ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ས་བཅད་གསུམ་པ། ཐེག་ཆེན་གྱི་གྲུབ་མཐའ་སྨ
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།

      གཉིས་པ་གཙོ་བོར་ཆོས་ཀྱི་བདག་མེད་གཏན་ལ་དབབ་པའི་དབང་དུ་བྱས་ཏེ་ཐེག་ཆེན་གྲུབ་མཐའ་སྨྲ་བའི་ལུགས་བཤད་པ་ལ་གསུམ། སྤྱིའི་རྣམ་བཞག །སོ་སོའི་རྣམ་བཞག །སྔགས་ཀྱི་ཐེག་པའི་རྣམ་བཞག་མདོ་ཙམ་དུ་བཤད་པའོ། །དང་པོ་ལ། སྤྱིར་ཐེག་པ་ཆེན་པོའི་བསྟན་པ་ནི་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་རྗེས་སུ་ཡང་ལྷ་དང་ཀླུའི་ཡུལ་དུ་ཤིན་ཏུ་དར་བ་དང་གླིང་གཞན་དག་ཏུའང་ཐེག་ཆེན་གྱི་བསྟན་པ་ཡོད་པར་བཤད་མོད། འཛམ་བུ་གླིང་འདིར་ནི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་སྦས་པའི་བརྟུལ་ཞུགས་སྤྱོད་པ་མང་པོ་ཞིག་གིས་ཐེག་ཆེན་གྱི་ལམ་ཉམས་སུ་བསྟར་བ་དང༌། སྐལ་བ་དང་ལྡན་པ་རྣམས་ལ་འཆད་པ་སོགས་ཀྱིས་ཐེག་ཆེན་གྱི་བསྟན་པ་འཛིན་པ་དང་སྤེལ་བ་ཅུང་ཟད་ཡོད་མོད་ཀྱང་ཕལ་ཆེ་བ་ནི་ཉན་ཐོས་སྡེ་གཉིས་ཀྱི་ལུགས་འཛིན་པ་དག་གིས་གང་བ་དང༌།   ཚད་མའི་སྐྱེས་བུས་རྒྱལ་བའི་བཀའ་ལ་དྲང་ངེས་འབྱེད་པའི་ཤིང་རྟའི་སྲོལ་གསལ་བར་ཕྱེ་བ་མེད་པས་ཐེག་པ་ཆེན་པོའི་བསྟན་པ་ཉམས་དམས་པ་ལྟ་བུར་གྱུར་པ་ན། སྟོན་པ་རང་ཉིད་ཀྱིས་ལུང་བསྟན་པ་ལྟར་རྒྱལ་བའི་བཀའི་དགོངས་པ་འགྲེལ་བ་ལ་ཚད་མར་གྱུར་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་གཉིས་ཀྱིས།   བཅོམ་ལྡན་འདས་ཉིད་ཀྱི་བཀའ་ལ་བརྟེན་ནས་རྒྱལ་བའི་བཀའི་དྲང་པ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་ཚུལ་ལུང་དང་རིགས་པ་དྲི་མ་མེད་པ་དག་གིས་རྒྱས་པར་གཏན་ལ་ཕབ་སྟེ་བྱང་ཆུབ་ཀྱི་སེམས་དང་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་སློབ་པའི་རྒྱ་ཆེ་བའི་ལམ་གྱི་རིམ་པ་དང༌།ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་ཟབ་མོའི་ལམ་གྱི་རིམ་པ་ཉམས་སུ་ལེན་པའི་ཚུལ་ཡོངས་སུ་རྫོགས་པ་གསལ་བར་མཛད་པས།   རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཞུགས་པའི་སྐལ་བ་དང་ལྡན་པ་རྣམས་ལ་བཀའ་དྲིན་འཁོར་མཐའ་མ་མཆིས་པར་གྱུར་ཅིང་དེ་ནས་བརྩམས་ཏེ་ཐེག་ཆེན་གྱི་བསྟན་པ་ཡོངས་སུ་རྒྱས་པར་གྱུར་ཏོ།   །རྗེ་བཙུན་དེ་གཉིས་ཀྱིས་མདོ་གང་ལ་བརྟེན་ནས་གསུང་རབ་ཀྱི་དྲང་ངེས་ཇི་འདྲར་ཕྱེ་བ་ནི་འོག་ཏུ་འཆད་པར་འགྱུར་རོ། །དེའི་ཕྱིར་རྗེ་བདག་ཉིད་ཆེན་པོས། བདེ་གཤེགས་གསུང་རབ་ཚུལ་གཉིས་ཤིང་རྟའི་སྲོལ།   །ལེགས་པར་ཕྱེ་བས་རྒྱལ་བའི་བསྟན་པ་མཆོག །ས་གསུམ་འགྲོ་ན་ཉི་ལྟར་གསལ་མཛད་པ། །ཀླུ་སྒྲུབ་ཐོགས་མེད་ཞབས་ལ་སྤྱི་བོས་འདུད།   །ཅེས་གསུངས་སོ། །དྲང་ངེས་ཕྱེ་ཚུལ་ཡང་ཀླུ་སྒྲུབ་ཀྱི་རིགས་ཚོགས་དྲུག མདོ་ཀུན་ལས་བཏུས་དང༌། ཐོགས་མེད་ཀྱི་ས་སྡེ་ལྔ། སྡོམ་རྣམ་གཉིས་སོགས་ལས་འབྱུང་བ་ལྟར་རྒྱལ་བའི་གསུང་རབ་རྣམས་ལས་གང་ཞིག་ནི་དྲང་བའི་དོན་ཡིན། གང་ཞིག་ནི་ངེས་པའི་དོན་ཡིན། དེ་དག་གི་དྲང་ངེས་ཀྱི་ཁྱད་པར་ནི་འདི་ལྟ་བུ། ཁྱད་པར་དེས་དྲང་ངེས་འབྱེད་པའི་རྒྱུ་མཚན་ནི་འདི་ལྟ་བུ་ཞེས་གསུང་རབ་སྤྱིའི་དགོངས་པ་འགྲེལ་ཚུལ་རྒྱས་པར་གཏན་ལ་ཕབ་པ་ལ་བྱ་ཡི་མདོ་གང་ཡང་རུང་བ་གཅིག་གི་དོན་བཀྲལ་བ་ཙམ་ལ་མི་བྱའོ།  །དེའི་ཕྱིར་བོད་སྔ་མ་དག་གིས་ཤིང་རྟའི་སྲོལ་འབྱེད་བཞིར་འདོད་པ་རྗེ་བདག་ཉིད་ཆེན་པོས་ལེགས་བཤད་གསེར་འཕྲེང་དུ་བཀག་པ་ལྟར་ཡིན་ལ།    རང་རེའི་མཁས་པ་དག་གིས་རྗེ་བཙུན་བྱམས་པ་དང༌།   ཀླུ་སྒྲུབ་ཐོགས་མེད་གཉིས་ཏེ་ཤིང་རྟའི་སྲོལ་འབྱེད་གསུམ་དུ་འདོད་པ་ཡང་ལེགས་བཤད་གསེར་འཕྲེང་ལས།   རྗེ་བཙུན་དང་ཀླུ་སྒྲུབ་ཞབས་གཉིས་ཀྱིས་ཤེར་ཕྱིན་འགྲེལ་ཚུལ་གཉིས་སུ་བྱུང་ངོ་ཞེས་བྱ་བར་ཡང་གནས་སོ་ཞེས་གསུངས་པའི་དོན་དུ་བསམས་པར་སྣང་ནའང༌། གསུང་དེ་ནི་རྗེ་བཙུན་བྱམས་པས་མངོན་རྟོགས་རྒྱན་དུ་ཡུམ་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཙོ་བོར་བཀྲལ་བ་དང༌།   དཔལ་མགོན་ཀླུ་སྒྲུབ་ཀྱིས་རྩ་བ་ཤེས་རབ་སོགས་སུ་ཡུམ་གྱི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཙོ་བོར་བཀྲལ་པས་ཡུམ་དོན་གཙོ་བོར་འགྲེལ་ཚུལ་མི་འདྲ་བ་གཉིས་སུ་གནས་པར་གསུངས་པ་ཡིན་གྱི།དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་ལ་གཉིས་སུ་བཞེད་པ་མིན་ནོ།  །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号