ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ཀླུ་སྒྲུབ་ཡབ་སྲས་ཀྱིས་མདོའི་དྲང་ངེས་ཕ
སྤེལ་དུས།03-30  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
      
གཞན་ཡང་གཟུང་བ་དང་འཛིན་པའི་རྣམ་པ་གཉིས་མེད་དེ།   སྔོན་པོ་སོགས་ཀྱི་ཡུལ་ཉེ་བ་དང་བྲལ་བའི་གནས་སྐབས་ཀྱི་ཤེལ་ལྟ་བུའི་ཤེས་པ་རང་སྣང་བའི་བདག་ཉིད་ཅན་གྱི་གསལ་བ་ཡན་གར་བ་ནི་ནམ་ཡང་གཟུང་དུ་མེད་པའི་ཕྱིར་རོ།   །གཞན་ཡང་ཤེལ་གྱི་གོང་བུ་སྔོན་པོ་ལ་སོགས་པའི་ཚོན་དང་ཉེ་བར་བཞག་པ་ན་སྔོན་པོའི་རྣམ་པ་ཅན་དུ་སྣང་བར་རུང་ཡང་ཤེལ་ཉིད་སྔོན་པོ་ལ་སོགས་པའི་ཚོན་གྱི་ངོ་བོར་འགྱུར་བ་དང༌། ཚོན་ཉིད་ཤེལ་གྱི་ངོ་བོར་འགྱུར་བ་གང་ཡང་མ་ཡིན་ཏེ།   གཞན་དུ་ན་ཤེལ་གྱི་གོང་བུ་ཚོན་ཡིན་པའམ་ཚོན་ཀྱང་ཤེལ་གྱི་གོང་བུ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་རྣམ་པར་ཤེས་པ་ཡང་ས་ལ་སོགས་པའི་གཟུགས་དང་ཉེ་བ་ན་རྣམ་པར་ཤེས་པ་གཟུགས་ཀྱི་རྣམ་པ་ཅན་དུ་་སྐྱེ་བ་ཡིན་གྱི། ཤེས་པ་ཉིད་གཟུགས་ཀྱི་བདག་ཉིད་དུ་འགྱུར་བའམ་གཟུགས་ཉིད་ཤེས་པའི་བདག་ཉིད་དུ་འགྱུར་བ་གཉིས་ཀ་མ་ཡིན་ཏེ།   གཞན་དུ་ན་ས་ལ་སོགས་པ་ཡང་སེམས་དང་བཅས་པར་འགྱུར་བའམ་ཡང་ན་སེམས་ཀྱང་ས་ལ་སོགས་པ་བཞིན་དུ་སེམས་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། ། ཞེས་པ་རྣམས་རྟོག་གེ་འབར་བ་ལས་གསུངས་ཏེ། ཁུངས་རྣམས་མང་གིས་དོགས་ནས་མ་བྲིས་སོ།   །དེའི་འོག་ཏུ་ལྷན་ཅིག་དམིགས་ངེས་ཀྱི་རྟགས་འགོག་ཚུལ་དང༌།   སེམས་ཙམ་པའི་ཚད་འབྲས་ཀྱི་རྣམ་བཞག་འགོག་ཚུལ་རྣམས་གསུངས་ཏེ།   རྒྱས་པར་དེར་བལྟ་བར་བྱའོ།  །
ཡང་སེམས་ཙམ་པ་ན་རེ། ཁྱོད་ཀྱིས་སེམས་ཙམ་པའི་ཚུལ་འགོག་པ་མི་འཐད་དེ། བཅོམ་ལྡན་འདས་ཀྱི་ལུང་ལས་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཞེས་གསུངས་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་ཏེ། ལུང་དེའི་དོན་ནི་གཞན་མུ་སྟེགས་བྱེད་དག་གིས་བཏགས་པ་ལྟར་གྱི་རྣམ་པར་ཤེས་པ་ལས་གཞན་པའི་བྱེད་པ་པོ་དང་ཟ་བ་པོ་ཡོད་པ་འགོག་པའི་ཕྱིར་དེ་ལྟར་གསུངས་པ་ཡིན་གྱི། ཕྱི་རོལ་གྱི་དོན་འགོག་པའི་ཕྱིར་དེ་ལྟར་གསུངས་པ་མ་ཡིན་པའི་ཕྱིར་རོ།   །དེ་ལྟར་ཡང་ས་བཅུ་པའི་མདོ་ལས།   བྱང་ཆུབ་སེམས་དཔའ་ས་དྲུག་པ་ལ་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་སུ་འབྱུང་བ་དང་ལུགས་སུ་མ་ཡིན་པ་ལ་རྣམ་པར་བལྟ་བ་འདི་སྙམ་དུ་སེམས་ཏེ།   མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་ལས་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་བྱེད་པ་པོ་དང་ཚོར་བ་པོ་དང་བྲལ་བ་འདི་འབྱུང་ཞིང་སྡུག་བསྔལ་གྱི་ཤིང་ལྗོན་པ་མངོན་པར་འགྲུབ་པར་འགྱུར་རོ་སྙམ་དུ་དེ་ལྟར་ངེས་པས།    ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། ཁམས་གསུམ་པོ་སེམས་ཙམ་སྟེ་སེམས་ཀྱིས་མངོན་པར་འདུ་བྱས་པ་དང་སེམས་ཀྱིས་བྲིས་པ་ཡིན་གྱི།  སེམས་ལས་གཞན་པའི་བྱེད་པ་པོ་དང་ཟ་བ་པོ་ནི་འགའ་ཡང་མེད་དོ། །ཞེས་གསུངས་སོ། །དེས་ན་ལུང་དེའི་དོན་ཕྱི་རོལ་གྱི་ཡུལ་འགོག་པ་མ་ཡིན་ནོ། །ཡང་སེམས་ཙམ་པ་ན་རེ། ཕྱི་རོལ་དོན་གྱིས་སྟོངས་པ་ནི་མདོའི་དགོངས་པ་ཡིན་ཏེ། ཤེར་ཕྱིན་བྱམས་ཞུས་ཀྱི་ལེའུ་ལས།    དེ་ལ་ཆོས་ཉིད་ཀྱི་གཟུགས་གང་ཞེ་ན།   ཀུན་བཏགས་པའི་གཟུགས་དེས་རྣམ་པར་བཏགས་པའི་གཟུགས་དེ་ལ་རྟག་ཏུ་ངོ་བོ་ཉིད་མེད་པ་ཉིད་དང་ཆོས་བདག་མེད་པ་ཉིད་དང་ཡང་དག་པའི་མཐའ་ལ་སོགས་པ་གང་ཡིན་པ་སྟེ། དེ་ལ་རྫས་སུ་ཡོད་པ་ཡང་མ་ཡིན་ལ་རྫས་སུ་མེད་པ་ཡང་མ་ཡིན་ཏེ། རྣམ་པར་བཏགས་པའི་དོན་གྱིས་སྟོང་པ་ཉིད་དང་རྣམ་པར་ཤེས་པ་ཡོད་པའི་ཕྱིར་རོ།   །ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་ན། ལུང་དེའི་དོན་ནི་སྒྲོ་བཏགས་པ་ལྟར་གྱི་དོན་གྱིས་སྟོངས་པ་སྣང་བའི་རྣམ་པར་ཤེས་པ་བསྒྲུབས་པ་ཡིན་གྱི་དོན་མེད་པའི་རྣམ་པར་ཤེས་པ་བསྒྲུབས་པ་མིན་པའི་ཕྱིར་ཏེ།   དེ་བཞིན་གཤེགས་པའི་སོ་སོ་རང་གིས་རིག་པར་བྱ་བའི་ཆོས་ཉིད་ཀྱི་གཟུགས་ཀྱི་དོན་ཡོད་པའི་ཕྱིར། དེས་ན་སྒྲོ་བཏགས་པ་མ་ཡིན་པའི་དོན་མི་འགོག་པས་རྣམ་པ་ཐམས་ཅད་དུ་རྣམ་པར་ཤེས་པ་རང་ལས་རྫས་ཐ་དད་པའི་དོན་གྱིས་སྟོངས་པ་མ་ཡིན་ནོ་ཞེས་འཆད་པར། དབུ་མ་སྙིང་པོ་ལས། གལ་ཏེ་རྣམ་བཏགས་དོན་སྟོང་བས།  །རྣམ་པར་ཤེས་པ་སྒྲུབ་བྱེད་ན།   །བཏགས་པ་མ་ཡིན་དོན་ཡོད་ཕྱིར།   །ཡུལ་མེད་པར་ནི་མི་འགྱུར་རོ། །ཞེས་གསུངས་སོ། །དེས་ན་དེའི་དོན་གོང་དུ་བཤད་པ་ལྟར་བྱ་ཡི།   སོ་སོ་རང་གིས་རིག་པའི་ཆོས་ཉིད་ཀྱི་གཟུགས་ཀྱི་དོན་བདེན་པར་ཡོད་ན་སྒྲོ་མ་བཏགས་པའི་དངོས་པོའི་དོན་ཡོད་པའི་ཕྱིར། ཞེས་འཆད་པ་ནི་གཞུང་གི་དགོངས་པར་མི་སེམས་ཏེ།    སློབ་དཔོན་འདིས་ཕྱི་རོལ་གྱི་དོན་བཞེད་ཀྱི་དོན་བདེན་པ་བ་མི་བཞེད་པའི་ཕྱིར་དང༌། རང་འགྲེལ་ལས།    ཆོས་ཉིད་ཀྱི་གཟུགས་ཀྱི་དོན་ཡོད་པའི་ཕྱིར་ཞེས་པ་ཡང༌། ཤེས་པ་ལས་རྫས་ཐ་དད་པའི་ཡུལ་ཡོད་པར་བསྒྲུབ་པའི་ཕྱིར་ཡིན་གྱི། ཆོས་ཉིད་ཕྱི་དོན་དུ་བསྒྲུབ་པ་དང༌།   དེ་བདེན་པར་བཞེད་པ་གང་ཡང་མ་ཡིན་པའི་ཕྱིར་རོ། ། རང་འགྲེལ་ལས་སྒྲ་ཇི་བཞིན་གྱི་ངོ་བོ་ཉིད་མ་ཡིན་པའི་དངོས་པོ་གང་ཡིན་པ་དེ་ཡོད་པས།   ཞེས་གསུངས་པ་ཡང་སྒྲོ་བཏགས་པ་ལྟར་གྱི་ངོ་བོས་སྟོངས་པའི་ཡུལ་གྱི་དོན་ཡོད་པ་ལ་བྱ་ཡི། སེམས་ཙམ་པས་འདོད་པ་ལྟར་གྱི་བརྗོད་དུ་མེད་པའི་དངོས་པོ་ལ་མི་གཟུང་ངོ་།   །
གཉིས་པ་རང་གི་ལུགས་བཞག་པ་ལ་བཞི། རྟགས་ཀྱི་དགག་བྱ་ངོས་བཟུང་བ་དང༌། དེ་འགོག་པའི་རིགས་པ་བཤད་པ་དང༌། གཏན་ལ་ཕབ་པའི་བདེན་གཉིས་ཀྱི་རྣམ་བཞག་བཤད་པ་དང༌། ལམ་དང་འབྲས་བུའི་རྣམ་བཞག་ཅུང་ཟད་བཤད་པའོ། །དང་པོ་ནི། དབུ་མ་སྙིང་པོ་ལས། འདིར་ནི་ས་ལ་སོགས་པ་དག །དོན་དམ་པར་ནི་འབྱུང་བ་མིན། །ཞེས་གསུངས་པའི་འགྲེལ་བར། དོན་ཞེས་བྱ་བ་ནི་ཤེས་པར་བྱ་བ་ཡིན་པའི་ཕྱིར་དོན་ཏེ།    བརྟག་པར་བྱ་བ་དང་གོ་བར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ། །དམ་པ་ཞེས་བྱ་བ་ནི་མཆོག་ཅེས་བྱ་བའི་ཚིག་གི་སྒྲ་ཡིན་ནོ། །དོན་དམ་པ་ཞེས་བསྡུ་བ་ནི་དེ་དོན་ཡང་ཡིན་ལ་དམ་པ་ཡང་ཡིན་པས་དོན་དམ་པའོ། །ཡང་ན་དམ་པའི་དོན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དམ་པའི་དོན་ཡིན་པས་དམ་པའི་དོན་ནོ། །ཡང་ན་དོན་དམ་པ་དང་མཐུན་པ་སྟེ། དོན་དམ་པ་རྟོགས་པ་དང་རྗེས་སུ་མཐུན་པའི་ཤེས་རབ་ལ་དོན་དམ་པ་དེ་ཡོད་པས་དོན་དམ་པ་དང་མཐུན་པའོ། །ཞེས་གསུངས་ཤིང་དེ་ཡང་དོན་དམ་པར་འབྱུང་བའི་ངོ་བོ་ཉིད་མ་ཡིན་ཏེ།    ཞེས་པའི་དོན་དམ་པ་དེ་གང་ལ་བྱེད་ཅེས་པའི་ལན་དུ་དོན་དམ་པ་འཇོག་ཚུལ་གསུམ་གསུངས་པ་ཡིན་ནོ། །དེ་ལས་དང་པོ་ནི།དོན་ཞེས་བྱ་བ་ནི་ཞེས་པ་ནས་དམ་པའང་ཡིན་པས་དོན་དམ་པའོ། །ཞེས་པའི་བར་ཏེ།   དོན་དང་དམ་པ་གཉིས་ཀ་ཡུལ་ལ་སྦྱར་ནས་བཤད་པའོ། །གཉིས་པ་ནི། ཡང་ན་དམ་པའི་དོན་ཏེ་ཞེས་སོགས་ཏེ། དམ་པ་ནི་ཟག་མེད་རྣམ་པར་མི་རྟོག་པའི་ཡེ་ཤེས་དང༌། དོན་ནི་དེའི་ཡུལ་ལ་བྱས་པ་སྟེ།དོན་དང་དམ་པ་གཉིས་ཡུལ་ཡུལ་ཅན་སོ་སོར་སྦྱར་བའོ།   །གསུམ་པ་ནི། ཡང་ན་དོན་དམ་པ་དང་མཐུན་པ་ཞེས་སོགས་ཏེ།   དེ་ཁོ་ན་ཉིད་ལ་ཚུལ་བཞིན་དུ་དཔྱོད་པའི་ཐོས་བསམ་གྱི་ཤེས་རབ་ཡན་ཆད་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་དང་རྗེས་སུ་མཐུན་པའི་ཤེས་རབ་ལ་དོན་དམ་པར་བྱས་པའོ།   །འདི་ནི་དོན་དང་དམ་པ་གཉིས་ཀ་ཡུལ་ཅན་ལ་སྦྱར་བའོ། །འོ་ན་སྐབས་འདིའི་འགོག་རྒྱུའི་དོན་དམ་པ་དེ་གང་ལ་བྱེད་ཅེ་ན།   དེ་ནི་རྟོག་གེ་འབར་བ་ལས། དོན་དམ་པ་ནི་རྣམ་པ་གཉིས་ཏེ། དེ་ལ་གཅིག་ནི་མངོན་པར་འདུ་བྱེད་པ་མེད་པར་འཇུག་པའི་འཇིག་རྟེན་ལས་འདས་པ་ཟག་པ་མེད་པ་སྦྲོས་མེད་པའོ། །གཉིས་པ་ནི་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྗེས་སུ་མཐུན་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཞེས་བྱ་བ་སྤྲོས་པ་དང་བཅས་པ་སྟེ། འདིར་དེ་དམ་བཅའ་པའི་ཁྱད་པར་ཉིད་དུ་བཟུང་བས་ཉེས་པ་མེད་དོ། །ཞེས་གསུངས་སོ།  །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号