ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་སྒྲ་རིག་
སྤེལ་དུས།05-18  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།

        གསུམ་པ་སྒྲ་རིག་པའི་གཞུང་ལས་འབྱུང་བའི་མིང་གི་རྣམ་གྲངས་བཤད་པ་ལ།ཐུན་མོང་བ་ཚོགས་གསུམ་གྱི་རྣམ་བཞག་བཤད་པ་དང༌། ཐུན་མོང་མ་ཡིན་པ་སྒྲ་རིག་པའི་བརྗོད་བྱའི་གཙོ་བོ་རྣམས་ཀྱི་མིང་གི་རྣམ་གྲངས་བསྟན་པའོ། ། དང་པོ་ལ་ཚོགས་གསུམ་གྱི་ངོ་བོ་ནི། དོན་གྱི་ངོ་བོ་ཙམ་བརྗོད་པ་མིང༌། ཁྱད་གཞི་ཁྱད་ཆོས་སུ་འབྲེལ་ནས་སྟོན་པ་ཚིག བརྗོད་བྱ་གང་ཡང་མི་སྟོན་པའི་ཨ་སོགས་ནི་ཡི་གེའོ།  

འོན་ཀྱང་སྒྲ་པའི་ལུགས་ལ།   ཡི་གེ་དང་མིང་མི་འགལ་བར་བཤད་པའང་ཡོད་དོ།   །ཡི་གེ་ནི༌དབྱངས་བཅུ་བཞི་དང༌།གསལ་བྱེད་སུམ་ཅུ་རྩ་གསུམ་མོ། །ཡི་གེའི་གཟུགས་ལ་ཚངས་པའི་ཡི་གེ་ལཉྩ་ན། དེ་དང་ཆ་མཐུན་པ་ངྷ་རི། དེའི་མགོ་གྱེན་དུ་གཟེད་པ་ན་ག་ར། དེའི་མགོ་ཐུར་དུ་བཀུག་པ་ཝ་རྟུ་ལ། འདྲ་མིན་ཤས་ཆེ་བ་ཀསྨྰི་ར།   གོོ་ཌ་གའུ་ར། རྒྱ་མཚོ་མཐའི་ཡི་གེ། སིནྡྷུ།   བྲུ་ཤ།  རྒྱ་དང་བོད་ཧོར་ལ་སོགས་པའི་ཡི་གེའི་གཟུགས་རྣམས་སོ། །མདོ་སྡེ་རྒྱ་ཆེ་རོལ་པར་ཡང་ཚངས་པའི་ཡི་གེ།ཁ་རོཥྚིའི་ཡི་གེ། པདྨའི་སྙིང་པོའི་ཡི་གེ།ཨངྒའི་ཡི་གེ།བངྒའི་ཡི་གེ། མཱ་ག་ངྷའི་ཡི་གེ།བཀྲ་ཤིས་པའི་ཡི་གེ། སོར་གདུབ་ཀྱི་ཡི་གེ། སྰ་ངྷ་ནིའི་ཡི་གེ། ས་ཀཱ་ནིའི་ཡི་གེ། ཨཱ་ཧུ་བའི་ཡི་གེ། རྩུབ་མོའི་ཡི་གེ །འགྲོ་ལྡིང་བའི་ཡི་གེ།   མོན་ཡུལ་གྱི་ཡི་གེ། ལྷོ་ཕྱོགས་པའི་ཡི་གེ། དྲག་པོའི་ཡི་གེ། གྲངས་ཀྱི་ཡི་གེ། སྤྱིའུ་ཚུགས་ཀྱི་ཡི་གེ། རྗེས་སུ་མཐུན་པའི་ཡི་གེ། ངྷ་ར་དའི་ཡི་གེ། ཁྱྰ་སྱའི་ཡི་གེ། རྒྱ་ནག་གི་ཡི་གེ། ཧྰུ་ནའི་ཡི་གེ། དབུས་ཀྱི་ཡི་གེ། རྒྱལ་གྱི་ཡི་གེ། ལྷའི་ཡི་གེ།   ཀླུའི་ཡི་གེ། གནོད་སྦྱིན་གྱི་ཡི་གེ། དྲི་ཟའི་ཡི་གེ། མིའམ་ཅིའི་ཡི་གེ  ལྟོ་འཕྱེ་ཆེན་པོའི་ཡི་གེ། ལྷ་མ་ཡིན་གྱི་ཡི་གེ། ནམ་མཁའ་ལྡིང་གི་ཡི་གེ། རི་དྭགས་འཁོར་ལོའི་ཡི་གེ། བྱ་རོག་སྐད་ཀྱི་ཡི་གེ། སའི་ལྷའི་ཡི་གེ། བར་སྣང་གི་ལྷའི་ཡི་གེ། བྱང་སྒྲ་མི་སྙན་གྱི་ཡི་གེ། ནུབ་བ་ལང་སྤྱོད་ཀྱི་ཡི་གེ།   ཤར་ལུས་འཕགས་པོའི་ཡི་གེ།   འདེགས་པའི་ཡི་གེ། བཞག་པའི་ཡི་གེ། རབ་ཏུ་བཞག་པའི་ཡི་གེ། རྒྱ་མཚོ་མཐའི་ཡི་གེ། རྡོ་རྗེའི་ཡི་གེ།   འཕྲིན་ཡིག་སྤྲིང་བའི་ཡི་གེ། འཕྲིན་ཡིག་རབ་ཏུ་སྤྲིང་བའི་ཡི་གེ། རྣམ་པར་བཞག་པའི་ཡི་གེ། ཆུང་ངུ་མ་ཡིན་པའི་ཡི་གེ། བསྟན་བཅོས་བསྐོར་བའི་ཡི་གེ། རྩིས་བསྐོར་བའི་ཡི་གེ།འདེགས་པའི་བསྐོར་བའི་ཡི་གེ།   རྐང་པས་བྲིས་པའི་ཡི་གེ། ཚིག་ཕྱི་མ་གཉིས་གྲུབ་པའི་ཡི་གེ།   ཇི་སྲིད་ཚིག་ཕྱི་མ་བཅུ་གྲུབ་པའི་ཡི་གེ། བར་མ་སྒྲུབ་པའི་ཡི་གེ། སྒྲ་ཐམས་ཅད་ཀུན་བསྡུས་པའི་ཡི་གེ།   རིག་པ་དང་རྗེས་སུ་མཐུན་པའི་ཡི་གེ།   རྣམ་པར་བསྲེས་པའི་ཡི་གེ།   དྲང་སྲོང་དཀའ་ཐུབ་ཀྱིས་གདུངས་པའི་ཡི་གེ།གསལ་བའི་ཡི་གེ།ས་རབ་ཏུ་ལྟ་བའི་ཡི་གེ། སྨན་ཐམས་ཅད་ཀྱི་རྒྱུ་མཐུན་པའི་ཡི་གེ།སྙིང་པོ་ཐམས་ཅད་ཀུན་བསྡུས་པའི་ཡི་གེ་སྟེ་དྲུག་ཅུ་རྩ་བཞིའོ། །
ཡི་གེའི་བྱེད་པ་ནི།   མིང་ཚིག་བརྗོད་པ་ཀུན་གྱི་གཞི་དང༌། བསླབ་པ་ཀུན་གྱི་གཞི་དང༌། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ་བྱེད་པའོ། །ཡི་གེའི་དབྱེ་བ་ནི།ཨ་ཨི་ཨུ་རྀ་སྟེ་དབྱངས་ཀྱི་ཡི་གེ་བཞི་པོ་སོ་སོར་རེ་རེ་ལ་ཐུང་ངུ་དང་རིང་པོ་དང་བླུ་ཏ་ཞེས་པའི་ཤིན་ཏུ་རིང་པོར་ཕྱེ་བས་གསུམ་གསུམ་སྟེ།དེ་གསུམ་རེ་རེ་ལའང་ཨུ་དཏ་ཏ་དང༌།ཨ་ནུ་དཏ་ཏ།སྭ་རི་ཏ་སྟེ་གསུམ་གསུམ་དུ་ཕྱེ་བས་དགུ་དགུའོ།།དགུ་པོ་རེ་རེ་ལ་ཡང་སྣ་ལྡན་དང་སྣ་ལྡན་མ་ཡིན་པ་གཉིས་གཉིས་སུ་ཕྱེ་བས་ཨ་ལ་སོགས་པ་རེ་རེ་ཡང་བཅོ་བརྒྱད་དུ་འགྱུར་རོ།   །ཨེ་ཨེེ་ཨོ་ཨོོ་རྣམས་འཚམས་སྦྱོར་གྱི་ཡི་གེའི་མིང་ཅན་ཡིན་ཞིང་དེ་བཞི་ལ་ཐུང་ངུ་མེད་ལ་ལྀ་ལ་རིང་པོ་མེད་པས་བཅུ་གཉིས་རེ་སྟེ། བསྡོམས་པས་བརྒྱ་དང་སུམ་ཅུ་རྩ་གཉིས་སོ། །ཡི་གེའི་བསྡུ་བ་ནི། ཧ་ས་ཞེས་པས་བར་གྱི་ཡི་གེ་རྣམས་གོ་བར་བྱེད་པ་ལྟ་བུ་སྟེ་གོ་སླའོ། །
ཡི་གེའི་རྒྱུ་ནི། བརྗོད་འདོད་དང༌། རླུང་དང༌། གནས་དང༌། བྱེད་པ་དང༌། རྩོལ་བ་རྣམས་སོ། །ཀློག་ཚུལ་ནི་གཞན་དུ་ཤེས་པར་བྱའོ། །མིང་ལ་ངེས་ཚིག་ནི། དོན་ལ་བློ་གཞོལ་ཞིང་འབབ་པར་བྱེད་པས་ན་མིང་ངོ༌།།དབྱེ་བ་ལ་དངོས་མིང་དང༌། བཏགས་མིང་དང༌།འདོད་རྒྱལ་བ་དང༌། རྗེས་སུ་སྒྲུབ་པ་རྣམས་སོ། །མིང་གཅིག་དོན་དུ་མ་ལ་འཇུག་པ་དང༌།དོན་གཅིག་ལ་མིང་དུ་མ་འཇུག་པ་རྣམས་ཡོད་དོ། ། བཏགས་མིང་ལ། རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པ། འབྲས་བུ་ལ་རྒྱུའི་མིང་གིས་བཏགས་པ།ཕྱོགས་ལ་ཕྱོགས་ཅན་གྱི་མིང་གིས་བཏགས་པ།ཆ་ཤས་ལ་ཚོགས་པའི་མིང་གིས་བཏགས་པ། རྟེན་ལ་བརྟེན་པའི་མིང་གིས་བཏགས་པ། གྲོགས་ལ་གྲོགས་ཅན་གྱི་མིང་གིས་བཏགས་པ་རྣམས་སུ་ཡོད་དོ། །ཚིག་ལ་རྣམ་དབྱེ་བརྒྱད་ལ། གཅིག་ཚིག གཉིས་ཚིག   མང་ཚིག་གསུམ་གསུམ་དུ་ཕྱེ་བས་ཉི་ཤུ་རྩ་བཞི་སྟེ་འོག་ཏུ་འབྱུང་ངོ༌། །ཚིག་སྡུད་ལ། འབྲུ་མང་པོ་བའི་སྡུད་པ། ལས་འཛིན་གྱི་སྡུད་པ། བ་གཉིས་པའི་སྡུད་པ། སྐྱེས་བུའི་སྡུད་པ།ཟླས་དབྱེའི་སྡུད་པ། གྲངས་མེད་པའི་སྡུད་པ་སྟེ་དྲུག་གོ།།
གཉིས་པ་ལ་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་དང༌།   སྒྲའི་བསྟན་བཅོས་ཀྱི་སྙིང་པོའི་དོན་བསྡུ་བ་གཉིས་ལས། དང་པོ་ལ། ཡི་གེ་སོ་སོར་ངོས་གཟུང་བ་དང༌།རྣམ་དབྱེ་བསྟན་པའོ། །དང་པོ་ལ། མཚུངས་པའི་ཡི་གེ་ནི། ཨ་ཨི་ཨུ་རྀ་ལྀ་རྣམས་སོ། །འདྲ་བའི་ཡི་གེ་ནི། ཐུང་ངུ་རིང་པོ་པླུ་ཏ་སྟེ་ཡུན་ཚད་ཀྱི་དབྱེ་བས་ཨ་ཨཱ་ཨ་ཉྲ་རྣམས་སོ། ། འཚམས་སྦྱོར་གྱི་ཡི་གེ་ནི། ཨེ་ཨེེ་ཨོ་ཨོོ་རྣམས་སོ། །དེ་དག་འཚམས་སྦྱོར་ཚུལ་ནི།ཨེ་ཡིག་ནི།ཨ་དང་ཨི་འཚམས་སྦྱར་བ་ལས་འབྱུང༌།   ཨེེ་ཡིག་ནི། ཨ་དང་ཨེ་འཚམས་སྦྱར་བ་ལས་འབྱུང༌། ཨོོ་ཡིག་ནི། ཨ་དང་ཨུ་འཚམས་སྦྱར་བ་ལས་འབྱུང༌། ཨོོ་ཡིག་ནི། ཨ་དང་ཨོ་འཚམས་སྦྱར་བ་ལས་འབྱུང་ངོ༌། ། དབྱངས་ཀྱི་ཡི་གེ་ནི། ཨ་ཨི་ཨུ་རྀ་ལྀ་ཨེ་ཨེེ་ཨོ་ཨོོ་རྣམས་སོ། །ནཱ་མིའི་ཡི་གེ་ནི། ཨ་ཡིག་རིང་ཐུང་གཉིས་བོར་བའི་ཨི་ཨྰི་ཨུ་ཨྰུ་རྀ་རྰྀ་ལྀ་ལྰྀ་ཨེ་ཨེེ་ཨོོ་ཨོོ་རྣམས་སོ།   །གསལ་བྱེད་ཀྱི་ཡི་གེ་ནི། ཧ་ཡ་ཝ་ར་ལ། ཉ་ཎ་ན་ང་མ།ཛྷ་ངྷ་ངྷ་གྷ་བྷ། ཛ་ཌ་ད་ག་བ།   ཁ་ཕ་ཚ་ཋ་ཐ། ཙ་ཌ་ཏ་ཀ་པ།   ཤ་ཥ་ས་རྣམས་སོ།   ། ཐོག་མའི་ཡི་གེ་དང་ཐ་མའི་ཡི་གེ་བརྗོད་པས་དེ་གཉིས་ཀྱི་བར་གྱི་ཡི་གེ་རྣམས་གོ་བར་བྱེད་དེ།   དཔེར་ན་ཧ་ས་ཅེས་པ་ཧ་ནས་སའི་བར་གྱི་ཡི་གེ་དང་ཙ་པ་ཅེས་པ་ཙ་ནས་པའི་བར་གྱི་ཡི་གེ་རྣམས་ངོས་གཟུང་བ་སྟེ་དེས་ཛྷ་བྷ་ཅེས་པ་སོགས་གཞན་རྣམས་ལའང་རིགས་འགྲེའོ།   །རང་གི་སྡེ་ཚན་མཚོན་པའི་ཡི་གེ་ནི།ཀུ་ཙུ་ཊུ་ཏུ་པུ་རྣམས་སོ། ། ཡོན་ཏན་གྱི་ཡི་གེ་གསུམ་ནི།  རྀའི་ཡོན་ཏན་ཨར་ཅེས་པ་དང༌། ཨེེའི་ཡོན་ཏན་ཨེ་ཅེས་པ་དང༌། ཨུའི་ཡོན་ཏན་ཨོ་ཅེས་པ་རྣམས་སོ།   །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2019 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号