ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་མངོན་པའི
སྤེལ་དུས།05-18  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
གསུང་རབ་ཡན་ལག་དགུ་ནི།རྟོགས་བརྗོད།དེ་ལྟ་བུ་བྱུང༌།སྐྱེས་རབས་གསུམ་གླེང་གཞིའི་འཁོར་དུ་བསྡུས་པའོ།།སྡེ་སྣོད་གསུམ་ནི།འདུལ་བ།མངོན་པ། མདོ་སྡེའི་སྡེ་སྣོད་གསུམ་མོ།།ཆོས་ཀྱི་སྤྱོད་ཡུལ་དམིགས་པའི་རབ་དབྱེ་བཞི་ནི་ཁྱབ་པའི་དམིགས་པ་སོགས་ཏེ་སྔར་བཤད་ཟིན་ཏོ།།ཆོས་ཀྱི་དོན་དཔྱོད་བྱེད་ཀྱི་རིགས་པ་བཞི་ནི།ལྟོས་པའི་རིགས་པ།བྱ་བ་བྱེད་པའི་རིགས་པ། འཐད་པས་བསྒྲུབ་པའི་རིགས་པ།ཆོས་ཉིད་ཀྱི་རིགས་པའོ།།ཚོལ་བ་བཞི་ནི།མིང་ཚོལ་བ། དངོས་པོ་ཚོལ་བ།ངོ་བོ་ཉིད་དུ་འདོགས་པ་ཚོལ་བ།བྱེ་བྲག་ཏུ་འདོགས་པ་ཚོལ་བའོ།།ཕྱི་མ་ལ་ཁྱད་པར་འདོགས་པ་ཚོལ་བ་ཞེས་ཀྱང་ཟེར་རོ།།ཡོངས་སུ་ཤེས་པ་བཞི་ནི།མིང་ཚོལ་བར་གཏོགས་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་སོགས་བཞི་སྟེ་སྔ་མ་དང་འདྲའོ།།
ཡོངས་སུ་ཚོལ་བ་དྲུག་ནི།དོན།དངོས་པོ།མཚན་ཉིད།ཕྱོགས།དུས།རིགས་པ་ཡོངས་སུ་ཚོལ་བའོ།།རྣལ་འབྱོར་གྱི་ས་ལྔ་ནི།གཞི།སྐྱེད་པ།མེ་ལོང་ལྟ་བུ།སྣང་བ། གནས་སོ༑༑མཁས་པའི་རིམ་པ་ལྔ་ནི།མང་དུ་ཐོས་པ་དང་ལྡན་པ།དོན་ལ་མཁས་པ།ཡི་གེ་ལ་མཁས་པ།ངེས་པའི་ཚིག་ལ་མཁས་པ།སྔོན་དང་ཕྱི་མའི་མཐའི་དགོངས་པ་ལ་མཁས་པ་རྣམས་སོ༑༑ཤེས་རབ་གསུམ་གྱིས་ཆོས་ལ་གནས་པ་ནི།ཐོས་བྱུང༌།བསམ་བྱུང༌།སྒོམ་བྱུང་གི་ཤེས་རབ་གསུམ་གྱིས་གནས་པའོ།།
ཤིན་ཏུ་རྒྱས་པའི་སྡེ་སྣོད་ནི།ཕ་རོལ་ཏུ་ཕྱིན་པ་རྣམས་ཆོས་བཅུའི་སྒོ་ནས་རྒྱས་པར་སྟོན་པ་སྟེ། ཆོས་བཅུ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གྲངས་བསྟན་པ་དང༌།དེ་བཞིན་དུ་སྦྱརཏེ། མཚན་ཉིད། གོ་རིམས།ངེས་ཚིགབསྒོམ་པ།རབ་ཏུ་དབྱེ་བ།བསྡུས་པ།མི་མཐུན་པའི་ཕྱོགས། ཡོན་ཏན་གྱི་བསྔགས་པ།གཅིག་ལ་གཅིག་ངེས་པ་བསྟན་པ་སྟེ་བཅུའོ།།ཆོས་དོན་མི་རྟོགས་པའི་རྒྱུ་ལྟ་ངན་ཉི་ཤུ་རྩ་བརྒྱད་ནི།མཚན་མར་ལྟ་བ།བཏགས་པ་ལ་སྐུར་འདེབས་ཀྱི་ལྟ་བ།ཀུན་རྟོག་ལ་སྐུར་འདེབས་ཀྱི་ལྟ་བ།དེ་ཁོ་ན་ཉིད་ལ་སྐུར་འདེབས་ཀྱི་ལྟ་བ།ཡོངས་སུ་འཛིན་པའི་ལྟ་བ། སྒྱུར་བའི་ལྟ་བ།ཁ་ན་མ་ཐོ་བ་མེད་པའི་ལྟ་བ།ངེས་པར་འབྱུང་བར་ལྟ་བ།དབང་ཟ་བའི་ལྟ་པ།རབ་ཏུ་འཁྲུགས་པའི་ལྟ་བ།ཕྱིན་ཅི་ལོག་ཏུ་ལྟ་བ།འཕེལ་བའི་ལྟ་བ། ཁས་མི་ལེན་པའི་ལྟ་བ།ངན་གཡོའི་ལྟ་བ།བཀུར་སྟིའི་ལྟ་བ།རྨོངས་པ་བསྟན་པའི་ལྟ་བ།རྩ་བའི་ལྟ་བ། ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ། སྦྱོར་བ་སེལ་བའི་ལྟ་བ།ངེས་འབྱིན་མ་ཡིན་པར་ལྟ་བ།སྒྲིབ་པ་ལ་སོགས་པར་ལྟ་བ།སྡིག་པ་འཕེལ་བའི་ལྟ་བ།འབྲས་བུ་མེད་པའི་ལྟ་བ།ཆད་པས་བཅད་པའི་ལྟ་བ།སྐུར་པ་འདེབས་པའི་ལྟ་བ།བསྙད་པ་མ་ཡིན་པའི་ལྟ་བ།ལྟ་བ་ཆེན་པོ།མངོན་པའི་ང་རྒྱལ་གྱི་ལྟ་བའོ།།ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་པའི་དགོངས་པ་ངོ་བོ་ཉིད་མེད་པ་་གསུམ་ནི།ཀུན་བརྟགས་མཚན་ཉིད་ངོ་བོ་ཉིད་མེད་པ།གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ། ཡོངས་གྲུབ་དོན་དམ་པ་ངོ་བོ་ཉིད་མེད་པའོ།།དགོངས་གཞི་གཙོ་བོར་བཟུང་བའི་མདོའི་དགོངས་པ་བཞི་ནི།མཉམ་པ་ཉིད་ལ་དགོངས་པ།དུས་གཞན་ལ་དགོངས་པ།དོན་གཞན་ལ་དགོངས་པ།གང་ཟག་གི་བསམ་པ་ལ་དགོངས་པ་སྟེ་བཞིའོ།།དགོངས་པ་གཙོ་བོར་བཟུང་བའི་མདོའི་ལྡེམ་པོར་དགོངས་པ་བཞི་ནི།གཞུག་པ་ལ་ལྡེམ་པོར་དགོངས་པ།མཚན་ཉིད་ལ་ལྡེམ་པོར་དགོངས་པ། གཉེན་པོ་ལ་ལྡེམ་པོར་དགོངས་པ།བསྒྱུར་བ་ལ་ལྡེམ་པོར་དགོངས་པའོ།།
མདོ་ལ་མོས་པའི་ཕན་ཡོན་ལྔ་ནི།གནས་ངན་ལེན་གྱི་གནས་ཐམས་ཅད་འཇིག་པ།ཆོས་ཀྱི་དགའ་བ་ལ་དགའ་བ་ཐོབ་པ།ཚད་མེད་པ་ཤེས་པ།རྣམ་པར་མི་རྟོག་པའི་མཚན་མ་རྣམས་ཀུན་དུ་འབྱུང་བ། གོང་མ་བས་ཀྱང་ཆེས་གོང་མའི་རྒྱུ་ཡོངས་སུ་འཛིན་པར་བྱེད་པའོ།།གསུམ་པ་འཐོབ་པ་རྣམ་པར་ངེས་པ་ལ།འཐོབ་བྱེད་གང་ཟག་གི་དབྱེ་བ་ནི།སྤྱོད་པས་དབྱེ་བ།ངེས་པར་འབྱུང་བས་དབྱེ་བ།ཉེ་བར་བསྟན་པས་དབྱེ་བ།སྦྱོར་བས་དབྱེ་བ།འབྲས་བུས་དབྱེ་བ།ཁམས་གྱིས་དབྱེ་བ།སྤྱད་པས་རབ་ཏུ་དབྱེ་བ་སྟེ་སྡེ་ཚན་གྱི་སྒོ་ནས་བདུན་ནོ།།སྤྱོད་པས་དབྱེ་བ་ལ།དུས་གསུམ།ང་རྒྱལ།རྣམ་པར་རྟོག་པ།ཆ་མཉམ་ལ་སྤྱོད་པ།ཉོན་མོངས་ཆུང་བའི་གང་ཟག་སྟེ་བདུན་ནོ།།ངེས་འབྱུང་ལ།ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་གང་ཟག་གསུམ་མོ།།ཞུགས་གནས་ཀྱི་རྣམ་བཞག་ལ།སྐྱེས་བུ་ཟུང་བཞིའམ་གང་ཟག་ཡ་བརྒྱད་ནི།རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་དང་གནས་པ་གཉིས།ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་དང་གནས་པ་གཉིས།ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་བ་དང་གནས་པ་གཉིས།དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་དང་གནས་པ་གཉིས་ཏེ་བརྒྱད་དོ།།རྒྱུན་ཞུགས་ཞུགས་པ་ལ་སྦྱོར་ལམ་སྟན་གཅིག་པ་དང༌།འཕགས་པ་གཉིས།ཡང་དད་པའི་རྗེས་འབྲང་དང༌།ཆོས་ཀྱི་རྗེས་འབྲང་གཉིས། རྒྱུན་ཞུགས་འབྲས་གནས་ལ་ཙམ་པོ་པ་དང༌།ཁྱད་པར་ཅན་གཉིས།སྔ་མའི་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་པ་ལ།སོ་སྐྱེ་དང༌།འཕགས་པ་གཉིས།འཕགས་པ་ལ༌།ངེས་པ་དང༌། མ་ངེས་པ་གཉིས་སོ།།ཁྱད་པར་ཅན་ལ་རིགས་ནས་རིགས་སུ་སྐྱེ་བ་དང༌།མཐོང་ཆོས་ཞི་གཉིས། རིགས་སྐྱེ་ལ་ལྷའི་རིགས་ནས་རིགས་སྐྱེ་དང༌།མིའི་རིགས་ནས་རིགས་སྐྱེ་གཉིས།ཕྱིར་འོང་ཞུགས་པ་ནི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་དང་རྫས་གཅིག་གོ།།ཕྱིར་འོང་འབྲས་གནས་ཙམ་པོ་པ་དང༌།ཁྱད་པར་ཅན་གཉིས།   ཕྱི་མ་ལ་ཚེ་གཅིག་བར་ཆད་གཅིག་པ་དང༌།དེ་མ་ཡིན་པ་གཉིས། ཕྱིར་མི་འོང་ཞུགས་པ་ནི་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་དང་རྫས་གཅིག་གོ།།ཕྱིར་མི་འོང་འབྲས་གནས་ཙམ་པོ་པ་དང༌།ཁྱད་པར་ཅན་གཉིས།ཡང་གཟུགས་སུ་ཉེར་འགྲོ།གཟུགས་མེད་ཉེར་འགྲོ།མཐོང་ཆོས་ཞི།ལུས་ཀྱིས་མངོན་སུམ་དུ་བྱེད་པ།ཚེ་ཡོངས་སུ་གྱུར་པ་སྟེ་ལྔ།གཟུགས་སུ་ཉེར་འགྲོ་ལ།བར་དོར་འདའ་བ།སྐྱེས་ནས་འདའ་བ།གོང་དུ་འཕོ་བ་སྟེ་གསུམ།བར་དོར་འདའ་བ་ལ་མྱུར་བ།མྱུར་བ་མ་ཡིན་པ།རིང་མོ་ཞིག་ནས་འདའ་བ་གསུམ།སྐྱེས་ནས་འདའ་བ་ལ།སྐྱེས་པ་ཙམ་ནས་འདའ་བ།མངོན་པར་འདུ་བྱེད་པ་མེད་པར་འདའ་བ།མངོན་པར་འདུ་བྱེད་དང་བཅས་ནས་འདའ་བ་གསུམ།གོང་དུ་འཕོ་བ་ལ།འོག་མིན་འགྲོ་དང༌།སྲིད་རྩེའི་མཐར་ཐུག་པར་འགྲོ་བ་གཉིས།སྔ་མ་ལ་འཕར་བ།ཕྱེད་དུ་འཕར་བ།གནས་ཐམས་ཅད་དུ་འཆི་འཕོ་ཞིང་འཕར་པ་གསུམ།འདིའི་བསམ་གཏན་སྤེལ་སྒོམ་ལ་ལྔ་སྟེ།ཆུང་ངུ་གསུམ་སྤེལ། འབྲིང་དྲུག་སྤེལ།ཆེན་པོ་དགུ་སྤེལ།ཤིན་ཏུ་ཆེ་བ་བཅུ་གཉིས་སྤེལ།ཆེས་ཤིན་ཏུ་ཆེ་བ་བཅོ་ལྔ་སྤེལ་ཏེ་ལྔའོ།།གཟུགས་མེད་དུ་ཉེ་བར་འགྲོ་བ་ལ།སྐྱེས་ནས་འདའ་བ།འདུ་བྱེད་མེད་པར་འདའ་བ། འདུ་བྱེད་དང་བཅས་ཏེ་འདའ་བ།གོང་དུ་འཕོ་བ་སྟེ་བཞིའོ།།
ཚེ་ཡོངས་སུ་གྱུར་པ་ལ།འདོད་པར་ཚེ་ཡོངས་གྱུར་དང༌།གཟུགས་སུ་ཚེ་ཡོངས་གྱུར་གཉིས་སོ༑༑དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ནི།ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་དང་རྫས་གཅིག་གོ།།དགྲ་བཅོམ་འབྲས་གནས་ལ།སྤང་བྱ་སྤངས་པའི་སྒོ་ནས་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང༌༑གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་གཉིས།ཁ་ཅིག་དེ་གཉིས་ལ།   རྒྱན་བཅས་དང༌། རྒྱན་མེད་ཅེས་ཀྱང་ཟེར་རོ།།མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཉམས་པ་དང་མི་ཉམས་པའི་སྒོ་ནས་ཕྱེ་ན།ཉམས་པའི་ཆོས་ཅན།འཆི་བར་སེམས་པའི་ཆོས་ཅན།རྗེས་སུ་བསྲུང་བའི་ཆོས་ཅན༑ གནས་ལ་ལས་མི་བསྐྱོད་པའི་ཆོས་ཅན།རབ་ཏུ་རྟོགས་པའི་འོས་སུ་གྱུར་པའི་ཆོས་ཅན།མི་འཁྲུགས་པའི་ཆོས་ཅན་ཏེ་དྲུག་གོ།།དེའི་གཉིས་པ་ལ་བདག་གསོད་པའི་ཆོས་ཅན་དང༌།དྲུག་པ་ལ་མི་གཡོ་བའི་ཆོས་ཅན་ཞེས་ཀྱང་བཤད་དོ།།དབང་པོའི་བྱེ་བྲག་གིས།   དུས་དང་སྦྱོར་བའི་གྲོལ་བ་དང་༑ དུས་དང་མི་སྦྱོར་བའི་གྲོལ་པ་གཉིས།དེ་གཉིས་ལ་དད་པས་མོས་པ་ལས་སྐྱེས་པ་དང༌། མཐོང་བས་ཐོབ་པ་ལས་བྱུང་བ་ཞེས་ཀྱང་ཟེར་རོ།།དེ་དག་ནི་ཕལ་ཆེར་འབྲས་བུ་རིམ་གྱིས་མངོན་དུ་བྱེད་པ་དང༌།སྤང་བྱ་མཐར་གྱིས་སྤོང་བའི་དབང་དུ་བྱས་པ་ཡིན་ལ།འབྲས་བུ་ཐོད་རྒལ་བ་ནི། འབྲས་བུ་བར་མ་གཉིས་ཀྱི་ཞུགས་གནས་བཞི་ཁོ་ན་ལ་འཇོག་གོ།།དེ་ལ་ཆགས་བྲལ་སྔོན་སོང་ཞེས་ཀྱང་ཟེར་རོ།།དེ་ཡང་ཕལ་ཆེར་ལས་ཆགས་པ་དང་བྲལ་བ་དང༌།འདོད་པ་ལས་ཆགས་པ་དང་བྲལ་བ་གཉིས་སོ།།སྤང་བྱ་གཅིག་ཅར་བ་ནི། འབྲས་བུ་དང་པོ་དང་ཐ་མ་གཉིས་ལ་ཡོད་ཀྱི་གཞན་ལ་མེད་པར་བཤད་དོ།།འདི་དག་གཙོ་བོར་མངོན་པ་གོང་མའི་ལུགས་ལྟར་བྲིས་པ་ཡིན་ལ།མངོན་པ་འོག་མར་འདི་ངག་གི་གོ་རིམས་དང་རྣམ་བཞག་མི་འདྲ་ཙམ་མང་དུ་འབྱུང་ཡང་མིང་གི་རྣམ་གྲངས་ལོགས་པ་མེད་དོ།། སྐྱེས་བུ་དམ་པའི་འགྲོ་བ་བདུན་དང་མི་སློབ་པ་དགུ་སོགས་ཀྱང་དེར་འདུའོ།།
སྤྱད་པས་རབ་ཏུ་དབྱེ་བ་ལ།མོས་པས་སྤྱོད་པ་ཅན།ལྷག་པའི་བསམ་པས་སྤྱོད་པ་ཅན། མཚན་མ་དང་བཅས་པས་སྤྱོད་པ་ཅན།མཚན་མ་མེད་པར་སྤྱོད་པ་ཅན།མངོན་པར་འདུ་བྱེད་པ་མེད་པར་སྤྱོད་པ་ཅན་གྱི་བྱང་ཆུབ་སེམས་དཔའ་སྟེ་ལྔའོ།།ཐོབ་བྱའི་ཆོས་མངོན་པར་རྟོགས་པ་བཅུ་ནི། ཆོས་མངོན་པར་རྟོགས་པ།དོན་མངོན་པར་རྟོགས་པ།དེ་ཁོ་ན་མངོན་པར་རྟོགས་པ།རྗེས་ལ་མངོན་པར་རྟོགས་པ།དཀོན་མཆོག་མངོན་པར་རྟོགས་པ།ཀུན་དུ་མི་འབྱུང་བ་མངོན་པར་རྟོགས་པ༑མཐར་ཐུག་པའི་མངོན་པར་རྟོགས་པ།ཉན་རང་བྱང་སེམས་ཀྱི་མངོན་པར་རྟོགས་པ་གསུམ་མོ༑༑བྱང་ཆུབ་སེམས་དཔའི་མངོན་རྟོགས་ཀྱི་ཁྱད་པར་ནི།དམིགས་པ།ཉེ་བར་སྟོན་པ།རབ་ཏུ་རྟོགས་པ།ཁས་ལེན་པ།ངེས་པར་འབྱུང་བ།ཡོངས་སུ་འཛིན་པ།གནས་དང་གཡོག་འཁོར༑བཙུན་པར་སྐྱེ་བ།སྐྱེ་བ།འབྲས་བུའི་ཁྱད་པར་ཏེ་བཅུའོ།།ཕྱི་མ་ལ་གནས་འགྱུར་བ༑ཡོན་ཏན་ཕུན་སུམ་ཚོགས་པ།ཁྱད་པར་རྣམ་པ་ལྔ།སྐུ་གསུམ།མྱ་ངན་ལས་འདས་པ། འདྲེས་ཤིང་ཉེ་བར་འདྲེས་པའི་ཡེ་ཤེས་ཀྱི་ནུས་པ་འཐོབ་པ།སྒྲིབ་པ་རྣམ་པར་དག་པ།འདྲེས་ཤིང་ཉེ་བར་འདྲེས་པའི་ལས་བྱེད་པ།མངོན་པར་རྫོགས་པར་བྱང་ཆུབ་པ།མྱ་ངན་ལས་འདས་པ་སྟོན་པའི་ཐབས།ཡོངས་སུ་རྒྱུ་བ་རྣམ་པ་ལྔའི་ཁྱད་པར་ཏེ་རྣམ་པ་བཅུ་གཅིག་གོ།།ཚད་མེད་པ་བཞི་ནི། བྱམས་པ།སྙིང་རྗེ།དགའ་བ།བཏང་སྙོམས་ཚད་མེད་པའོ།།རྣམ་པར་ཐར་པ་དགུ་ནི།གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར།གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར།སྡུག་པའི་རྣམ་ཐར།ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་ཐར།རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་ཐར༑ ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྣམ་ཐར།འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་རྣམ་ཐར༑འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་ཐར་རོ།།ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ཀྱང་དེས་ཤེས་པར་བྱའོ།།ཟད་པར་གྱི་སྐྱེ་མཆེད་བཅུ་ནི།འབྱུང་བ་བཞི།འབྱུང་འགྱུར་བཞི།ནམ་མཁའ།རྣམ་ཤེས་ལ་དམིགས་པའི་སྒོ་ནས་ཕྱེ་བའོ།།
མངོན་ཤེས་དྲུག་ནི།རྫུ་འཕྲུལ་གྱི་མངོན་ཤེས།ལྷའི་རྣ་བའི་མངོན་ཤེས།གཞན་སེམས་ཤེས་པའི་མངོན་ཤེས།སྔོན་གནས་རྗེས་དྲན་གྱི་མངོན་ཤེས།འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་མངོན་ཤེས༑ཟག་པ་ཟད་པའི་མངོན་ཤེས་སོ།།འདིར་མ་བཤད་པའི་ཡོན་ཏན་ལྷག་མ་རྣམས་ནི་ཕར་ཕྱིན་གྱི་སྐབས་སུ་བཤད་པ་ལྟར་རོ།།སྤང་བྱ་རྣམ་རྟོག་བཅུ་ནི།རྩ་བའི་རྣམ་རྟོགམཚན་མའི་རྣམ་རྟོགམཚན་མར་སྣང་བའི་རྣམ་རྟོགམཚན་མར་འགྱུར་བའི་རྣམ་རྟོགམཚན་མར་སྣང་བར་འགྱུར་བའི་རྣམ་རྟོག གཞན་གྱིས་བསྟན་པའི་རྣམ་རྟོག  ཚུལ་བཞིན་མ་ཡིན་པའི་རྣམ་རྟོག ཚུལ་བཞིན་གྱི་རྣམ་རྟོག  མངོན་པར་ཞེན་པའི་རྣམ་རྟོག རྣམ་པར་གཡེང་བའི་རྣམ་པར་རྟོག་པའོ།།
   རྣམ་གཡེང་གི་རྟོག་པ་བཅུ་ནི།ངོ་བོ་མེད་པར་རྟོག་པ།ངོ་བོར་རྟོག་པ།སྒྲོ་འདོགས་པའི་རྟོག་པ།སྐུར་བ་འདེབས་པའི་རྟོག་པ།གཅིག་ཏུ་རྟོག་པ།ཐ་དད་དུ་རྟོག་པ།ངོ་བོ་ཉིད་དུ་རྟོག་པ།ཁྱད་པར་དུ་རྟོག་པ།མིང་ཇི་ལྟ་བ་བཞིན་དུ་དོན་རྟོག་པ།དོན་ཇི་ལྟ་བ་བཞིན་དུ་མིང་རྟོག་པའོ།།རྣམ་པར་མི་རྟོག་པ་ནི།འཕགས་པ་བཞིའི་རྒྱུད་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ།། བཞི་པ་འབེལ་གཏམ་རྣམ་པར་ངེས་པ་ལ།དོན་རྣམ་པར་བཤད་པ།རབ་ཏུ་ཕྱེ་ནས་ཀུན་དུ་བསྟན་པ།ཡང་དག་པར་དྲི་བ།བསྡུ་བ།སྨྲ་བ།ལྡེམ་པོར་དགོངས་པ་རྣམ་པར་ངེས་པ་སྟེ་བཅུའོ།།རྣམ་པར་བཤད་པའི་སྒོ་བཅུ་བཞི་ནི།རྣམ་པར་བཤད་པ་བསྡུ་བའི་སྒོ།དངོས་པོ་བསྡུ་བའི་སྒོ། ཡན་ལག་དང་ཉེ་བའི་ཡན་ལག་གི་སྒོ།གོང་ནས་གོང་དུ་མངོན་པར་སྒྲུབ་པའི་སྒོ། སྤོང་བའི་སྒོ། ཡི་གེས་ཡོངས་སུ་བསྒྱུར་བའི་སྒོ།ཆུད་ཟ་བ་དང་ཆུད་མི་ཟ་བའི་སྒོ། གང་ཟག་རྣམ་པར་བཞག་པའི་སྒོ།རབ་ཏུ་དབྱེ་བས་རྣམ་པར་བཞག་པའི་སྒོ།ཚུལ་གྱི་སྒོ།ཡོངས་སུ་ཤེས་པ་ལ་སོགས་པའི་སྒོ། སྟོབས་དང་སྟོབས་མ་ཡིན་པའི་སྒོ། བཟླས་ཏེ་བརྗོད་པའི་སྒོ།མངོན་པར་སྒྲུབ་པའི་སྒོའོ།།
སྨྲ་བ་རྣམ་པར་ངེས་པ་ནི།སྨྲ་བ།སྨྲ་བའི་ཞལ་ཆེ་བ།སྨྲ་བའི་གཞི།སྨྲ་བའི་རྒྱན། སྨྲ་བ་ཆད་པས་བཅད་པ།སྨྲ་བ་ལས་འབྱུང་བ།སྨྲ་བ་ལ་གཅེས་སྤྲས་བྱེད་པའི་ཆོས་ཏེ་བདུན་ནོ།།འབེལ་བའི་གཏམ་གྱི་རྣམ་པར་ངེས་པ་འདིའི་སྐབས་ཀྱི་མིང་གི་རྣམ་གྲངས་འགའ་ཞིག་ནི་གོང་དུ་བཤད་ཟིན་པར་འདུལ།འགའ་ཞིག་ནི་གཏན་ཚིགས་རིག་པའི་སྐབས་སུ་བལྟའོ།།དེ་དག་ནི་མངོན་པ་གོང་འོག་གཉིས་ཀྱི་གཞུང་ལས་བྱུང་བའི་མིང་གི་རྣམ་གྲངས་ཆེ་ལོང་ཙམ་མདོར་བསྡུས་པའོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号