ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ས་བཅད་གསུམ་པ། ཐེག་ཆེན་གྱི་གྲུབ་མཐའ་སྨ
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
དེ་ལྟར་ན་ཤིང་རྟའི་སྲོལ་འབྱེད་གཉིས་ཀྱིས་ཐེག་པ་ཆེན་པོ་བཀར་སྒྲུབ་ཚུལ་ཇི་འདྲར་མཛད།རིགས་པ་ཅི་འདྲ་ཞིག་གི་སྒོ་ནས་དྲང་ངེས་ཕྱེ་བ་ཡིན་ཟེར་ན་བཤད་པར་བྱ་སྟེ། འདི་ལ་གཉིས། ཐེག་ཆེན་བཀར་སྒྲུབ་ཚུལ་དང༌། རིགས་པ་ཇི་ལྟ་བུའི་སྒོ་ནས་དྲང་ངེས་ཕྱེ་ཚུལ་ལོ། །དང་པོ་ལ་གཉིས། ཉན་ཐོས་སྡེ་གཉིས་ཀྱིས་ཐེག་ཆེན་བཀའ་མ་ཡིན་པར་སྨྲ་ཚུལ་དང༌།   དེའི་ལན་བཤད་པའི་སྒོ་ནས་ཐེག་ཆེན་བཀར་སྒྲུབ་ཚུལ་ལོ།   །དང་པོ་ནི། དོན་སྨྲ་སྡེ་གཉིས་ན་རེ། ཐེག་པ་ཆེན་པོའི་མདོ་རྣམས་ནི་བཀའ་མ་ཡིན་ཏེ།   སྡེ་སྣོད་གསུམ་དུ་མ་བསྡུས་པའི་ཕྱིར།   རིག་བྱེད་མཐའི་ལྟ་བ་བཞིན་ནོ།   །རིག་བྱེད་མཐའ་བ་རྣམས་ནི་གངྒའི་ཆུས་བཀྲུ་བ་དང་། ཆུ་འཐུང་བ་དང༌། བསྙུང་བར་གནས་པ་དང༌། གསང་སྔགས་བཟླས་པས་སྡིག་པ་འདག་པར་སྨྲ་སྟེ།   ཐེག་པ་ཆེན་པོ་ལས་ཀྱང་དེ་བཞིན་དུ་བྱུང་བས་བཀའ་མ་ཡིན་ནོ།   །ཆད་པར་ལྟ་བ་རྣམས་བཞིན་དུ་རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྨྲ་བའི་ཕྱིར་དང༌།   སྡེ་པ་བཅོ་བརྒྱད་པོ་གང་གི་ཡང་ཁོངས་སུ་མ་གཏོགས་པའི་ཕྱིར་དང༌།   སྡུད་པར་བྱེད་པ་པོ་དག་གིས་མ་བསྡུས་པའི་ཕྱིར་དང༌།    །ལོངས་སྤྱོད་རྫོགས་པའི་སྐུ་རྟག་པར་སྨྲ་བས་འདུས་བྱས་ཐམས་ཅད་མི་རྟག་པར་སྨྲ་བ་དང་འགལ་བའི་ཕྱིར་དང༌། བདེར་གཤེགས་སྙིང་པོས་ཀུན་ལ་ཁྱབ་པ་དང་ལེན་པའི་རྣམ་པར་ཤེས་པ་སྟོན་པར་བྱེད་པས་བདག་མེད་པ་དང་འགལ་བའི་ཕྱིར་དང༌།   སངས་རྒྱས་མྱ་ངན་ཡོངས་མི་འདའ་ཞེས་མྱ་ངན་ལས་འདས་པ་ཞི་བ་མ་ཡིན་པར་སྨྲ་བའི་ཕྱིར་དང༌། དགྲ་བཅོམ་པ་རྣམས་ལ་སྨོད་པའི་ཕྱིར་དང༌།   ཁྱིམ་པ་ལ་ཕྱག་བྱ་བར་སྟོན་པའི་ཕྱིར་དང༌།   དེ་བཞིན་གཤེགས་པ་ལས་ཀྱང་བྱང་ཆུབ་སེམས་དཔའ་ལ་བསྔགས་པ་བརྗོད་པའི་ཕྱིར་དང༌།  ནམ་མཁའ་མཛོད་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སྨོན་ལམ་རྣམས་ཀྱང་ཚིག་ཙམ་ཡིན་པའི་ཕྱིར་དང༌།   སངས་རྒྱས་ཤཱཀྱ་ཐུབ་པ་སྤྲུལ་པ་ཡིན་པར་སྨྲ་བས་བསྟན་པ་ཐམས་ཅད་ཀྱང་ལོག་པ་ཡིན་པའི་ཕྱིར་དང༌།   རྟག་ཏུ་མཉམ་པར་བཞག་པ་ཡིན་ཞེས་སྨྲ་བ་དང་འགལ་བའི་ཕྱིར་དང༌།    ཐེག་པ་ཆེན་པོའི་མདོ་སྡེ་མང་པོ་ལས་འབྲས་བུ་མེད་པའི་བསྔགས་པ་སྟོན་པའི་ཕྱིར་དང༌།   ཤིན་ཏུ་སྡིག་པ་ཆེན་པོ་ཡང་རྩ་བ་ནས་འབྱིན་པར་སྟོན་པའི་ཕྱིར་དང༌།   ཤིན་ཏུ་རྒྱས་པའི་མདོ་ལས་ཀྱང་ཆད་པར་ལྟ་བ་སྟོན་པའི་ཕྱིར་དང༌།   ཀྲི་ཀྲིའི་རྨི་ལམ་གྱི་དབྱེ་བ་མ་བསྟན་པའི་ཕྱིར་དང༌།   ཐེག་པ་ཆེན་པོའི་ལྟ་བ་ནི་མངོན་སུམ་དང་གྲགས་པ་དང་འགལ་བའི་ཕྱིར་དང༌། མི་རྟག་སོགས་བཅུ་དྲུག་དེ་ཉིད་མ་ཡིན་ན་དེ་ཉིད་མེད་པར་འགྱུར་བའི་ཕྱིར། དེས་ན་ཐེག་་པ་ཆེན་པོ་ནི་བཀའ་མ་ཡིན་ནོ་ཞེས་ཟེར་རོ།  །
གཉིས་པ་ནི། འདིའི་ལན་ཤིན་ཏུ་རྒྱས་པར་ལེགས་ལྡན་འབྱེད་ཀྱིས་རྟོག་གེ་འབར་བ་ལས་གསུངས་ཏེ།   དེའི་ཡང་སྙིང་པོ་བསྡུས་པ་ཙམ་ནི་བརྗོད་པར་བྱ་སྟེ།   དབུ་མ་སྙིང་པོ་ལས། ཐེག་ཆེན་སངས་རྒྱས་གསུངས་ཡིན་ཏེ།   །བདག་མེད་ལ་སོགས་སྟོན་པ་དང༌།  །དཀོན་མཆོག་གསུམ་གྱི་བདག་ཉིད་ཆེ།   །སྟོན་ཕྱིར་སློབ་མའི་ཐེག་པ་བཞིན། །ཞེས་གསུངས་ལ། དེའི་དོན་ནི།   ཐེག་པ་ཆེན་པོའི་ལམ་འབྲས་བུ་དང་བཅས་པ་སྟོན་པའི་མདོ་སྡེ་ཆོས་ཅན། སངས་རྒྱས་ཀྱི་གསུང་ཡིན་ཏེ། བདག་མེད་པ་ལ་སོགས་པའི་ཕྱག་རྒྱ་བཞི་རྒྱས་པར་སྟོན་པའི་ཕྱིར་དང༌།   དཀོན་མཆོག་གསུམ་གྱི་ཆེ་བའི་བདག་ཉིད་རྒྱས་པར་སྟོན་པའི་ཕྱིར།   དཔེར་ན་ཉན་ཐོས་ཀྱི་སྡེ་སྣོད་བཞིན་ནོ།   །སྡེ་སྣོད་གསུམ་དུ་མ་བསྡུས་པ་ཡང་མ་གྲུབ་སྟེ། གང་ཐེག་པ་དམན་པའི་སྡེ་སྣོད་གསུམ་དུ་ཡང་ཐེག་པ་ཆེན་པོའི་འདུལ་བ་ལ་སོགས་པ་རྒྱས་པར་བསྟན་པས་ན་མདོ་སྡེ་ལ་སོགས་པ་དང་ཐེག་པ་ཆེན་པོ་ནི་ཕན་ཚུན་བསྡུས་པ་ཡིན་པའི་ཕྱིར་རོ། །གཞན་ཡང་ཐེག་པ་ཆེན་པོའི་མདོ་སྡེ་ནི་བཀའ་ཡིན་ཏེ།   ཆོས་ཀྱི་ཕྱག་རྒྱ་དང་མི་འགལ་བའི་ཕྱིར་དང༌།འཕགས་པའི་བདེན་པ་བཞི་སྟོན་པའི་མདོ་སྡེ་ལ་ཡང་འཇུག ཉོན་མོངས་པ་འདུལ་བ་ཡང་ཡང་དག་པར་མཐོང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང་ཡང་མི་འགལ་བའི་ཕྱིར།སྡེ་པ་བཅོ་བརྒྱད་པོ་ཡང་ནང་ཕན་ཚུན་དུ་རང་རང་གི་མདོ་སྡེ་ལ་སོགས་པ་ལ་འགལ་བ་ཆེར་ཡོད་ལ།རང་གི་དབང་དུ་བྱས་ན་ཐེག་པ་ཆེན་པོ་ཉིད་ཀྱང་རང་གི་མདོ་སྡེ་ལ་ཡང་འཇུག   །བྱང་ཆུབ་སེམས་དཔའི་བསླབ་པའི་གནས་བདུན་བརྒྱ་ལ་ཡང་སྣང༌།   སྟོང་པ་ཉིད་དུ་བསྟན་པའི་ཆོས་ཉིད་དང་ཡང་མི་འགལ་བའི་ཕྱིར་དང༌།   རྩ་བའི་སྡུད་པར་བྱེད་པ་པོ་ཡང་ཀུན་ཏུ་བཟང་པོ་དང་བྱམས་པ་ལ་སོགས་པ་ཡིན་པའི་ཕྱིར། གཞན་ཡང་རྣམ་པ་གཅིག་ཏུ་ན་སྡེ་པ་བཅོ་བརྒྱད་ཀྱི་ནང་ཚན་དུ་གྱུར་པའི་དགེ་འདུན་ཕལ་ཆེན་སྡེ་པའི་སྡེ་སྣོད་ཀྱི་གཞི་ཆེན་པོ་ཞེས་བྱ་བ་དང༌། ཤར་གྱི་རི་བོའི་སྡེ་དང༌། ནུབ་ཀྱི་རི་བོའི་སྡེའི་ལུགས་དང༌།   བཟང་པོའི་ལམ་པ་པས་འདོན་པའི་ཤིན་ཏུ་རྒྱས་པའི་སྡེ་སྣོད་དང༌།    འཇིགས་མེད་རི་བོའི་སྡེ་སྣོད་ཁྲི་ཉིས་སྟོང་པ་སོགས་ལས་ཀྱང་ཐེག་པ་ཆེན་པོའི་ས་ལམ་གྱི་རྣམ་བཞག་བྱུང་བའི་ཕྱིར་ན་སྡེ་པ་བཅོ་བརྒྱད་ཀྱི་ཁོངས་སུ་མ་གཏོགས་པས་བཀའ་མ་ཡིན་པར་མི་འགྱུར་རོ།   །ལོངས་སྤྱོད་རྫོགས་སྐུ་རྟག་པར་སྨྲས་པ་ཡང་རྒྱུན་གྱི་དབང་དུ་བྱས་པ་དང༌།    བདེར་གཤེགས་སྙིང་པོས་ཁྱབ་པར་སྨྲས་པ་ཡང་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་དང༌། ཆོས་ཉིད་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་ཕྱིར་ཡིན་གྱི།   དབང་ཕྱུག་དང་བདག་རྟག་པ་ལྟ་བུ་མ་ཡིན་པའི་ཕྱིར་དང༌། ལེན་པའི་རྣམ་པར་ཤེས་པ་ཡང་འཁོར་བར་འཇུག་པ་དང་ལྡོག་པའི་རྒྱུར་གྱུར་པ་སྐད་ཅིག་མའི་རྒྱུན་གྱིས་འཇུག་པ་ཡིན་གྱི་རྣམ་པ་ཐམས་ཅད་པའི་རྟག་པ་མ་ཡིན་པའི་ཕྱིར་དང༌། སངས་རྒྱས་འཕགས་པ་སེམས་ཅན་གྱི་ཁམས་མ་ལུས་པ་མཐར་ཐུག་པའི་སྨོན་ལམ་བཏབ་པས་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་མོད་ཀྱང༌། རྣམ་པར་རྟོག་པ་སྤངས་པའི་མྱ་ངན་ལས་འདས་པ་ཁས་བླངས་པའི་ཕྱིར། མྱ་ངན་ལས་འདས་པ་ཞི་བ་དང་འགལ་བ་མ་ཡིན་ནོ།  །ཉན་ཐོས་ཆེན་པོ་རྣམས་ལུང་བསྟན་པ་ཡང་དེ་དག་ལས་དབང་པོ་ཤིན་ཏུ་རྣོ་བ་ཐེག་ཆེན་དུ་འཇུག་ཏུ་རུང་བའི་མ་ངེས་པའི་རིགས་ཅན་རྣམས་ལ་དགོངས་ཏེ་ལུང་བསྟན་པ་ཡིན་ལ།   ཐེག་ཆེན་ལས་དགྲ་བཅོམ་པ་རྣམས་ལ་སྨད་པ་ནི་འགའ་ཡང་མེད་དེ།   འོན་ཀྱང་མདོ་འགའ་ཞིག་ལས་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཁྱད་པར་ཡུངས་དཀར་དང་རི་རབ་ལ་སོགས་པའི་དཔེས་གསུངས་པ་ནི་ཐབས་དང་ཤེས་རབ་ཀྱི་ཁྱད་པར་གྱིས་རང་བཞིན་བརྗོད་པ་ཡིན་གྱི།དམོད་པ་མ་ཡིན་པའི་ཕྱིར།   བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཁྱིམ་པ་རྣམས་ནི་རབ་ཏུ་བྱུང་བ་རྣམས་ཀྱིས་ཀྱང་ཕྱག་བྱ་བའི་འོས་ཡིན་པར་སྡེ་པ་བཅོ་བརྒྱད་ལ་གྲགས་པའི་གཞུང་ལས་ཀྱང་འབྱུང་བའི་ཕྱིར་དང༌།    དེ་བཞིན་གཤེགས་པ་ལས་བྱང་ཆུབ་སེམས་དཔའ་ལ་གུས་པར་བྱ་བ་ནི་རྒྱུའི་ཁྱད་པར་ལ་གཅེས་པར་བྱ་བའི་སླད་དུ་མདོ་དུ་མ་ལས་བཀའ་སྩལ་བའི་ཕྱིར་དང༌། ནམ་མཁའ་མཛོད་ལ་སོགས་པའི་སྨོན་ལམ་ཀྱང་རྐྱེན་ཡོངས་སུ་ཚང་བ་ན་འབྲས་བུ་དང་བཅས་པ་ཁོ་ན་ཡིན་པའི་ཕྱིར། སྐྱོན་དེ་དག་གིས་བཀའ་མ་ཡིན་པར་བསྒྲུབ་མི་ནུས་སོ། །གཞན་ཡང་ཤཱཀྱ་ཐུབ་པ་ནི་སྤྲུལ་པ་ཁོ་ན་ཡིན་པར་་རིགས་ཏེ།   འོག་མིན་གྱི་རྟེན་ཅན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་ལས་བྱུང་བའི་ཕྱིར།    ལོངས་སྐུ་ལ་རྣམ་པར་རྟོག་པ་མི་མངའ་ན་ཡང་སྤྲུལ་པའི་སྐུ་འབྱུང་བ་ནི་འགལ་བ་མེད་དེ།     སྔོན་གྱི་སྨོན་ལམ་གྱི་མཐུ་ཡོངས་སུ་རྒྱས་པའི་ཕྱིར་དང༌།    སངས་རྒྱས་ཀྱི་སྤྲུལ་བ་སྟོན་པར་ནི་ཁྱེད་ཅག་ལ་གྲགས་པའི་ལུང་ལས་ཀྱང་མང་དུ་བྱུང་བའི་ཕྱིར་རོ།    །གངྒའི་ཆུས་འཁྲུ་བ་ལ་སོགས་པ་ཡང་ཆུ་ཉིད་ནི་སྡིག་པ་འདག་བྱེད་དུ་མི་འདོད་ཀྱང་ཀླུ་མ་དྲོས་པའི་སྨོན་ལམ་གྱི་མཐུ་དང༌། བསྙུང་གནས་ལ་སོགས་པ་ནི་ལྷའི་སྔགས་སྒྲུབ་པའི་ཆེད་དང༌། གཟུངས་སྔགས་ནི་ཏིང་འཛིན་དང་ཤེས་རབ་ཁྱད་པར་ཅན་ལ་འདོད་པས་སྐྱོན་མེད་ལ། ངེས་པའི་ལས་ཀྱང་སྟོབས་བཞི་ཚང་ན་འདག་པ་ནི་མདོ་དང་རིགས་པ་དུ་མས་འགྲུབ་པ་དང༌།   ཐེག་པ་ཆེན་པོ་ལས་འབྲས་བུ་མང་དུ་བསྟན་པ་རྣམས་ལས་འགའ་ཞིག་ནི་མཐོང་བའི་ཆོས་དང༌། འགའ་ཞིག་ནི་གཞན་དུ་མྱོང་བར་འགྱུར་བ་ལ་དགོངས་ནས་གསུངས་པའི་ཕྱིར་འབྲས་བུ་མེད་པའི་བསྔགས་པ་སྟོན་པ་མ་་ཡིན་ལ།   ཀྲི་ཀྲིའི་རྨི་ལམ་གྱི་དབྱེ་བ་ནི་ཤཱཀྱ་ཐུབ་པའི་བསྟན་པ་ཁོ་ནའི་དབང་དུ་བྱས་པའི་ཕྱིར་དེར་མ་བསྟན་ཀྱང་ཐེག་པ་ཆེན་པོ་བཀའ་མ་ཡིན་པར་མི་འགྱུར་རོ། །དོན་དམ་པར་སྐྱེ་བ་མེད་པ་ལ་སོགས་པའི་ཆོས་ཀྱི་བདག་མེད་པའི་དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་ལྟ་བ་ནི་བདག་ཅག་གིས་ལུང་དང་རིགས་པ་དྲི་མ་མེད་པས། ཤིན་ཏུ་རྒྱས་པར་སྟོན་ནུས་པའི་ཕྱིར་ཁྱེད་ཅག་གིས་ཐེག་པ་ཆེན་པོ་བཀའ་མ་ཡིན་པར་སྨྲ་བ་ནི་སྙིང་པོ་མེད པའི་བདུད་ཀྱི་ཚིག་ཁོ་ནའོ། །ཞེས་པ་རྣམས་རྟོག་གེ་འབར་བ་ལས་ཤིན་ཏུ་རྒྱས་པར་བྱུང་བའི་དོན་ཅུང་ཟད་བསྡུས་པ་ཡིན་ལ། བློ་གྲོས་དང་ལྡན་པ་དག་གིས་རྒྱས་པར་ཤེས་འདོད་ན་དེར་ཞིབ་ཏུ་བལྟ་བར་བྱ་སྟེ་ངོ་མཚར་བའི་གཏམ་མང་དུ་ཡོད་དོ། ། 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号