ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ས་བཅད་གསུམ་པ། ཐེག་ཆེན་གྱི་གྲུབ་མཐའ་སྨ
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
བྱུང་བའི་ཚུལ་ནི་རྒྱ་གར་དུ་ཆོས་མངོན་པ་ལ་དགྲ་ལན་གསུམ་བྱུང་ནས་བསྟན་པ་ནུབ་པ་ན་བྲམ་ཟེ་མོ་ཚུལ་ཁྲིམས་གསལ་བ་ཞེས་བྱ་བས་བསྟན་པའི་རྩ་བ་མངོན་པ་ནི་དགྲ་ལན་གསུམ་གྱིས་ནུབ་པས།   ད་འདི་དར་བར་བྱེད་པ་གཞན་ཡང་མི་སྣང༌། བདག་ཀྱང་བུད་མེད་དུ་སོང་བས་མི་ནུས་ཀྱི། ལུས་ལ་བུ་སྐྱེད་ལ་དར་བར་བྱེད་དུ་གཞུག་གོ་སྙམ་ཏེ་རྒྱལ་རིགས་དང་འདུས་པ་ལས་ཐོགས་མེད་དང༌།   བྲམ་ཟེ་དང་འདུས་པ་ལས་དབྱིག་གཉེན་བྱུང་ངོ༌།    །དེ་ནས་བུ་རྣམས་ལ་བློ་རྣོ་བའི་ཆོ་ག་ཡང་བྱས་ཏེ་ཆེར་སྐྱེས་པའི་ཚེ་བུ་གཉིས་ན་རེ།   ཕའི་ལས་གང་ཡིན་ཞུས་པས། མ་ན་རེ། ཁྱེད་དེའི་ཕྱིར་མ་སྐྱེད་ཀྱི་བློ་སྦྱོང་གྱིས་ལ་བསྟན་པ་དར་བར་གྱིས་ཤིག་གསུངས་པས། གཅུང་ནི་ཁ་ཆེར་སློབ་དཔོན་འདུས་བཟང་གི་དྲུང་དུ་བྱོན་ནོ། །གཅེན་གྱིས་ནི་བྱམས་པ་བསྒྲུབས་ནས་བསྟན་པ་དར་བར་བྱའོ་སྙམ་ཏེ། རི་བྱ་རྐང་གི་ཕུག་ཏུ་བྱོན་ནས་ལོ་གསུམ་དུ་བསྒྲུབས་པས་མཚན་མ་ཅུང་ཟད་ཀྱང་མ་མཐོང་བས་སྐྱོ་སྟེ་ཕྱིར་ཐོན་པ་ན་རྒན་པོ་ཤིང་བལ་གྱི་འདབ་མས་ལྕགས་ཀྱི་སྡོང་བུ་ལ་ཁབ་བྱེད་པ་མཐོང་ནས་དྲིས་པར། སྙིང་སྟོབས་ལྡན་པའི་སྐྱེས་བུ་ཡིས། །བསྒྲུབ་ན་མི་འགྲུབ་གང་ཡང་མེད།   །དཀའ་ཡང་བརྣག་པ་མ་དོར་བས།   །རི་བོ་རྣམས་ཀྱང་ཐལ་བར་རློག །ཞེས་ཟེར་བས་རྐྱེན་བྱས་ཏེ་ཕྱིར་ལོག་ནས།ཡང་ལོ་གསུམ་བསྒྲུབས་ནས་ཐོན་པ་ན་ཆུ་ཐིག་གིས་བྲག་ཟད་པ་མཐོང་ནས་བརྩོན་པའི་བློ་སྐྱེས་ཏེ་ཕྱིར་ལོག ། ཡང་ལོ་གསུམ་བསྒྲུབས་ཏེ་ཐོན་པ་ན་བྱ་སྒྲོས་བྲག་ཟད་པ་མཐོང་ནས་སྔར་ལྟར་ཕྱིར་ལོག །ཡང་ལོ་གསུམ་བསྒྲུབས་པས་མཚན་མ་མ་བྱུང་བར་སྐྱོ་སྟེ་ཐོན་ནས་ཕྱིན་པ་ན་ཁྱི་མོ་རོ་སྨད་འབུས་གཞིགས་པ་རོ་སྟོད་ཟུག་ཞིང་ཟ་བ་ཞིག་མཐོང་ནས་སྙིང་རྗེ་ལྷག་པར་སྐྱེས་ཏེ་རང་གི་ལུས་ལ་ཤ་བཅད་དེ་འབུ་བསལ་སྙམ་ནས་གསེར་གྱི་སྤུ་གྲི་གཡར་ཏེ་རང་་་གི་ལུས་ལས་ཤ་བཅད། ལག་པས་བླངས་ན་ཤི་ཡིས་དོགས་ཏེ་སྤྱན་ཟུམ་ཏེ་ལྗགས་ཀྱིས་བླང་སྙམ་པ་དང་ཁྱི་མེད་པར་རྗེ་བཙུན་འོད་དང་བཅས་པར་མཐོང་ནས།   བདག་གིས་དེ་ཙམ་བསྒྲུབས་ཀྱང་རྟགས་ཙམ་ཡང་མ་བྱུང་བ་རྗེ་བཙུན་ཐུགས་རྗེ་རེ་ཆུང་ཞེས་འཁང་བས་རྗེ་བཙུན་གྱིས།   ང་དང་པོ་ནས་ཡོད་དེ་ཁྱོད་རང་གི་སྒྲིབ་པས་མ་མཐོང་ལ་ད་ལྟ་སྙིང་རྗེ་ཆེན་པོ་སྐྱེས་པས་སྒྲིབ་པ་དག་ནས་མཐོང་བ་ཡིན་ཞེས་གསུངས། དེ་ནས་ཐེག་ཆེན་དར་བར་ཞུ་འཚལ་ཞེས་ཞུས་པས། ངའི་ཆོས་གོས་ལ་འཇུས་ཤིག་གསུངས་ནས་དགའ་ལྡན་དུ་བྱོན་ཏེ་ལྷའི་གྲོ་སྐད་ཅིག་གམ་མི་ལོ་ལྔ་བཅུའམ་ལྔ་བཅུ་རྩ་གསུམ་དུ་བཞུགས་པར་་གྲགས་ལ། ས་སྡེའི་གནའ་མཆན་ལས་ཟླ་བ་དྲུག་ཞེས་འབྱུང་ངོ༌།   ། དེར་བྱམས་པ་ལས་ཡུམ་གྱི་མདོ་དང་བྱམས་ཆོས་སྡེ་ལྔ་སོགས་གསན་ནས་སླར་མི་ཡུལ་དུ་བྱོན་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་བར་མཛད་དོ།  །
དེ་ལྟར་ཡང་སའི་སྟོད་འགྲེལ་ལས། འཇིག་རྟེན་ཀུན་ལ་ཕན་ཕྱིར་ཐོགས་མེད་ཅེས་བྱ་བ།   །ཆོས་རྒྱུན་ཏིང་འཛིན་སྟོབས་ཀྱིས་དྲངས་པའི་བདུད་རྩིའི་རྒྱུན།   །འཕགས་པ་མི་ཕམ་ཞལ་གྱི་བུམ་པ་ནས་བླུགས་པ། །གསན་པའི་སྙིམ་པས་གསོལ་བ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །སློབ་དཔོན་འདི་ནི་ས་གསུམ་པ་འོད་བྱེད་པ་བརྙེས་པར་འགྲེལ་བཤད་ཚིག་གསལ་སོགས་ལས་འབྱུང་ངོ༌།   །
དེ་ལ་བྱམས་ཆོས་སྡེ་ལྔ་ནི། མདོ་སྡེ་རྒྱན། མངོན་རྟོགས་རྒྱན། དབུས་མཐའ་རྣམ་འབྱེད། ཆོས་དང་ཆོས་ཉིད་རྣམ་འབྱེད།  རྒྱུད་བླ་མ་རྣམས་སོ།  །
འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ་ནི། སའི་དངོས་གཞི། གཞི་བསྡུ་བ། རྣམ་གྲངས་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ།   རྣམ་པར་གཏན་ལ་དབབ་པ་བསྡུ་བ་རྣམས་ཡིན་ལ་ས་སྡེ་ཚང་བ་ལ་བམ་པོ་བརྒྱ་དང་སུམ་ཅུ་ཡོད་དོ།   །དེའི་ནང་གི་སའི་དངོས་གཞི་ལ་ས་མང་པོ་པ་དང༌། ཉན་ས། བྱང་ས། སའི་གོ་རིམ་རྣམས་སུ་ཡོད་དོ། །སྡོམ་གཉིས་ནི།  ཐེག་པ་ཐུན་མོང་གི་སྡོམ་མངོན་པ་ཀུན་ལས་བཏུས་དང༌།    ཐེག་ཆེན་ཐུན་མོང་མ་ཡིན་པའི་སྡོམ་ཐེག་བསྡུས་ཏེ་གཉིས་སོ།  །དེའི་གཅུང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ལ་མདོ་སྡེ་རྒྱན་དང༌། འབྱེད་གཉིས་ཏེ་གསུམ་གྱི་འགྲེལ་བ་དང་། རྣམ་བཤད་རིགས་པ། ལས་སྒྲུབ་པའི་རབ་བྱེད། ཕུང་པོ་ལྔའི་རབ་བྱེད། ཉི་ཤུ་པའི་རབ་བྱེད། སུམ་ཅུ་པའི་རབ་བྱེད་དེ་པྲ་ཀ་ར་ཎ་སྡེ་བརྒྱད་དུ་གྲགས་སོ། །དེ་ལྟར་བྱམས་ཆོས་སྡེ་ལྔ། ས་སྡེ་ལྔ། སྡོམ་རྣམ་གཉིས། པྲ་ཀ་ར་ཎ་སྡེ་བརྒྱད་རྣམས་ལ་བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ་ཞེས་གྲགས་སོ། །གཞན་ཡང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ལ་རྟེན་འབྲེལ་མདོ་འགྲེལ།ས་ལུ་ལྗང་བའི་མདོ་འགྲེལ། ས་བཅུ་པའི་མདོ་འགྲེལ།   ཐེག་བསྡུས་ཀྱི་འགྲེལ་བ།རྗེས་དྲན་གསུམ་གྱི་འགྲེལ་བ་ལ་སོགས་པ་མདོ་དང་བསྟན་བཅོས་ཀྱི་འགྲེལ་བ་མང་དུ་ཡོད་དོ། །གཞན་ཡང་སློབ་དཔོན་གཞན་ལ་ཕན་པ་ཞེས་བྱ་བས་མདོ་སྡེ་རྒྱན་གྱི་ཚིགས་བཅད་དང་པོ་གཉིས་ཀྱི་བཤད་པ་མཛད་པ་དང༌།   ཁ་ཆེ་ཉྫྰ་ན་ཤྲིའི་མདོ་སྡེ་རྒྱན་གྱི་དོན་བསྡུས་དང༌།   སློབ་དཔོན་བློ་བརྟན་གྱི་མདོ་སྡེ་རྒྱན་གྱི་འགྲེལ་བཤད་ཆེན་པོ་དང༌། དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་བཤད་བཞི། ཕུང་པོ་ལྔའི་རབ་བྱེད་ཀྱི་འགྲེལ་བ།   སུམ་ཅུ་པའི་འགྲེལ་བ། དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པའི་མདོ་སྡེ་རྒྱན་གྱི་བཤད་སྦྱར། དེའི་ཐེག་བསྡུས་བཤད་སྦྱར་གཉིས། ཡོན་ཏན་འོད་ཀྱི་ཕུང་པོ་ལྔའི་རབ་བྱེད་ཀྱི་འགྲེལ་བ། ཡོན་ཏན་འོད་དང་རྒྱ་མཚོ་སྤྲིན་གྱི་བྱང་སའི་འགྲེལ་བ་གཉིས།   རྒྱལབའི་སྲས་དང་ཡོན་ཏན་འོད་ཀྱི་ཚུལ་ཁྲིམས་ལེའུའི་འགྲེལ་བ། ཐེག་བསྡུས་ཀྱི་བཤད་སྦྱར་དོན་གསང་རྣམ་པར་ཕྱེ་བ། སའི་སྟོད་འགྲེལ། དུལ་ལྷའི་ཉི་ཤུ་པའི་འགྲེལ་བ་དང༌། སུམ་ཅུ་པའི་འགྲེལ་བཤད། ཡོན་ཏན་བློ་གྲོས་ཀྱི་རྣམ་བཤད་རིགས་པའི་འགྲེལ་བཤད།   བློ་བཟང་ངང་ཚུལ་གྱི་ལས་བསྒྲུབ་པའི་རབ་བྱེད་ཀྱི་འགྲེལ་བ།   རིན་ཆེན་འབྱུང་གནས་ཞི་བའི་སེམས་ཙམ་རྒྱན་རྩ་འགྲེལ་རྣམས་ཀྱང་སེམས་ཙམ་གྱི་སྐོར་རོ།   །གཞན་ཡང་ཀུན་མཁྱེན་དབྱིག་གཉེན་གྱི་སློབ་མ་རང་ལས་མཁས་པ་བཞིའི་ནང་ཚན་སློབ་དཔོན་ཕྱོགས་གླང་གི་ཚད་མ་ཀུན་བཏུས་རྩ་འགྲེལ།དམིགས་བརྟགས་རྩ་འགྲེལ། སློབ་དཔོན་ཆོས་གྲགས་ཀྱི་རྣམ་འགྲེལ།རྣམ་ངེས །རིགས་ཐིགས །གཏན་ཚིགས་ཐིགས་པ། རྒྱུད་གཞན་གྲུབ་པ། འབྲེལ་བ་བརྟགས་པ།རྩོད་པའི་རིགས་པ་སྟེ་ཚད་མ་སྡེ་བདུན་དང༌། དེ་དག་གི་འགྲེལ་བ་འགྲེལ་བཤད་དང་བཅས་པ་རྣམས་་ཀྱང་ཕལ་ཆེར་སེམས་ཙམ་གྱི་སྐོར་རོ།  །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号