ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ཀླུ་སྒྲུབ་ཡབ་སྲས་ཀྱིས་མདོའི་དྲང་ངེས་ཕ
སྤེལ་དུས།03-30  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།

ཀླུ་སྒྲུབ་ཡབ་སྲས་ཀྱིས་མདོའི་དྲང་ངེས་ཕྱེ་ཚུལ་བཤད་པ།

དང་པོ་ལ་གཉིས།   མདོ་ནས་ཇི་ལྟར་གསུངས་པ་དགོད་པ་དང༌།   དེའི་དོན་བཤད་པའོ། །དང་པོ་ནི།   མགོན་པོ་ཀླུ་སྒྲུབ་ཀྱིས་མདོ་གང་ལ་བརྟེན་ནས་གསུང་རབ་ཀྱི་དྲང་ངེས་ཕྱེ་བའི་མདོའི་ཁུངས་དངོས་སུ་སྨོས་པ་འཕགས་པ་རང་ཉིད་ཀྱི་རིགས་ཚོགས་དང་མདོ་བཏུས་སོགས་སུ་མ་བྱུང་ཡང་མདོའི་དོན་བཤད་ཚུལ་ལས་དོན་གྱིས་བཤད་པ་ཡོད་ལ།   དཔལ་ལྡན་ཟླ་བས་ཚིག་གསལ་ལས་བློ་གྲོས་མི་ཟད་པས་བསྟན་པའི་མདོ་དྲངས་ནས་བསྒྲུབས་ཤིང༌། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཀྱང་ཤེས་རབ་སྒྲོན་མའི་འགྲེལ་བཤད་དུ་དེ་ལྟར་བཤད་ལ། སློབ་དཔོན་ཀ་མ་ལ་ཤྰི་ལས་དབུ་མ་སྣང་བར་ཡང་མདོ་དེ་ཉིད་དྲང་ངེས་འབྱེད་པའི་ཁུངས་སུ་མཛད་དོ། །དེས་ན་བློ་གྲོས་མི་ཟད་པའི་མདོ་ཉིད་དྲང་ངེས་འབྱེད་པའི་ཁུངས་ཡིན་ལ་དེ་ལས་གསུངས་ཚུལ་ནི་མདོ་དེ་ཉིད་ལས།   ངེས་པའི་དོན་གྱི་མདོ་སྡེ་ནི་གང༌།   དྲང་པའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་ཀུན་རྫོབ་བསྒྲུབ་པ་བསྟན་པ་དེ་དག་ནི་དྲང་པའི་དོན་ཞེས་བྱའོ།   །མདོ་སྡེ་གང་དག་དོན་དམ་པ་བསྒྲུབ་པ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ཚིག་དང་ཡི་གེ་སྣ་ཚོགས་པ་བསྟན་པ་དེ་དག་དྲང་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ཟབ་མོ་བལྟ་དཀའ་བ་རྟོགས་པར་དཀའ་བ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ།   །མདོ་སྡེ་གང་དག་བདག་དང་སེམས་ཅན་དང་སྲོག་དང་གསོ་བ་དང་སྐྱེས་བུ་དང་གང་ཟག་དང་ཤེད་ལས་སྐྱེས་དང་ཤེད་བུ་དང་བྱེད་པ་པོ་དང་ཚོར་བ་པོ་སྐད་སྣ་ཚོགས་ཀྱིས་བཤད་པར་བྱ་བ་བདག་པོ་མེད་པ་ལ་བདག་པོ་ལྟ་བུར་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ།   །མདོ་སྡེ་གང་དག་དངོས་པོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་འདུ་བྱེད་པ་མེད་པ་དང་སྐྱེ་བ་མེད་པ་དང་མ་སྐྱེས་པ་དང་སེམས་ཅན་མེད་པ་དང་སྲོག་མེད་པ་དང་གང་ཟག་མེད་པ་དང་བདག་པོ་མེད་པ་རྣམ་པར་ཐར་པའི་སྒོ་སྟོན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱ་སྟེ། འདི་ནི་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི་དྲང་པའི་དོན་གྱི་མདོ་སྡེ་ལ་མི་རྟོན་པ་ཞེས་བྱའོ། །ཞེས་གསུངས་པའོ།   །
གཉིས་པ་སློབ་དཔོན་གྱིས་དྲང་ངེས་འབྱེད་པའི་དགོས་པ་ནི། བཅོམ་ལྡད་འདས་ཀྱིས་ཡོད་པ་དང་མེད་པ་དང་བདེན་པ་དང་རྫུན་པ་སོགས་རྣམ་གྲངས་དུ་མའི་སྒོ་ནས་ཆོས་བསྟན་པ་ལས་གང་ཞིག་ནི་བདེན་པའི་དོན་ཅན་ཡིན་གང་ཞིག་ནི་རྫུན་པའི་དོན་ཅན་ཡིན་ཞེས་བློ་ཐེ་ཚོམ་དུ་གྱུར་པ་རྣམས་དང༌། ཡང་གང་དག་རང་ཉིད་བློ་གྲོས་དམན་པས་དྲང་པའི་དོན་ལ་ངེས་པའི་དོན་ཅན་དུ་འཁྲུལ་བ་དང༌། དེ་བཞིན་དུ་ངེས་པའི་དོན་ལ་གཅིག་ཤོས་སུ་འཁྲུལ་བའི་ལོག་པར་རྟོག་པ་ཅན་རྣམས་ལ་དྲང་ངེས་ཀྱི་ཁྱད་པར་གསལ་བར་ཕྱེ་ནས་དེ་དག་གི་དོན་མཛད་པར་དགོངས་པ་ཡིན་ཏེ།   དཔལ་ལྡན་ཟླ་བས། འདིར་དེ་ཁོ་ནའི་དོན་ཅན་གྱི་བསྟན་པ་ནི་གང་ཞིག་ཡིན། དགོངས་པ་ཅན་ནི་འདིར་གང་ཞིག་ཡིན་སྙམ་དུ་གང་ཞིག་ཐེ་ཚོམ་དུ་གྱུར་པ་དང༌། གང་ཞིག་བློ་ཞན་པ་ཉིད་ཀྱིས་དྲང་པའི་དོན་གྱི་བསྟན་པ་ལ་ངེས་པའི་དོན་དུ་རྟོགས་པ་དེ་གཉིས་ཀའི་ཐེ་ཚོམ་དང༌།    ལོག་པའི་ཤེས་པ་དག་རིགས་པ་དང་ལུང་གཉིས་ཀྱི་སྒོ་ནས་གསལ་བར་བྱ་བའི་ཕྱིར་སློབ་དཔོན་གྱིས་འདི་བརྩམས་སོ་ཞེས་གསུངས་སོ།  །
དྲང་ངེས་ཇི་ལྟར་ཕྱེ་ཚུལ་ནི།   ངེས་པའི་དོན་གྱི་མདོ་སྡེ་རྣམས་ཀྱི་དོན་ཇི་ལྟར་གནས་པ་ལས་རྣམ་པ་གཞན་དུ་འདྲེན་པའི་དོགས་པའི་གནས་མཐའ་ཡས་པ་བཀོད་ནས་རིགས་པས་ལེགས་པར་སུན་ཕྱུང་སྟེ་རྣམ་པར་དག་པའི་ལམ་ལ་རིགས་པ་མང་པོའི་སྒོ་ནས་ངེས་པ་བླ་ན་མེད་པ་སྟེར་བ་དང༌།   བཅོམ་ལྡན་འདས་ཀྱི་བཀའ་ཉིད་དཔང་དུ་བྱས་ཏེ་ལུང་གི་སྒོ་ནས་ཀྱང་དོན་དེ་བསྒྲུབས་པར་མཛད་པའོ།  །དེ་ལྟར་ཡང་དཔལ་ལྡན་ཟླ་བས་ལུང་དེའི་མཇུག་ཐོགས་སུ།   དེ་ལ་བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པས་ནི་རིགས་པ་གསུངས་པ་ཡིན་ནོ།    །བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག་ཞེས་བྱ་བ་ལ་སོགས་པ་ནི་ལུང་གསུངས་པ་ཡིན་ནོ། །ཞེས་སོ།   །
བློ་གྲོས་མི་ཟད་པའི་མདོའི་དོན་དངོས་ནི།   མདོ་སྡེ་གང་དག་ཀུན་རྗོབ་བསྒྲུབ་པ་བསྟན་པ་ཞེས་སོགས་རྐང་པ་གཉིས་ཀྱིས་མདོའི་དྲང་ངེས་ཀྱི་ཁྱད་པར་ཡུལ་དང་དུས་ལ་སོགས་པའི་སྒོ་ནས་མི་འཇོག་པར་བརྗོད་བྱའི་སྒོ་ནས་འབྱེད་པ་དང༌།   དེ་ཡང་ཀུན་རྫོབ་གཙོ་བོར་སྟོན་པའི་མདོ་དྲང་དོན་དང༌། དོན་དམ་གཙོ་བོར་སྟོན་པའི་མདོ་ངེས་དོན་དུ་འཇོག་ཚུལ་མདོར་བསྟན་པའོ།    །དེ་ནས་མདོ་སྡེ་གང་དག་ཚིག་དང་ཡི་གེ་ཞེས་སོགས་ཚིག་རྐང་གཉིས་ཀྱིས་ཀུན་རྫོབ་སྟོན་པའི་མདོ་དང་དོན་དམ་སྟོན་པའི་མདོ་གཉིས་ངོས་བཟུང་བ་སྟེ།   དེ་ཡང་ཚིག་དང་ཡི་གེ་མི་འདྲ་བ་སྣ་ཚོགས་པས་དོན་མི་འདྲ་བ་སྣ་ཚོགས་པ་སྟོན་པ་ནི་སྔ་མ་དང༌།   རྟོགས་དཀའ་བའི་དོན་སྤྲོས་པ་རྣམ་པར་བཅད་པའི་རོ་གཅིག་པར་སྟོན་པ་ནི་ཕྱི་མ་མར་བཞག་གོ།  །
དེ་ནས་མདོ་སྡེ་གང་དག་བདག་དང་སེམས་ཅན་དང་ཞེས་སོགས་རྐང་བ་ཐ་མ་གཉིས་ཀྱིས་ནི་སྟོན་ལུགས་ཇི་འདྲ་བ་ཞིག་གིས་ཀུན་རྫོབ་བསྟན་པར་འགྲོ་བའི་ཀུན་རྫོབ་སྟོན་ལུགས་དང༌།   སྟོན་ལུགས་ཇི་འདྲ་བ་ཞིག་གིས་དོན་དམ་བསྟན་པར་འགྲོ་བའི་དོན་དམ་སྟོན་ལུགས་གཉིས་སྟོན་པའོ།  ། དེ་ཡང་བདག་དང་ཞེས་པ་ནས་བདག་པོ་ལྟ་བུ་ཞེས་པའི་བར་གྱིས་ནི་སྒྲས་ཟིན་ལ་གང་ཟག་གི་རྣམ་གྲངས་ཁོ་ན་བྱུང་ཡང་དོན་ནི་གང་ཟག་ཁོ་ན་ལ་མི་བྱ་ཡི། བྱེད་པ་པོ་དེ་དང་འབྲེལ་བའི་ལས་སུ་བྱ་བ་དང་བྱེད་པའི་དངོས་པོ་ཡོད་པར་སྟོན་པ་མཐའ་དག་ལ་བྱ་དགོས་ཏེ།   དཔེར་ན་རྩ་ཤེས་ཀྱི་འགྲོ་འོང་བརྟག་པའི་རབ་བྱེད་དང་ལས་བརྟག་པའི་རབ་བྱེད་རྣམས་ཀྱིས་ཀྱང་འཇིག་རྟེན་ཕ་རོལ་ནས་འདིར་འོང་པ་དང་འདི་ནས་ཕ་རོལ་དུ་འགྲོ་བ་པོ་ཡོད་ན་གང་ཟག་བདེན་པ་ཡོད་དགོས་པ་དང༌། དགེ་མི་དགེའི་ལས་བྱེད་པ་པོ་ཡོད་ན་གང་ཟག་བདེན་པ་ཡོད་དགོས་པར་དོགས་པའི་མཐའ་འགོག་པས་བྱེད་པ་པོ་དང་ལས་གཉིས་ཀ་བསྟན་ཀྱང་གང་ཟག་གི་བདག་མེད་པ་གཙོ་བོར་གཏན་ལ་ཕབ་པའི་རབ་བྱེད་དུ་བྱེད་དགོས་པ་ལྟར་ཏེ། དེས་ན་འདིས་ཀྱང་ཆོས་དང་གང་ཟག་གཉིས་ཀ་སྟོན་པའི་ཆ་སོ་སོར་ཕྱེད་དགོས་སོ།   །
ཚིག་རྐང་གཉིས་པའི་སྟོང་པ་ཉིད་དང་ཞེས་པ་ནས་མ་སྐྱེས་པ་ཞེས་པའི་བར་གྱིས་ནི་ཆོས་ཀྱི་བདག་མེད་ཚུལ་གཙོ་བོར་བསྟན་ལ།   སེམས་ཅན་མེད་པ་ཞེས་པ་ནས་བདག་པོ་མེད་པ་ཞེས་པའི་བར་གྱིས་ནི་གང་ཟག་ལ་བདག་མེད་ཚུལ་གཙོ་བོར་སྟོན་པའོ། ། ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང༌།    སྟོང་པ་བདེ་བར་གཤེགས་པས་བཤད་པ་ལྟར། ། ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས།   ། གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་པའི་དོན་དུ་ཤེས།  ། ཅེས་གསུངས་སོ།  །
དེ་ལ་དྲང་དོན་དུ་འགྲོ་ལུགས་ལ་དྲང་པ་ནི་གདུལ་བྱ་ཁ་དྲང་བའི་ཕྱིར་དུ་བསྟན་པ་ཙམ་ལ་མི་བྱ་ཡི།མདོ་དེའི་དོན་ཇི་ལྟར་བསྟན་པ་ལྟར་གཟུང་དུ་མི་རུང་བར་ད་དུང་དེའི་དགོངས་པ་བཤད་ནས་དོན་གཞན་དུ་དྲང་དགོས་པའམ་ཡང་ན་སྒྲ་ཇི་བཞིན་པར་བཟུང་བས་ཆོག་ཀྱང་དེ་ཙམ་ཞིག་དེ་དག་གི་ཡིན་ལུགས་དེ་ཁོ་ན་ཉིད་མ་ཡིན་པས་ད་དུང་དེའི་དེ་ཁོ་ན་ཉིད་དེ་ལས་གཞན་དུ་བཙལ་དགོས་པས་ན་དྲང་པའི་དོན་སྟེ། དོན་དྲང་དགོས་པའོ།  །
དེའི་དང་པོ་ནི། ཕ་དང་མ་ནི་གསད་བྱ་ཞིང༌།  ། ཞེས་པ་ལྟ་བུ་སྟེ།ཕ་མ་གསད་པར་གསུངས་པའི་དངོས་ཟིན་གྱི་དོན་ཇི་ལྟ་བ་བཞིན་དུ་གཟུང་དུ་མི་རུང་བས་དེ་ལས་གཞན་དུ་ལས་ཀྱི་སྲིད་པ་དང་སྲེད་པ་ལ་དྲང་དགོས་པའོ། །དེ་ལྟར་དྲང་པ་དེ་ཡང་ད་དུང་འཇོག་ཚུལ་ཕྱི་མའི་དྲང་དོན་དུ་ཡོད་དོ།  །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号