོར་མཛེས་པའི་ལམ་དུ་སློང་བས། མཁས་པས་བཤད་ན་ཅི་ཡང་བདེན། །སྙན་དངགས་མཁན་ལ་ཅི་ཡང་རྒྱན། །ཞེས་པ་ལྟར་གཞན་དང་མི་འདྲ་བའི་ཁྱད་ཆོས་ཆེ་ལ། འཕྲིན་ཡིག་སྙན་ཚིག་གི༌ལམ་ནས་བསྤྲིངས་ན། མཁས་པ་རྣམས་དགྱེས་ཤིང་རང་ཉིད་ཐུགས་ལ་འདོགས་པ་སོགས་ཀྱི་དོན་ཆེན་པོ་འགྲུབ་པས། བདག་ལེགས་སུ་འདོད་པ་རྣམས་ཀྱིས་ནི་སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ་ལ་འབད་དེ། དབྱངས་ཅན་རིག་པའི་གཙུག་ལག་ལས་འབྱུང་བའི་ཉམས་དང་འགྱུར་པའི་རོས་སྒེག་ཅིང༌། མངོན་བརྗོད་ཀྱི་མིང་གི་རྣམ་གྲངས་དུ་མས་མཛེས་པར་བྱས་པ་ཐོན་མིའི་གཞུང་ལུགས་དང་མཐུན་པའི་སྡེབས་གཟུགས་སོགས་ཡི་གེའི་ངོ་མཚར་ལྷག་པར་གསལ་ཞིང་སྣག་ཤོག་དྲིལ་ལྟེབ་ཚུན་ཆད་ཀྱིས་ཀྱང་དང་བ་འདྲེན་པ་སྟེ། དཔྱོད་ལྡན་དགྱེས་པའི་རྣམ་འགྱུར་འགོག་མེད་དུ་འཆར་ནུས་པ་ཞིག་བྱའོ།། །།སྨྲས་པ།
|