ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ཀླུ་སྒྲུབ་ཡབ་སྲས་ཀྱིས་མདོའི་དྲང་ངེས་ཕ
སྤེལ་དུས།03-30  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
༡   དབུ་མ་རང་རྒྱུད་པའི་ལུགས་བཤད་པ།
དང་པོ་ལ།་ མཚན་ཉིད། དབྱེ་བ།འདོད་ཚུལ་དང་གསུམ། དང་པོ་ནི། འཆི་མེད་མཛོད་ལས། རང་རྒྱུད་རང་དབང་བདག་དབང་དང༌།  །ཞེས་གསུངས་པ་ལྟར། རང་རྒྱུད་དང༌། རང་དབང་དང༌། རང་བཞིན་རྣམས་དོན་གཅིག་པར་ཡོད་ལ། རྩ་ཤེའི་རབ་བྱེད་བཅུ་གསུམ་པའི་འགྲེལ་བ་ཤེས་རབ་སྒྲོན་མ་ལས།  ད་ནི་སུན་འབྱིན་པའི་ལན་བཏབ་པ་དང་རང་དབང་དུ་རྗེས་སུ་དཔག་པའི་མཐུས་འདུ་བྱེད་རྣམས་རྣམ་པ་ལས་ངོ་བོ་ཉིད་མེད་པ་ཉིད་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅུ་གསུམ་པ་བརྩམས་སོ། །ཞེས་གསུངས་སོ། །དེས་ན་ཕྱི་རྒོལ་གྱི་ཁས་བླངས་ཙམ་ལ་མ་འཁྲིས་པར་གདགས་གཞིའི་ངོས་ནས་དོན་གྱི་སྡོད་ལུགས་ཀྱི་དབང་གིས་རྒོལ་ཕྱི་རྒོལ་གྱི་ཚད་མ་མ་འཁྲུལ་བ་ལ་ཆོས་ཅན་མཐུན་སྣང་དུ་གྲུབ་ཅིང༌།   ཆོས་ཅན་དེའི་སྟེང་དུ་རྟགས་ཀྱི་ཚུལ་རྣམས་འགྲུབ་ཚུལ་ངེས་པར་བྱས་ནས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་བསྐྱེད་པ་ཅིག་རང་རྒྱུད་ཀྱི་དོན་ཡིན་ལ། དེ་ལྟར་འགོད་པ་འཐད་པར་ཁས་ལེན་པའི་དབུ་མ་པ་ལ་དབུ་མ་རང་རྒྱུད་པ་ཞེས་ཟེར་བ་ཡིན་ནོ། །དེ་ཡང་རང་རྒྱུད་པའི་ལུགས་ལ་དབང་ཤེས་གནོད་མེད་རྣམས་ཐ་སྙད་དུ་སྣང་ཡུལ་ལ་མ་འཁྲུལ་བ་ཡིན་ལ། དེ་ལྟར་མ་འཁྲུལ་བའི་རྒྱུ་མཚན་ཡང་གནོད་མེད་ཀྱི་ཤེས་པ་རྣམས་ལ་གཟུགས་སོགས་རང་གི་ངོ་བོས་གྲུབ་པར་སྣང་ཞིང་གཟུགས་སོགས་ཀྱང་རང་གི་ངོ་བོས་གྲུབ་པར་ཞལ་གྱིས་བཞེས་པ་ཉིད་ལ་ཐུག་གོ །འདི་ལ་དགོངས་ནས་བྱང་ཆུབ་ལམ་རིམ་ཆེན་མོ་ལས།   རང་རྒྱུད་ཀྱི་རྟགས་རང་གི་ལུགས་ལ་ཞལ་གྱིས་བཞེས་པའི་རྒྱུ་མཚན་ཡང་ཐ་སྙད་དུ་རང་གི་ངོ་བོས་གྲུབ་པའི་རང་མཚན་ཡོད་པ་འདི་ཡིན་པས་རང་རྒྱུད་ཀྱི་རྟགས་རང་ལུགས་ལ་འཇོག་མི་འཇོག་ནི་དགག་བྱ་ཤིན་ཏུ་ཕྲ་བ་འདི་ལ་ཐུག་པ་ཡིན་ནོ།   །ཞེས་གསུངས་སོ། །དེས་ན་བདེན་མེད་བསྒྲུབ་པའི་རྟགས་ཀྱི་ཚུལ་གསུམ་རང་ངོས་ནས་གྲུབ་པར་ཁས་ལེན་པའི་དབུ་མ་པ་དེ་དབུ་མ་རང་རྒྱུད་པའི་མཚན་ཉིད་དུ་བྱའོ།   །
  གཉིས་པ་དབྱེ་བ་ལ།   མདོ་སྡེ་སྤྱོད་པའི་དབུ་མ་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་པ་གཉིས་སུ་ངེས་སོ།   །
(1) མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་བཤད་པ།
དང་པོ་ལ་མདོ་སྡེ་སྤྱོད་པ་ཞེས་ཟེར་བའི་རྒྱུ་མཚན་ནི། དབང་པོའི་ཤེས་པ་རྣམས་ཀྱི་དམིགས་རྐྱེན་ནི་རྡུལ་ཕྲ་རབ་བསགས་པའི་ཕྱི་རོལ་གྱི་དོན་དུ་བཞེད་པས་ཐ་སྙད་དུ་མདོ་སྡེ་པ་དང་མཐུན་པའི་དམིགས་རྐྱེན་བཞེད་པས་ན་དེ་ལྟར་བཏགས་སོ།    །གཉིས་པ་ལ་རྣལ་འབྱོར་སྤྱོད་པ་ཞེས་ཟེར་བའི་རྒྱུ་མཚན་ནི། སློབ་དཔོན་ཞི་བ་འཚོའི་དབུ་མ་རྒྱན་གྱི་རང་འགྲེལ་ལས། གཞན་དག་སེམས་པ་ནི།   །རྒྱུ་དང་འབྲས་བུར་གྱུར་པ་ཡང༌། །ཤེས་པ་འབའ་ཞིག་ཁོ་ན་སྟེ། །རང་གིས་གྲུབ་པ་གང་ཡིན་པ།    །དེ་ནི་ཤེས་པར་གནས་པ་ཡིན། །ཞེས་དང༌།   དེ་ལྟར་བྱས་ན་སྟུག་པོ་བཀོད་པ་དང་དགོངས་པ་ངེས་པར་འགྲེལ་བ་ལ་སོགས་པ་ལས་འབྱུང་བ་ཐམས་ཅད་དང་མཐུན་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ཐ་སྙད་དུ་ཕྱི་རོལ་དོན་གྱིས་སྟོངས་པའི་རྣམ་པར་རིག་པ་ཙམ་གྱི་ཚུལ་དང་མཐུན་པར་འདོད་པས་ན་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞེས་བྱའོ།  །
དེའི་ཕྱིར་ལེགས་བཤད་སྙིང་པོ་ལས།   དེས་ན་དེ་འདྲ་བའི་ལུགས་ཀྱང་རེ་རེ་ཙམ་བྱུང་མོད་ཀྱང་གཞུང་རྒྱས་པར་བརྩམས་ནས་ཐ་སྙད་དུ་ཕྱི་རོལ་མེད་པའི་ཚུལ་གྱི་དབུ་མའི་གྲུབ་མཐའ་ནི་སློབ་དཔོན་ཞི་བ་འཚོས་སྲོལ་ཕྱེ་བར་སློབ་དཔོན་ཡེ་ཤེས་སྡེ་བཞེད་པ་ལྟར་ལེགས་སོ།   །ཞེས་གསུངས་སོ།  །
འདི་ལ་ཁ་ཅིག ། མདོ་སྡེ་སྤྱོད་པའི་དབུ་མ་པའི་སྒྲ་དོན་དེ་མི་འཐད་དེ། སྟོང་ཐུན་ཆེན་མོ་ལས། སློབ་དཔོན་ལེགས་ལྡན་འབྱེད་དང་ཡེ་ཤེས་སྙིང་པོ་གཉིས་ཀ་ཡང་ཐ་སྙད་ཀྱི་རྣམ་བཞག་མདོ་སྡེ་པ་དང་མཐུན་པ་མ་ཡིན་ཏེ།   རང་རིག་ཐ་སྙད་དུ་ཡང་ཁས་མི་ལེན་པ་སོགས་ཆེས་མི་མཐུན་པ་དུ་མ་ཡོད་པའི་ཕྱིར་དང༌།  ཕྱོགས་གཅིག་མཐུན་པས་མཐུན་པར་འཇོག་ན་ཐམས་ཅད་ཐམས་ཅད་དང་གྲུབ་མཐའ་མཐུན་པར་ཐལ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཞེས་ཟེར་ན། སྐྱོན་མེད་དེ།   དེ་ནི་བོད་སྔ་མ་དག་གིས་མདོ་སྡེ་པས་དོན་དམ་དུ་གང་འདོད་དབུ་མ་པ་འདི་དག་གིས་ཀུན་རྫོབ་ཏུ་འདོད་པའི་སྒོ་ནས་སྒྲ་བཤད་པ་ལ་གནོད་པ་བརྗོད་པའི་སྒོ་བསྟན་པ་ཙམ་ཡིན་གྱི།   སྤྱིར་མདོ་སྡེ་སྤྱོད་པའི་དབུ་མ་པའི་སྒྲ་བཤད་ཚུལ་ལ་མདོ་སྡེ་པ་དང་ཕྱོགས་གཅིག་མཐུན་པའི་སྒོ་ནས་སྒྲ་བཤད་དུ་མི་རུང་བར་བསྟན་པ་མ་ཡིན་པའི་ཕྱིར་དང༌།  སྒྲ་བཤད་པ་དང་འཇུག་པ་ཙམ་ལ་མཚན་ཉིད་ཐམས་ཅད་ཚང་མི་དགོས་པ་དུ་མ་ཡོད་པའི་ཕྱིར་དང༌།    ལེགས་ལྡན་གྱིས་མདོ་སྡེ་པ་དང་མཐུན་པའི་དབང་པོ་དང་ཡུལ་གྱི་འཇོག་ཚུལ་མཛད་པ་མི་འཐད་པར་དཔལ་ལྡན་ཟླ་བས་བཞི་བརྒྱ་པའི་འགྲེལ་པ་ལས་བཤད་པའི་ཕྱིར་དང༌། ལེགས་ལྡན་འབྱེད་ཀྱིས་དེ་ལྟར་བཞེད་ཚུལ་དབུ་མ་སྙིང་པོའི་འགྲེལ་བ་ལས་གསལ་བར་བཤད་པའི་ཕྱིར་དང༌།ལམ་རིམ་ཆེན་མོ་དང་སྟོང་ཐུན་ཆེན་མོ་གཉིས་ཀྱིས་ལེགས་ལྡན་གྱི་བཞེད་པ་འཆད་པའི་སྐབས་སུ་ཡང་དེ་ཁོ་ན་ལྟར་བཤད་པའི་ཕྱིར་རོ།  །
གསུམ་པ་འདོད་ཚུལ་ལ་གཉིས།   མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་འདོད་ཚུལ་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་འདོད་ཚུལ་ལོ། །དང་པོ་ལ་དངོས་པོར་སྨྲ་བའི་ལུགས་འགོག་པའི་ཚུལ་དང༌།   རང་གི་ལུགས་བཞག་པ་གཉིས།   དང་པོ་ལ་ཡང་གཉིས།   དངོས་སྨྲ་བའི་མཚན་ཉིད་གསུམ་གྱི་རྣམ་བཞག་བཤད་པ་མི་འཐད་པར་བསྟན་པ་དང༌། ཕྱི་དོན་མེད་པར་བཤད་པ་མི་འཐད་པར་བསྟན་པའོ། ། དང་པོ་ནི། དབུ་མ་སྙིང་པོ་ལས། འདིར་བཤད་དེ་བཞིན་གཤེགས་བཀའ་ཀུན། །ཁོ་བོ་ཅག་གི་ཚད་མ་ཡིན། །ཚད་མ་ཡིད་ཆེས་ལུང་ཡིན་ཕྱིར། །བཟང་པོ་དག་ནི་སྒྲུབ་པར་བཞེད། །ལུང་གཞན་དག་གི་ཐེ་ཚོམ་དང༌། །ལོག་པའི་བློ་ཅན་གཞན་མི་བྱེད། ། དེ་ཕྱིར་དེ་དག་སྒྲུབ་གཞུག་ཕྱིར། །རིགས་པ་ལྡན་པའི་ཚུལ་བཙལ་བྱ།  །ཞེས་རྣམ་རིག་པ་རྣམས་ཀྱིས་དབུ་མ་པ་ལ་སྨྲས་པའི་ཉེས་པ་རྣམས་ཚད་མ་དང་བྲལ་བ་དང༌། རང་གི་ལུགས་ནི་ཚད་མ་དང་ལྡན་པའི་ཕྱིར་སེམས་ཙམ་པས་དབུ་མ་པ་ལ་རྒོལ་བར་བྱས་པ་མཐའ་དག་སུན་དབྱུང་བར་བྱ་བ་ཡིན་པར་བཤད་ཅིང༌།   སུན་དབྱུང་ཚུལ་ཡང་དེ་ཉིད་ལས། གཉིས་མེད་པ་ཡི་དངོས་པོ་ནི། ། ཞེས་སོགས་གཉིས་སྟོང་གི་ཤེས་པ་བདེན་གྲུབ་འགོག་པ་དང༌།   ཕྱི་རོལ་གྱི་དོན་བཀག་པ་མི་འཐད་པ་དང༌།   ཀུན་བཏགས་ཡོད་པ་མ་ཡིན་ཏེ། །   ཞེས་སོགས་ཀྱིས་མཚན་ཉིད་གསུམ་གྱི་རྣམ་བཞག་དགག་པར་མཛད་དོ།   །དེ་ལ་སེམས་ཙམ་པ་ཁྱོད་ཀྱིས།   ཀུན་བཏགས་པའི་ངོ་བོ་ཉིད་ཆོས་ཅན།   མཚན་ཉིད་ངོ་བོ་ཉིད་མེད་པ་ཡིན་ཏེ། ཀུན་ནས་སྒྲོ་བཏགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར།   དཔེར་ན་ཐག་པ་ལ་སྦྲུལ་དུ་བཏགས་པ་བཞིན།ཞེས་ཟེར་བ་མི་འཐད་དེ།   ཀུན་ནས་སྒྲོ་བཏགས་པ་ཡིན་པའི་ཕྱིར་ཞེས་པའི་གཏན་ཚིགས་ཀྱིས་ཐག་པ་ལ་བཏགས་པའི་སྦྲུལ་བཞིན་དུ་ཀུན་བཏགས་ཀྱི་ངོ་བོ་ཉིད་ཀྱི་རང་གི་མཚན་ཉིད་གཏན་ནས་མེད་པ་ཞིག་གམ།   འོན་ཏེ་སྒྲ་དང་རྟོག་པས་བརྗོད་པར་བྱ་བ་ཡིན་པའི་ཕྱིར།   ཐག་པའི་ངོ་བོ་བཞིན་དུ་ཀུན་བཏགས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཡོད་པར་འགྱུར་བ་མ་ངེས་པའི་ཕྱིར་རོ། །གལ་ཏེ་ཐག་པར་ཡང་རང་གི་མཚན་ཉིད་ཀྱིས་མེད་དོ་ཞེ་ན།  དེ་ལ་འཇིག་རྟེན་གྲགས་པས་གནོད་པར་འགྱུར་ཏེ། འཇིག་རྟེན་ན་ཆུ་དང༌། ཐག་པ་དང༌།  མིའི་ལག་པས་རྩོལ་བས་བཀལ་བའི་ཐག་པའི་ངོ་བོ་ཉིད་ཡོད་པར་གྲགས་པའི་ཕྱིར་རོ། །ཞེས་འཆད་པར་དབུ་མ་སྙིང་བོ་ལས། ཀུན་བཏགས་ཡོད་པ་མ་ཡིན་ཏེ། །བཏགས་ཕྱིར་སྦྲུལ་དང་འདྲར་མི་འདོད། །ཐག་པའི་དངོས་པོར་མ་ངེས་ཕྱིར།  །ཡང་ན་གྲགས་པས་གནོད་པར་འགྱུར། །ཞེས་གསུངས་སོ།   །
གཞན་ཡང་དཔེའི་སྐབས་སུ་ལོག་པར་བཏགས་པའི་ཆ་སྦྲུལ་དང༌།     འདོགས་པའི་གཞི་རང་གི་མཚན་ཉིད་ཀྱིས་ཡོད་པའི་ཐག་པ་གཉིས་ཡོད་པ་བཞིན་དུ་དོན་གྱི་གནས་སྐབས་སུ་ཡང་འདོགས་བྱེད་འཁྲུལ་བའི་ཆ་དང༌།     འདོགས་པའི་གཞི་ཀུན་བཏགས་པའི་ངོ་བོ་ཉིད་མ་འཁྲུལ་པའི་ཆ་གཉིས་ཡོད་དགོས་པར་འགྱུར་ཏེ། ཁྱོད་ཀྱིས་ཐག་པ་ལ་སྦྲུལ་དུ་བཏགས་པ་བཞིན་ཞེས་བཀོད་པའི་དཔེ་དེ་ལ་འདོགས་པའི་གཞི་དང་བཏགས་པ་ལ་འཁྲུལ་མ་འཁྲུལ་གྱི་ཆ་ཤས་གཉིས་ཡོད་པས་དཔེ་དོན་མཚུངས་དགོས་པའི་ཕྱིར་རོ། །དེ་ནི་འདོད་མི་ནུས་ཏེ་ཁྱོད་ཀྱིས་ཀུན་བཏགས་པའི་ངོ་བོ་ཉིད་རང་གི་མཚན་ཉིད་ཀྱིས་མེད་པར་འདོད་པའི་ཕྱིར་དང༌།   ཀུན་བཏགས་པའི་ངོ་བོ་ཉིད་རང་གི་མཚན་ཉིད་ཀྱིས་མེད་ན་མེད་དགོས་པའི་ཕྱིར་རོ།  །སྐྱོན་དེ་འཇུག་པ་ཡང་ངོ་བོ་དང་ཁྱད་པར་དུ་བཏགས་པའི་དོན་དེ་མཚན་ཉིད་ངོ་བོ་ཉིད་མེད་པ་ཡིན་པར་མི་འཐད་དེ། ངོ་བོ་དང་ཁྱད་པར་དུ་བཏགས་པའི་ཡུལ་ཐ་སྙད་དུ་མཚན་ཉིད་ངོ་བོ་ཉིད་ཀྱིས་ཡོད་པའི་ཕྱིར། ཞེས་དགོངས་པ་སྟེ། དེ་ཉིད་ལས།   དེ་ནི་འཁྲུལ་མིན་གང་གི་ཕྱིར། ། དུ་མའི་ཆ་དེ་མཐོང་ཕྱིར་རོ། །ཞེས་གསུངས་སོ།  །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号