རྣམ་པར་རིག་པ་ཙམ་དུ་སྨྲ་བའི་སློབ་དཔོན་ནི་ཐོགས་མེད་སྐུ་མཆེད། གནས་བརྟན་ཆོས་སྐྱོང༌།བློ་བརྟན། ཕྱོགས་གླང༌། ཆོས་གྲགས། གསེར་གླིང་པ། ཤནྟི་པ་སོགས་མང་དུ་ཡོད་ཅིང་འདི་དག་ལས་འགའ་ཞིག་ནི་སྐུ་ཚེའི་སྟོད་ལ་སེམས་ཙམ་དང་སྐུ་ཚེའི་སྨད་ལ་དབུ་མ་བར་གྱུར་པའང་ཡོད་ལ། འཕགས་པ་ཐོགས་མེད་ལྟ་བུ་རང་ཉིད་དབུ་མ་ཐལ་འགྱུར་བར་གནས་ཀྱང་སེམས་ཙམ་དང་མཐུན་པར་དགོངས་འགྲེལ་གྱི་བསྟན་བཅོས་བརྩམས་པ་ཡང་སློབ་དཔོན་དེ་དག་གི་ནང་ན་མང་དུ་ཡོད་པས། དེ་ལ་དགོངས་ནས་རྗེ་བདག་ཉིད་ཆེན་པོས། དབྱིག་གཉེན་དང་ཕྱོགས་གླང་གི་གཞུང་རྩོད་མེད་རྣམས་ནས་ནི་རྣམ་པར་རིག་པ་ཙམ་གྱི་ལུགས་སུ་བཀྲལ་མོད་ཀྱང་སློབ་དཔོན་དེ་དག་གི་བཞེད་པ་ཇི་ལྟར་ཡིན་པ་རྣམས་ནི་བདག་ཅག་འདྲ་བ་རྣམས་ཀྱིས་ཤིན་ཏུ་རྟོགས་པར་དཀའོ་ཞེས་འཇུག་པའི་རྣམ་བཤད་ཆེན་མོར་བཀའ་བསྩལ་ཏོ། །དེས་ན་སེམས་ཙམ་པའི་སློབ་དཔོན་ཡིན་ན་སེམས་ཙམ་པ་ཡིན་མི་དགོས་ཏེ། ཕལ་ཆེན་སྡེ་པའི་དགེ་སློང་ཡིན་ན་ཕལ་ཆེན་སྡེ་པ་ཡིན་མི་དགོས་པ་བཞིན་ནོ། །
གཉིས་པ་དེ་ལས་བྱུང་བའི་གྲུབ་མཐའི་རྣམ་བཞག་ལ་མཚན་ཉིད། སྒྲ་བཤད། དབྱེ་བ། གྲུབ་མཐའི་འདོད་ཚུལ་དང་བཞི། དང་པོ་ནི། ཕྱི་དོན་རིགས་པས་འགོག་ཅིང་རྣམ་ཤེས་བདེན་པར་སྨྲ་བའི་རང་སྡེ་ནི་སེམས་ཙམ་པའི་མཚན་ཉིད་དེ། འདི་ལ་རྣམ་རིག་པ་ཞེས་ཀྱང་ཟེར་ལ་རྣལ་འབྱོར་སྤྱོད་པ་བ་ཞེས་ཀྱང་ཟེར་རོ། །རྣམ་པར་རིག་པ་ཙམ་དུ་སྨྲ་ཚུལ་ནི་ཤེས་བྱ་ཐམས་ཅད་ཤེས་པའི་བདག་ཉིད་དུ་སྨྲ་བ་སྟེ། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཞེས་པའི་ལུང་དང༌། རྣམ་པར་བསྔོས་པ་ལ་སོགས་པའི་དོན་མེད་ཀྱང་མཉམ་པར་བཞག་པའི་ཤེས་པའི་དབང་གིས་མདུན་ན་འདུག་པ་ལྟ་བུར་གཟུགས་བརྙན་སྣང་བ་བཞིན་དུ། ཕྱི་རོལ་གྱི་དོན་མེད་ཀྱང་དོན་དུ་སྣང་བའི་བག་ཆགས་བསྒོས་པའི་རྐྱེན་གྱིས་ཡུལ་དུ་སྣང་བའི་རྣམ་རིག་འབྱུང་བ་མི་འགལ་བའི་རིགས་པ་ལ་བརྟེན་པར་ཐེག་བསྡུས་ལས་གསུངས་ཏེ། དེ་ཉིད་ལས་གོང་གི་ལུང་དེ་དང་དགོངས་འགྲེལ་གྱི་ལུང་དེ་དྲངས་པའི་མཇུག་ཐོག་ཏུ་ལུང་དེས་རིགས་པ་ཡང་བསྟན་པ་ཡིན་ནོ། །འདི་ལྟར་སེམས་མཉམ་པར་བཞག་པ་ན་ཤེས་བྱའི་གཟུགས་བརྙན་རྣམ་པར་བསྔོས་པ་ལ་སོགས་པ་གང་དང་གང་མཐོང་བ་དེ་ཉིད་སེམས་མཐོང་བ་སྟེ། རྣམ་པར་བསྔོས་པ་ལ་སོགས་པ་དོན་གཞན་མེད་དོ། །རིགས་པ་འདིས་བྱང་ཆུབ་སེམས་དཔའ་རྣམ་པར་རིག་པ་ཐམས་ཅད་ལ་རྣམ་པར་རིག་པ་ཙམ་ཉིད་དུ་རྗེས་སུ་དཔག་པར་བྱ་བར་འོས་སོ་ཞེས་གསུངས་སོ། །
གཉིས་པ་སྒྲ་བཤད་པ་ནི། ཁམས་གསུམ་པོ་ཐམས་ཅད་སེམས་ཙམ་གྱི་བདག་ཉིད་དུ་སྨྲ་བས་ན་སེམས་ཙམ་པ་སོགས་ཏེ་ཤེས་པར་སླའོ། །
གསུམ་པ་དབྱེ་བ་ནི། ས་སྡེ་སོགས་ཀྱི་རྗེས་འབྲངས་ལུང་གཙོ་བོར་སྨྲ་བ་ལུང་གི་རྗེས་འབྲངས་དང༌། ཚད་མའི་བསྟན་བཅོས་སྡེ་བདུན་མདོ་དང་བཅས་པ་ནས་བཤད་པ་ལྟར་གྱི་རིགས་པའི་རྗེས་འབྲངས་གཉིས་སུ་ཡོད་པ་ནི་གྲགས་ཆེ་ལ། རྣམ་པའི་འདོད་ཚུལ་གྱི་སྒོ་ནས་དབྱེ་ན་རྣམ་བདེན་རྫུན་གཉིས་སུ་ཡོད་ཅིང༌། དེ་ཡང་ལུང་རིགས་ཀྱི་རྗེས་འབྲངས་རེ་རེ་ལའང་རྣམ་བདེན་རྫུན་གཉིས་གཉིས་ཀྱི་རྣམ་བཞག་ཡོད་པར་གཞུང་དུ་མ་ལས་བཤད་དོ། །རྣམ་བདེན་རྫུན་གྱི་ནང་གསེས་ཀྱི་དབྱེ་བ་དང་འདོད་ཚུལ་ནི་འོག་ཏུ་འཆད་དོ། །
བཞི་པ་གྲུབ་མཐའི་འདོད་ཚུལ་ལ་གཉིས། བཀའི་དྲང་ངེས་ཇི་ལྟར་ཕྱེ་བ་དང༌། དེ་ལ་བརྟེན་ནས་གྲུབ་པའི་མཐའི་རྣམ་པར་བཞག་ཚུལ་ལོ། །དང་པོ་ནི། འཕགས་པ་ཐོགས་མེད་ཀྱིས་དྲང་ངེས་འབྱེད་པའི་ཤིང་རྟའི་སྲོལ་ཕྱེ་བ་ནི་མདོ་སྡེ་དགོངས་འགྲེལ་ལ་བརྟེན་པ་ཡིན་ཏེ། བསྡུ་བ་ལས།དོན་དམ་པ་མཚན་ཉིད་ལྔ་དང་ལྡན་པ་ཡང་དགོངས་འགྲེལ་ལས་བྱུང་བ་བཞིན་ཤེས་པར་བྱའོ་ཞེས་དང༌།ཆོས་རྣམས་གྱི་མཚན་ཉིད་ནི་དགོངས་འགྲེལ་ལས་བྱུང་བ་བཞིན་བལྟ་བར་བྱའོ་ཞེས་དང༌། ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ནི་དགོངས་འགྲེལ་ལས་བྱུང་བ་བཞིན་བལྟ་བར་བྱའོ་ཞེས་པའི་ལུང་ཚན་པ་གསུམ་གྱི་དང་པོས་དོན་དམ་པའི་རྣམ་བཞག་དང༌། གཉིས་པས་མཚན་ཉིད་གསུམ་གྱི་རྣམ་བཞག་དང༌། གསུམ་པས་མདོ་སྡེ་ལ་དྲང་ངེས་འབྱེད་པའི་ཚུལ་རྣམས་དགོངས་འགྲེལ་ལ་བརྟེན་པར་གསུངས་པའི་ཕྱིར་དང༌། རྣམ་ཤེས་ཚོགས་བརྒྱད་དང་མཐར་ཐུག་ཐེག་པ་གསུམ་དུ་བསྒྲུབས་པ་ཡང་མདོ་དགོངས་འགྲེལ་ལ་བརྟེན་ནས་བཤད་པའི་ཕྱིར་རོ། །
8/8 མདུན་ངོས། 上一页 6 7 8 |