ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ཀླུ་སྒྲུབ་ཡབ་སྲས་ཀྱིས་མདོའི་དྲང་ངེས་ཕ
སྤེལ་དུས།03-30  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
གཉིས་པ་ཕྱི་དོན་མེད་པར་བཤད་པ་མི་འཐད་པར་བསྟན་པ་ལ། དབུ་མ་སྙིང་པོ་ལས།   གལ་ཏེ་གཟུང་བར་སྣང་འདོད་པས།   །གཟུགས་བློ་ཡང་དག་མ་ཡིན་ན།   །དེས་ན་གཏན་ཚིགས་འཁྲུལ་འགྱུར་ཞིང༌། །དམ་བཅས་པ་ཡང་ཉམས་པར་འགྱུར། །ཞེས་དང༌། དེའི་སྔ་འགྲེལ་ལས། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་བློ་གང་ཡིན་པ་ནི་ཡང་དག་པར་ན་དོན་ཇི་ལྟ་བ་བཞིན་ཡིན་པར་འདོད་ཀྱི།   གཟུགས་ལ་སོགས་པའི་བློ་ནི་རྣམ་པར་མི་རྟོག་པ་ཡིན་དུ་ཟིན་ཀྱང་ཡང་དག་པ་ཉིད་མ་ཡིན་ཏེ། གཟུང་བར་སྣང་བའི་ཕྱིར།   ཟླ་བ་གཉིས་སྣང་པ་མཐོང་བའི་བློ་བཞིན་ནོ་ཞེ་ན།ཞེས་གསུངས་ཏེ།   འདིའི་དོན་ལ། སེམས་ཙམ་པས་བཀོད་པའི་གཏན་ཚིགས་ནི།   སྔོན་པོ་རང་ལས་བདག་ཉིད་ཐ་དད་པར་སྣང་བའི་སྔོ་འཛིན་མངོན་སུམ་ཆོས་ཅན།   ཇི་ལྟར་སྣང་བ་ལ་མ་འཁྲུལ་བ་མ་ཡིན་ཏེ། ཡུལ་གཞན་དུ་སྣང་བའི་རྣམ་པར་རིག་པ་ཡིན་པའི་ཕྱིར།   དཔེར་ན་ཟླ་བ་གཉིས་སྣང་གི་དབང་ཤེས་བཞིན་ཞེས་པ་ཡིན་ཏེ། རྣམ་པར་མི་རྟོག་པ་ཡིན་དུ་ཟིན་ཀྱང་ཞེས་པས་ཆོས་ཅན་མངོན་སུམ་གྱི་ཞེས་པ་ཡིན་པར་གྲུབ་ཅིང༌། ཡང་དག་པ་མ ་ཡིན་ཏེ་ཞེས་པས་སྣང་བ་ལ་འཁྲུལ་བ་བསྒྲུབ་བྱ་དང་། གཟུང་བར་སྣང་བའི་ཕྱིར་ཞེས་པས་གཏན་ཚིགས་བསྟན་པ་ཡིན་པའི་ཕྱིར་རོ།    །དེ་ལ་སྐྱོན་བརྗོད་པ་ནི། དེ་ནི་གཏན་ཚིགས་ཡང་དག་མ་ཡིན་ཏེ། ཆོས་ཅན་གཟུགས་ཀྱི་བློ་དང༌།   གཏན་ཚིགས་གཟུང་བར་སྣང་བ་གཉིས་ཐ་དད་པ་མ་ཡིན་པའི་ཕྱིར་ཏེ།   གཏན་ཚིགས་ཀྱི་དོན་གྲུབ་པ་ནི་ཆོས་ཅན་གྱི་ངོ་བོ་ལོག་པ་ཉིད་དུ་གྲུབ་ཟིན་པའི་ཕྱིར་རོ། །ཞེས་པ་སྟེ།   ཕྱི་འགྲེལ་ལས།   འདི་ལྟར་གཟུགས་ཀྱི་བློ་ནི་གཟུང་བར་སྣང་བ་ཉིད་མ་གཏོགས་པར་ལོགས་ཤིག་ན་ངོ་བོ་ཉིད་མེད་པས་གཟུང་བར་སྣང་བ་ཉིད་དུ་རྗེས་སུ་དཔག་པ་ཡང་དག་པ་བསལ་བའི་ཕྱིར། ཆོས་ཅན་གྱི་ངོ་བོ་ཉིད་ལོག་པར་གྲུབ་པས་འགལ་ལོ། ། ཞེས་གསུངས་སོ། །གཞན་ཡང་ཕྱི་རོལ་མེད་པར་སེམས་ཙམ་དུ་འདོད་པ་མི་འཐད་དེ། ཁས་བླངས་པ་དང་འགལ་བ་དང་གྲགས་པས་གནོད་པའི་ཕྱིར་རོ།    །ཞེས་འཆད་པར་དབུ་མ་སྙིང་པོ་ལས།   སེམས་ཙམ་དུ་ནི་དམིགས་པ་དང༌། །གཟུགས་ལ་སོགས་པ་མི་འཛིན་ན།    །ཁས་བླངས་པ་དང་གྲགས་པ་ཡིས། །དམ་བཅས་པ་ལ་གནོད་པར་འགྱུར། །ཞེས་གསུངས་སོ།   །ཁས་བླངས་པ་དང་འགལ་ཚུལ་ནི།   མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ༌། །ཞེས་གསུངས་པའི་ལུང་ཁས་བླངས་པ་དང་འགལ་བའོ། །གྲགས་པས་གནོད་པ་ནི།   འཇིག་རྟེན་ན་གཟུགས་ལ་སོགས་པའི་དོན་མེད་པར་དེ་འཛིན་པའི་མིག་ལ་སོགས་པའི་ཤེས་པ་མི་སྐྱེ་བར་གྲགས་པས་གནོད་པའོ།  །
ཡང་སེམས་ཙམ་པ་ན་རེ།   དོན་མེད་ཀྱང་རྣམ་པར་ཤེས་པ་སྐྱེ་བ་ཡོད་དེ།   དཔེར་ན་རྨི་ལམ་གྱི་ཤེས་པ་བཞིན།   ཞེས་ཟེར་ན་ཡང་མི་འཐད་དེ།   རྨི་ལམ་ན་ཡང་ཐོག་མ་མེད་པ་ནས་གཟུང་བ་དང་འཛིན་པའི་བག་ཆགས་ཀྱིས་བསྒོས་པའི་ཤེས་པ་དང་ལྡན་པའི་མིག་གིས་གཟུགས་མཐོང་བ་ཡིན་པས་ན། རྨི་ལམ་གྱི་ཤེས་པ་དེ་ཡང་དམིགས་པ་དང་བཅས་པ་ཡིན་ཏེ། སྔོན་མཐོང་བའི་སྔོན་པོ་སླར་དྲན་པའི་ཤེས་པ་བཞིན་ནོ། །དེའི་ཕྱིར་དཔེ་ལ་འདྲ་བ་ཡོད་པ་མ་ཡིན་ནོ།   །དེར་མ་ཟད་གཟུགས་སོགས་དོན་གྱི་དངོས་པོ་སྤངས་པའི་ཕྱིར་ཡུལ་ལ་སྐུར་བ་བཏབ་པ་ཡང་ཡིན་ནོ། །ཞེས་འཆད་པ་ལ་དེ་ཉིད་ལས། དེ་ལྟར་སྣང་བ་སྐྱེས་པའི་ཕྱིར།  །རྨི་ལམ་གཟུགས་སོགས་བློ་བཞིན་དུ། །གཟུགས་ལ་སོགས་པ་དོན་མེད་པར། །རྣམ་པར་ཤེས་ཞེས་བྱར་མི་རུང༌།   །གང་ཕྱིར་རྨི་ལམ་ལ་སོགས་པའི།   །རྣམ་ཤེས་ཆོས་ལ་དམིགས་པའི་ཕྱིར། །དེའི་ཕྱིར་དཔེ་ཡང་མེད་པ་དང༌།   །ཡུལ་ལ་སྐུར་བ་འདེབས་པར་འགྱུར། །ཞེས་གསུངས་སོ། །དེའི་རྨི་ལམ་གྱི་ཤེས་པ་ནི་མིག་གི་ཤེས་པ་ཞེས་མ་གསུངས་པར་འགྲེལ་བ་ལས་ཤེས་པ་དང་ལྡན་པའི་མིག་གིས་ཞེས་གསུངས་པས་རྨི་ལམ་དུ་དབང་ཤེས་ཡོད་པར་བཞེད་པ་མ་ཡིན་གྱི་སྤྱིར་རྨི་ལམ་གྱི་གཟུགས་མཐོང་བའི་ཤེས་པ་ལ་དམིགས་པ་ཡོད་པར་བཤད་པ་ཡིན་ནོ།  །ཡང་སེམས༌ཙམ་པ་ན་རེ། ཕྱི་དོན་ཡོད་པ་མི་འཐད་དེ། རྡུལ་ཕྲ་རབ་གཅིག་པུ་ཡུལ་དུ་འདོད་ན་ཡང་མི་འཐད་རྡུལ་ཕྲ་རབ་དུ་མ་འདུས་པ་ཡུལ་དུ་འདོད་ནའང་མི་འཐད་པའི་ཕྱིར། དང་པོ་གྲུབ་སྟེ།   རྡུལ་ཕྲ་རབ་གཅིག་པུ་ནི་དབང་ཤེས་ཀྱི་ཡུལ་མ་ཡིན་ཏེ། དབང་ཤེས་ཀྱི་ཡུལ་གྱི་དངོས་པོར་མི་སྣང་བའི་ཕྱིར། དཔེར་ན་དབང་པོ་གཟུགས་ཅན་དྭངས་པ་བཞིན། གཉིས་པ་གྲུབ་སྟེ།   རྡུལ་ཕྲ་རབ་དུ་མ་འདུས་པ་ནི་དབང་ཤེས་ཀྱི་ཡུལ་མ་ཡིན་ཏེ།    རྫས་སུ་མ་གྲུབ་པའི་ཕྱིར།    དཔེར་ན་ཟླ་བ་གཉིས་སུ་སྣང་བ་བཞིན་ནོ་ཞེས་ཟེར། དེ་ལྟར་ཡང་དེ་ཉིད་ལས། དེ་ལ་གཟུགས་རྡུལ་གཅིག་པུ་ནི། །གཟུགས་བློའི་སྤྱོད་ཡུལ་མ་ཡིན་ཏེ། །དེར་སྣང་ཉིད་དུ་མི་འགྱུར་ཕྱིར། །དབང་གཟུགས་སྤྱོད་ཡུལ་མ་ཡིན་བཞིན། །ཕྲ་རབ་གཟུགས་ནི་དུ་མ་སྟེ། །སེམས་ཀྱི་སྤྱོད་ཡུལ་ཡིན་མི་འདོད། །རྫས་སུ་ཡོད་པ་མ་ཡིན་ཕྱིར། །དཔེར་ན་ཟླ་བ་གཉིས་བཞིན་ནོ། །ཞེས་གསུངས་སོ། །དེའི་ལན་ནི།   ཁྱོད་ཀྱིས་རྡུལ་ཕྲ་རབ་འབའ་ཞིག་པ་སྟེ་རིགས་མཐུན་འདུས་པ་མ་ཡིན་པའི་རྡུལ་ཕྲ་རབ་ཡན་གར་བ་དབང་ཤེས་ཀྱི་ཡུལ་མ་ཡིན་པར་བསྒྲུབ་ན་ནི་གྲུབ་ཟིན་བསྒྲུབས་པ་ཡིན་ཏེ། ཁོ་བོ་ཅག་གིས་ཀྱང་དེ་དབང་ཤེས་ཀྱི་ཡུལ་ཡིན་པར་མི་འདོད་པའི་ཕྱིར་རོ། །ཞེས་འཆད་པར་དེ་ཉིད་ལས། དེ་ལ་གལ་ཏེ་ཕ་རོལ་པོ།   །བསགས་པ་མིན་པའི་གཟུགས་སེམས་ཀྱི། །སྤྱོད་ཡུལ་མིན་པར་སྒྲུབ་བྱེད་ན། །དེ་ནི་གྲུབ་པ་ཉིད་བསྒྲུབ་འགྱུར།   །ཞེས་སོ།   །གལ་ཏེ་རྡུལ་ཕྲ་རབ་རིགས་མཐུན་བསགས་པའི་གཟུགས་དབང་ཤེས་ཀྱི་སྤྱོད་ཡུལ་མ་ཡིན་པར་བསྒྲུབ་ན་ནི་རྫས་སུ་མ་གྲུབ་པའི་ཕྱིར།   ཞེས་པའི་གཏན་ཚིགས་ཁོ་བོ་ཅག་ལ་མ་གྲུབ་པ་ཉིད་དུ་འགྱུར་ཏེ། རྡུལ་ཕྲ་རབ་རིགས་མཐུན་གཞན་དང་གཞན་ཕན་ཚུན་སྦྱར་ཞིང་བསགས་པ་ནི་ཁོ་བོ་ཅག་གིས་རྫས་ཡོད་ཀྱི་དངོས་པོར་ཁས་བླངས་པའི་ཕྱིར་རོ།    །དེ་ལྟར་བསགས་པའི་ཡུལ་དེ་ནི་དབང་པོའི་ཤེས་པའི་དམིགས་པ་ཡིན་པར་འདོད་དེ།    རང་འཛིན་པའི་ཤེས་པ་རང་གི་རྣམ་ལྡན་དུ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར། ཞེས་འཆད་པ་ལ་དེ་ཉིད་ལས། གཟུགས་གཞན་དག་གི་བསགས་པ་ནི། །དེར་སྣང་བློ་ནི་སྐྱེ་ཕྱིར་རོ། །དེ་ནི་དམིགས་ཉིད་ཡིན་འདོད་དེ།   །དེར་སྣང་བློ་ཡི་རྒྱུར་འགྱུར་ཕྱིར།   །འདོད་ཆགས་བཞིན་ཏེ་དེ་ཡི་ཕྱིར། །ཁྱོད་དམ་བཅས་ལ་རྗེས་དཔག་གནོད།   །ཅེས་གསུངས་སོ།   །དེའི་གཏན་ཚིགས་ནི་རང་འགྲེལ་ལས།   རྡུལ་ཕྲ་རབ་རིགས་མཐུན་པ་བསགས་པའི་གཟུགས་དེ་ནི་དམིགས་པ་ཉིད་ཡིན་པར་འདོད་དེ། ཅིའི་ཕྱིར་ཞེ་ན། འདི་ལྟར་རྡུལ་ཕྲ་རབ་བསགས་པ་དེ་ནི་བསགས་པའི་གཟུགས་དེར་སྣང་བའི་བློའི་རྒྱུའི་དངོས་པོ་ཉིད་དུ་འགྱུར་བའི་ཕྱིར་ཏེ།   གང་དང་གང་དེར་སྣང་བའི་བློའི་རྒྱུར་གྱུར་པ་དེ་དང་དེ་ནི་བསགས་པ་ལ་དམིགས་པ་ཡིན་ཏེ། དཔེར་ན་འདོད་ཆགས་ཡུལ་ལ་ཆགས་པའི་མཚན་ཉིད་ནི་བུད་མེད་ཀྱི་གཟུགས་ལ་སོགས་པ་བསགས་པ་ཉིད་ལ་དམིགས་པར་འདོད་པ་བཞིན་ཏེ།   དེའི་ཕྱིར་ཁྱོད་ཀྱིས་བསགས་པའི་གཟུགས་ནི་དམིགས་པ་མ་ཡིན་ནོ་ཞེས་དམ་བཅས་པ་དེ་ལ་རྗེས་སུ་དཔག་པ་འདིས་གནོད་པར་འགྱུར་རོ། །ཞེས་གསུངས་སོ།   །
ལུང་དང་འགལ་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔའི་གནས་དང་དམིགས་པ་ནི་བསགས་པ་ཡིན་ནོ་ཞེས་གསུངས་པའི་ལུང་དང་འགལ་བ་ཡིན་ནོ། །གལ་ཏེ་ཁྱོད་ཀྱིས་རྡུལ་ཕྲ་རབ་འདུས་པ་དབང་ཤེས་ཀྱི་ཡུལ་མ་ཡིན་པར་བསྒྲུབ་ན་ནི་ཁོ་བོ་ཅག་ལ་སྐྱོན་དུ་མི་འགྱུར་ཏེ། ཁོ་བོ་ཅག་གིས་ཀྱང་རྡུལ་ཕྲ་རབ་འདུས་པ་དབང་ཤེས་ཀྱི་དམིགས་པ་ཡིན་པར་མི་འདོད་པའི་ཕྱིར་རོ། །ཞེས་འཆད་པར་དེ་ཉིད་ལས། འདུས་པ་དམ་ནི་མ་བཅས་པས། །དེ་འགོག་པ་ནི་གནོད་པ་མེད། །ཅེས་གསུངས་སོ།   །འོ་ན་བསགས་པ་དང་འདུས་པ་གཉིས་ཀྱི་ཁྱད་པར་ཅི་ཡིན་ཞེ་ན། རྡུལ་ཕྲ་རབ་རིགས་མཐུན་ཞིང་རྟེན་གཅིག་པའི་དབང་དུ་བྱས་པའི་ཚོགས་པ་ལ་བསགས་པ་ཞེས་ཟེར་ཏེ། དཔེར་ན་བུམ་པ་ལྟ་བུ་རང་གི་རྩོམ་གཞིར་གྱུར་པའི་རིགས་མཐུན་གྱི་རྡུལ་ཕྲ་རབ་དུ་མ་འདབ་འབྱར་བའི་ཚུལ་གྱིས་བསགས་པའོ།   །དམག་དང་ནགས་ཚལ་དང་འཕྲེང་བ་ལྟ་བུ་རྫས་རིགས་མི་མཐུན་པའི་རྡུལ་ཕྲ་རབ་རྟེན་གཞི་ཐ་དད་པ་དུ་མ་ཕྱོགས་གཅིག་ཏུ་ཚོགས་པ་ལ་འདུས་པ་ཞེས་བྱའོ།   །གཞན་ཡང་དམིགས་བརྟག་ལས་བཤད་པའི་དམིགས་རྐྱེན་འགོག་པ་དང༌།   སེམས་སེམས་བྱུང་རྫས་གཅིག་དང་ཐ་དད་བརྟག་ཚུལ་སོགས་མང་དུ་གསུངས་ཏེ། འདིར་མ་སྤྲོས་སོ།   །
སློབ་དཔོན་འདིས་རང་རིག་འགོག་པའི་རིགས་པ་ནི།    སེམས་ཙམ་པ་ན་རེ།   རྣམ་པར་ཤེས་པ་ཡུལ་དང་འཕྲད་པ་ན་ཆ་ཤས་གཉིས་ཀྱི་བདག་ཉིད་དུ་སྐྱེ་སྟེ།   ཡུལ་གཟུང་བའི་རྣམ་པ་ཅན་དུ་སྣང་བ་དང་ཡུལ་ཅན་འཛིན་པའི་རྣམ་པ་ཅན་དུ་སྣང་བའོ་ཞེས་ཟེར་བ་མི་འཐད་དེ།   ཡུལ་གྱི་རྣམ་པར་སྣང་བ་ལས་གཞན་དུ་ཡུལ་ཅན་རང་ཉིད་ཀྱི་རྣམ་པ་སྣང་བ་མེད་པའི་ཕྱིར་རོ།   །ཞེས་འཆད་པར་དེ་ཉིད་ལས། ཡུལ་དུ་སྣང་བ་མ་གཏོགས་པར། །སེམས་ཀྱི་བདག་ཉིད་གཞན་ཅི་ཡོད།   །ཅེས་གསུངས་སོ། །དེ་ལ་ཁོ་ན་རེ།   གཞན་མེད་པ་མ་གྲུབ་སྟེ།   ཤེས་པ་རང་ཉིད་རང་གི་ངོ་བོར་གནས་པའི་ཕྱིར་དང༌།ཡུལ་གཞན་གྱི་རྣམ་པ་ཅན་དུ་སྐྱེས་པའི་ཕྱིར་ཏེ། དཔེར་ན་ཤེལ་གྱི་ནོར་བུ་བཞིན་ནོ། །ཞེས་ཟེར་རོ།  །དེའི་དོན་ནི་ཤེལ་གྱི་གོང་བུ་སྔོན་པོ་ལ་སོགས་པའི་ཡུལ་དང་ཉེ་བར་བཞག་པ་ན་ཤེལ་གྱི་རང་གི་ངོ་བོ་ནི་གསལ་བ་ཡིན་ལ་ཡུལ་དང་ཉེ་བའི་དབང་གིས་སྔོན་པོ་ལ་སོགས་པའི་རྣམ་པ་ཅན་དུ་ཡང་ཡོད་དོ། །དཔེ་དེ་བཞིན་དུ་རྣམ་པར་ཤེས་པ་ལ་ཡང་ཡུལ་སྣང་བའི་ཚེ་ན་ཡུལ་དུ་སྣང་བ་གཟུང་བའི་རྣམ་པ་དང༌། རང་དུ་སྣང་བ་འཛིན་པའི་རྣམ་པ་གཉིས་ཡོད་དོ་ཞེས་འདོད་པའོ། །དེ་མི་འཐད་དེ།   དཔེ་ནི་བསྒྲུབ་པར་བྱ་བ་དང་མི་མཚུངས་པའི་ཕྱིར་ཏེ།   ཤེལ་གྱི་གོང་བུ་སྔོན་པོ་ལ་སོགས་པའི་ཡུལ་དང་ཉེ་བར་བཞག་པ་ན་ཡུལ་གྱི་དབང་གིས་རང་གི་ངོ་བོ་མ་བསྒྲིབ་པའི་གསལ་བ་ཡོངས་སུ་བཏང་ནས་སྔོན་པོ་ལ་སོགས་པའི་རྣམ་པ་ཅན་དུ་གྱུར་པ་ཡིན་གྱི་ཤེལ་གསལ་བའི་སྐད་ཅིག་མ་སྔ་མ་གང་ཡིན་པ་དེ་ཉིད་སྔོན་པོ་ལ་སོགས་་་པའི་རྣམ་པ་ཅན་དུ་གྱུར་པ་མ་ཡིན་ཏེ།   དེ་ནི་འགགས་ཟིན་པའི་ཕྱིར་རོ།   །དེས་ན་ཤེལ་གསལ་བའི་སྐད་ཅིག་མ་སྔ་མ་དེ་ཡུལ་ཉེ་བར་བཞག་པའི་དབང་གིས་འགགས་ནས་དེའི་སྐད་ཅིག་ཕྱི་མ་སྔོན་པོའི་རྣམ་ལྡན་དུ་སྐྱེས་པ་ལ་སྐད་ཅིག་མ་སྔ་མའི་ཤེལ་དེ་ཉིད་ཡིན་པར་སེམས་པ་ནི་བློ་འཁྲུལ་བའོ།   །ཞེས་འཆད་པར་དེ་ཉིད་ལས།   གཞན་ལྟར་སྐྱེས་ཕྱིར་དེ་གཉིས་སྣང༌། །ཤེལ་དང་འདྲ་བར་མི་འདོད་དེ།   །ཉེ་བར་བཞག་ལས་དེར་སྐྱེ་བ། །ཤེལ་གྱི་སྐད་ཅིག་མིན་ཕྱིར་རོ། ། དེ་འགགས་གཞན་ནི་སྐྱེས་པ་ལ།  །དེ་ཡི་བློ་ནི་འཁྲུལ་བར་འདོད། །ཅེས་གསུངས་སོ།  །   
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号