ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །བོད་ཀྱི་སྐད་ཡིག་འཁྲིད་ཐབས་གསལ་བའི་མེ་ལོང་།
སྤེལ་དུས།04-25  ཡོང་ཁུངས།  རྩོམ་པ་པོ།
    ༢. རྩོམ་རིག་བརྩམས་ཆོས་སློབ་འཁྲིད་བྱེད་སྐབས་སུ་ངེས་པར་དུ། ཧྲིལ་བོ་ནས་ཕྱོགས་རེ་པའི་བར་སློབ་མར་གཟུགས་བརྙན་ལ་ཤེས་རྟོགས་ཕུན་སུམ་ཚོགས་པར་བྱ་དགོས་པ། དེའི་ཕྱོགས་ནས་འབྱིན་སྒྲུབ་རྩོམ་ཡིག་ཁྲིད་པ་དང་མི་འདྲ་ལ། གསལ་བཤད་རྩོམ་ཡིག་ལའང་མི་འདྲའོ། ། ཕྱི་མ་གཉིས་ནི་ཕྱོགས་རེ་བ་ནས་ཧྲིལ་བོར་ཁྲིད་ཆོག་ལ། རེ་རེ་ནས་ཤེས་རྟོགས་བྱས་ཆོག་པས། མཚམས་པ་སོ་སོ་བ་ཚང་མར་ནང་དོན་ཕུན་སུམ་ཚོགས་པ་ཞིག་ལྡན་སྲིད།   རྩོམ་རིག་བརྩམས་ཆོས་དེ་ལས་ལྡོག་སྟེ།   རྩོམ་ཧྲིལ་བོ་ལས་བྲལ་མི་ཐུབ་སྟེ། ཕྱོགས་སོ་སོ་བ་དང་ཕྱེད་ཀས་དོན་རྟོགས་མི་ཐུབ་པ་རེད། དེའི་ཕྱིར་ཧྲིལ་བོ་ནས་ཕྱོགས་རེ་རེའི་བར་གོ་འོས་ལ་ཕྱོགས་ཤས་ནས་ཧྲིལ་བོ་བརྒྱུད་དགོས། སྐབས་འགར་ཁག་འགར་བགོས་ཏེ། སློབ་མར་ལྟ་ཀློག་བྱེད་དུ་འཇུག་པ་དེ་ཡང་སྟབས་བདེར་ཡོང་བ་ཁོ་ན་ལས། དམིགས་གཏད་ས་གང་ལྟར་ཧྲིལ་བོའི་སྟེང་དུ་འཇོག་དགོས། དེའི་སྟབས། རྩོམ་རིག་བརྩམས་ཆོས་སློབ་འཁྲིད་བྱེད་པའི་རྩ་བའི་རེ་བ་གཉིས་པ་ནི། སློབ་མའི་སེམས་ཤིགས་གཙོ་བོ་རྩོམ་རིག་ཧྲིལ་བོའི་ཤེས་རྟོགས་དང་ཚོར་མྱོང་ཕྱོགས་སུ་འཁྲིད་དགོས་པ་དེ་ཡིན།
༣. ཁྱད་པར་དུ། སྐད་བརྡ་སློབ་འཁྲིད་ལ་ཡིད་འཇོག་བྱ་དགོས།   རྩོམ་རིག་བརྩམས་ཆོས་ཀྱིས་སློབ་མ་རྣམས་ལ་སྐད་བརྡ་ཕུན་སུམ་ཚོགས་པ་ཞིག་འདོན་སྤྲོད་བྱས་ཏེ། སྐད་བརྡ་སློབ་འཁྲིད་ལ་གྲུབ་འབྲས་བླ་ལྷག་ཅིག་ཐོབ་དུ་འཇུག་དགོས། ཚིག་རྒཡན་བཀོད་ཐབས་ཀྱི་ཚིག་འབྲུ་སྟེ། དཔེར་ན། ཚིག་གི་རྒྱན་དང་དཔེ། དོན་འདྲ་ཡང་བརྩེ་སེམས་མཚོན་ཐབས་མི་འདྲ་བའི་ཚིག་འབྲུ་ལ་སོགས་པ་སློབ་མར་རྩོམ་པ་པོའི་ཡང་དག་དང་གསོན་ཉམས་ལྡན་པའི་སྒོ་ནས་ཚིག་འབྲུ་དེ་དག་གིས་བསམ་བློ་མཚོན་པའི་ནུས་པ་དང་དེའི་མཛེས་སྡུག་གི་ནུས་པ་བཀོད་ཚུལ་ཤེས་རྟོགས་ཡོང་བ་བྱ་དགོས།
   ༤. སློབ་འཁྲིད་བྱེད་ཐབས་ལ་གྱརེ་འདོན་དང་ཁ་བྱང་སྦྱོང་བར་བྱེད་པ་གཉིས་ལ་ཡིད་འཇོག་བྱ་དགོས། གྱེར་འདོན་ལ་བརྩམས་ཆོས་ནང་དོན་དང་ཚིག་འབྲུའི་རྣམ་པ་མི་འདྲ་ཕྱིན། སྒྲོགས་འདོན་དང་ཀློག་འདོན་གྱི་རྣམ་པགང་རུང་ཞིག་སྤྱད་དགོས།
   འདིར་སླར་ཡང་། རྩོམ་རིག་དང་སྐད་བརྡའི་འབྲེལ་བར་དཔྱད་བསྡུར་ཞིག་བྱ་རྒྱུ་ལ།   རྩོམ་རིག་སློབ་གསོ་ལ་རྩོམ་རིག་དང་སྐད་བརྡའི་འབྲེལ་བ་འགའ་ཞིག་ལྡན་པར་མ་ཟད།   ད་དུང་རྩོམ་རིག་དང་སློབ་གསོ། རྩོམ་རིག་དང་འཚོ་བ། རྩོམ་རིག་དང་སྤྱི་ཚོགས། རྩོམ་རིག་དང་སྒྱུ་རྩལ་བཅས་འཛོམས་པ་ནས་རྩོམ་རིག་དང་ཚན་རིག་འབྲེལ་བའི་བར་ཐུག་པ་ཞིག་རེད། ཡིན་ནའང་། སྐད་ཡིག་སློབ་འཁྲིད་ཀྱི་ཁྲོད་དུ་གནད་དོན་འབྱུང་སླ་ལ་སྐྱར་མར་ཞིབ་འཇུག་བྱ་དགོས་པ་ནི་རྩོམ་རིག་དང་སྐད་བརྡའི་འབྲེལ་བ་རེད།
     རྩོམ་རིག་སློབ་འཁྲིད་ནི། སྔར་ནས་སྐད་བརྡ་སློབ་འཁྲིད་རྨང་གཞི་བརྒྱུད་ནས་སྐད་བརྡ་སློབ་འཁྲིད་ཀྱི་དམིགས་ཡུལ་འགྲུབ་པ་གཙོ་བོའི་གོ་གནས་སུ་འཇོག་དགོས། རྩོམ་རིག་སློབ་འཁྲིད་ལ་སྐད་བརྡ་སྦྱོང་བརྡར་རྨང་གཞི་ལག་བསྟར་བྱ་མི་དགོས་པ་མ་ཡིན་པར། དེ་ལས་ལྷག་པར་སྐད་བརྡ་སྦྱོང་བརྡར་བྱེད་པ་ནི། ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་འགན་ཁུར་ཞིག་ཡིན། རྩོམ་རིག་སློབ་འཁྲིད་བྱེད་ན་ངེས་པར་དུ་འགན་དེ་བཞེས་དགོས།   རྩོམ་རིག་སློབ་འཁྲིད་ལ་གལ་ཏེ་སྐད་བརྡ་སྦྱོང་བརྡར་བྱེད་རྒྱུ་དང་བྲལ་ཚེ། སྐད་བརྡ་སློབ་འཁྲིད་བྱེད་པའི་ཡོངས་ཁྱབ་རང་བཞིན་ལྡན་པའི་རེ་བ་ཚིམ་མི་ཐུབ་ལ། རྩོམ་རིག་ཤེས་བྱ་དང་རྩོམ་རིག་རོལ་མྱོང་གི་སློབ་གསོ་ཕྱོགས་གཙོ་བོར་བྱས་ཏེ་སྐད་བརྡ་སློབ་གསོའི་རེ་བ་སྣང་མེད་དུ་འཆོར་ན། དེ་ནི་རྩོམ་རིག་སློབ་ཐུན་ཁོ་ན་ཞིག་ཏུ་འགྱུར་འགྲོ་བ་རེད། ངས་བལྟས་ན། འབྲིང་རིམ་སློབ་མ་ཞིག་གིས་རྗེ་པོ་ཏོ་བ་དང་ས་པན་གཉིས་མི་ཤེས་པ་དང་<<བྱ་སྤྲེལ་གཏམ་རྒྱུད>>་དང་<<གེ་སར་རྒྱལ་བོའི་སྒྲུང>>་གཉིས་ལ་ལྟ་ཀློག་མ་བྱས་ཚེ་ཞན་ཆ་ཆེ་བ་སྨྲས་མ་དགོས། ཡིན་ནའང་ཉིན་རྒྱུན་ཁ་སྐད་དང་དཔེ་བརྡ་གཉིས་ཀྱི་སྦྱོང་བརྡར་མི་ལྡང་བ་དང་བསྡུར་ན་རྗེས་མར་འབྱུང་བའི་གནད་དོན་ལྷག་ཏུ་ཆེ་བ་ཡིན།   སྐད་བརྡའི་ཤེས་བྱ་དང་ནུས་པས་<<ས་སྐྱ་ལེགས་བཤད>>་དང་<<རྒྱལ་བོའི་ལུགས་ཀྱི་བསྟན་བཅོས>>་ཤེས་པའི་ངེས་པ་མེད་པ་བཤད་མ་དགོས་ཤིང་། བོད་མཁས་ཀྱི་སྙན་ངག་དང་ཞང་ཞུང་ཆོས་དབང་གྲགས་པའི་སྙན་ངག་གཉིས་ཤེས་པས་ཀྱང་ཉིན་རྒྱུན་མཁོ་བའི་སྐད་བརྡའི་ནུས་པའི་ཚབ་བྱེད་མི་ཐུབ།   དེར་བརྟེན། རྩོམ་རིག་སློབ་འཁྲིད་ཀྱིས་དམིགས་སྒོ་གཉིས་སུ་སླེབས་དགོས་ཏེ། རྩོམ་རིག་སློབ་གསོའི་དམིགས་སྒོ་དང་སྐད་བརྡའི་སློབ་གསོའི་དམིགས་སྒོ་གཉིས་སོ། །
   སྐད་བརྡ་དང་རྩོམ་རིག་གཉིས་ཕན་ཚུན་ལྟ་རྟོག་ཐོབ་དགོས་ན། ཡིད་འཇོག་བྱ་གནད་གཙོ་བོ་འགའ་ནི།
༡. རྩོམ་རིག་སློབ་ཚན་རེའི་སློབ་འཁྲིད་ཚང་མར་སྤྱིར་བཏང་གི་གནས་ཚུལ་འོག་ཏུ། སྐད་བརྡ་དང་རྪོམ་རིག་གི་དམིགས་ཡུལ་གཉིས་ལྡན་ཞིག་མངོན་འགྱུར་བྱ་གང་ཐུབ་ཅིག་བྱ་དགོས། སྐད་བརྡའི་དམིགས་སྒོ་མངོན་འགྱུར་བྱ་ཆེད། གྱེར་འདོན་དང་བློར་འདོན། ཞིབ་འདོན་དང་རགས་འདོན་གྱི་སྦྱོང་བརྡར་བརྒྱུད་དགོས་ལ། རྩོམ་རིགས་ཀྱི་ནང་དོན་གཙོ་བོ་དང་གྲུབ་ཚུལ་དང་རྩ་གནད་ཁོང་དུ་ཆུད་པ་ལ། ཚིག་སྦྱོར་སྤེལ་སྟངས་གཙོ་བོའི་སྦྱོང་བརྡར་དུ་འཛིན་ཤེས་དགོས།   ད་དུང་གདེམ་ཀའི་ཀློག་འདོན། མྱུར་མོའི་ལྟ་ཀློག གཏམ་བརྗོད་ལྟ་ཀློག་གི་སྦྱོང་བརྡར་སོགས་བྱེད་དགོས།   རྩོམ་རིག་དམིགས་སྒོ་མངོན་འགྱུར་བྱ་ཆེད་བྱུང་རིམ་གྲུབ་ཚུལ་ལ་དབྱེ་ཞིབ་དང་མི་སྣའི་སྣང་བརྙན་ཤེས་རྟོགས། བརྗོད་བྱ་དང་རྩོམ་པ་པོའི་གསར་བསྐྲུན་འཆར་སྒོའི་རོལ་མྱོང་རང་བཞིན་ཅན་གྱི་སློབ་འཁྲིད་ལ་གོ་བ་ལེན་དགོས།
    སློབ་འཁྲིད་བྱ་རིམ་ཁྲོད་དུ་ཐོག་མཐའ་བར་གསུམ་དུ། སྐད་བརྡ་དང་རྩོམ་རིག་ཕན་ཚུན་ལྟ་རྟོག་དང་དེ་གཉིས་སྙོམས་པར་འཇུག་པ་ནི་ལས་ཀ་གཙོ་བོ་ཞིག་ཡིན།   ཚིག་སྦྱོར་སོགས་སྐད་བརྡའི་སློབ་འཁྲིད་ཕྱོགས་ན་རྩོམ་རིག་གི་ཁྱད་ལྡན་རྩི་བཅུད་ཐོན་མི་ཐུབ་ལ།   རྩོམ་རིག་ལ་ཕྱོགས་ན་ཉིན་རྒྱུན་སྐད་བརྡ་བཀོལ་སྤྱོད་གསོ་སྐྱོང་བྱེད་པར་གནོད་ངེས་ཕྱིར། ངེས་པར་དུ་སྐད་བརྡ་དང་རྩོམ་རིག་གཉིས་ཆ་སྙོམས་སྒོས་སྐད་བརྡ་དེ་རྩོམ་རིག་སློབ་འཁྲིད་ཀྱི་གཞི་འཛིན་སར་བཞག་སྟེ། སྐད་བརྡས་རྩོམ་རིག་རོལ་མྱོང་བྱ་བར་འཇུག་དགོས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号