ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ཀླུ་སྒྲུབ་ཡབ་སྲས་ཀྱིས་མདོའི་དྲང་ངེས་ཕ
སྤེལ་དུས།03-30  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
གཞན་ཡང་ཁྱོད་ཀྱིས་ཀུན་བཏགས་པའི་ངོ་བོ་ཐམས་ཅད་དུ་འཁྲུལ་བར་བཤད་པ་མི་འཐད་དེ། དེ་ལྟ་ན་ཀུན་རྫོབ་ཀྱི་ཆོས་ལ་སྐུར་བ་འདེབས་པར་འགྱུར་བའི་ཕྱིར་དང༌།   ཀུན་རྫོབ་མེད་ན་སོ་སོ་རང་་གིས་རིག་པར་བྱ་བ་དོན་དམ་པའི་ངོ་བོ་ཡང་རྟོགས་པར་མི་ནུས་པའི་ཕྱིར།   དེ་ཉིད་ལས།   ཁྱོད་ནི་དངོས་ལ་སྐུར་འདེབས་འགྱུར། །རྣམ་པ་ཀུན་ཏུ་ཡུལ་འགོག་ཕྱིར། །ཞེས་དང༌།   རྟོག་གེ་འབར་བ་ལས།    གལ་ཏེ་སྒྲ་ཇི་བཞིན་གྱི་ངོ་བོ་ཉིད་མ་ཡིན་པའི་དངོས་པོ་སོ་སོ་རང་གིས་རིག་པར་བྱ་བ་དེ་ལྟ་བུ་ཅུང་ཞིག་ཡོད་དོ་ཞེ་ན།   དེ་ལྟ་ན་ཡང་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་པ་དང་འགལ་ཏེ། མདོ་སྡེ་ལས།   ཀུན་རྫོབ་ཀྱི་ཆོས་མེད་པར་དོན་དམ་པ་རྟོགས་པར་མི་ནུས་སོ་ཞེས་གསུངས་པའི་ཕྱིར་རོ། །ཞེས་གསུངས་སོ།   །
གཞན་ཡང་སེམས་ཙམ་པ་ན་རེ།    ཕྱི་རོལ་གྱི་ཡུལ་མེད་ཀྱང་མིང་དང་བརྡའ་ལ་བརྟེན་ནས་དོན་གྱི་མཚན་མར་སྣང་བ་འབྱུང་བར་འགྱུར་ལ། དེ་ལས་ཀུན་ཏུ་རྟོག་པ་མཐའ་དག་སྐྱེ་བར་འགྱུར་བས་ཀུན་བཏགས་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དུ་འཐད་དོ་ཞེ་ན།   དེ་ཡང་མི་འཐད་དེ།   མིང་དང་ཡི་གེ་དང་ངེས་པའི་ཚིག་དང་བརྡའ་མི་ཤེས་པའི་དུད་འགྲོ་བྱ་དང་རི་དྭགས་ལ་སོགས་པ་ལ་ཡང་ཉོན་མོངས་ཆེན་པོ་སྐྱེ་བ་མཐོང་བའི་ཕྱིར།   དེས་ན་ཉོན་མོངས་དེ་དག་སྐྱེ་བར་འགྱུར་བའི་ཡུལ་གཟུགས་ལ་སོགས་པའི་ཕྱི་རོལ་གྱི་དོན་ནི་ཡོད་པ་ཁོ་ནའོ།   །ཞེས་འཆད་པར་དེ་ཉིད་ལས། མིང་མེད་པར་ཡང་ཀུན་ཉོན་མོངས། །མིང་ལ་དོན་འཇུག་ལས་བྱུང་མིན།  །སྨྲ་མི་ཤེས་པའི་དུད་འགྲོ་ཡང༌།   །ཉོན་མོངས་སྐྱེ་བ་མཐོང་ཕྱིར་རོ། །ཞེས་དང་། ཕྱི་འགྲེལ་ལས། གང་དག་ལ་བརྟེན་ནས་ཉོན་མོངས་པ་སྐྱེ་བར་འགྱུར་བའི་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་དག་ཡོད་པ་ཁོ་ནར་ཤེས་པར་བྱའོ།  །ཞེས་གསུངས་སོ།   །གཞན་ཡང་སེམས་ཙམ་པ་ཁྱོད་ཀྱིས་གཞན་དབང་རང་གི་མཚན་ཉིད་ཀྱིས་ཡོད་པར་ཁོ་བོ་ཅག་ལ་བསྒྲུབ་པ་ནི་དོན་མེད་དེ། ཀུན་རྫོབ་ཏུ་བསྒྲུབས་ན་གྲུབ་ཟིན་བསྒྲུབ་པར་འགྱུར་བའི་ཕྱིར་ཏེ། ཁོ་བོ་ཅག་གིས་ཀྱང་གཞན་དབང་ཀུན་རྫོབ་ཏུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པའི་ཕྱིར་རོ།   །དོན་དམ་པར་རང་གི་མཚན་ཉིད་ཀྱིས་ཡོད་པར་བསྒྲུབས་ན་ནི་དེ་བས་ཀྱང་མི་འཐད་དེ། གཞན་དབང་དོན་དམ་པར་ཡོད་པར་བསྒྲུབ་པའི་རྟགས་ཆོས་གཉིས་ལྡན་གྱི་དཔེ་མི་རྙེད་པའི་ཕྱིར་རོ། །ཁྱོད་ཀྱིས། དངོས་རྣམས་ངོ་བོ་ཉིད་མེད་དེ།   །མངོན་བརྗོད་བདག་ཉིད་སྟོང་པའི་ཕྱིར། །ཞེས་པའི་གཏན་ཚིགས་ལ་འགལ་བའི་སྐྱོན་ཉིད་དུ་ཡང་འགྱུར་པའི་ཕྱིར་ཏེ། རྟགས་མངོན་པར་བརྗོད་བའི་བདག་ཉིད་ཀྱིས་སྟོང་པ་ཉིད་ཀྱིས་ཆོས་ཅན་གྱི་དངོས་པོ་དོན་དམ་པར་ཡོད་པ་བསལ་བའི་ཕྱིར་རོ། །ཞེས་འཆད་པ་ལ་དེ་ཉིད་ལས།གཞན་དབང་ཡོད་པ་ཉིད་སྨྲས་པ། །ཀུན་རྫོབ་ཏུ་ནི་གྲུབ་པ་བསྒྲུབས།   །གལ་ཏེ་དོན་དམ་དཔེ་མེད་ཅིང༌། །གཏན་ཚིགས་འགལ་བ་ཉིད་དུ་འགྱུར། །ཞེས་དང༌། དེའི་ཕྱི་འགྲེལ་ལས་ཀྱང་གསལ་བར་བཤད་དེ། མང་གིས་དོགས་ནས་མ་བྲིས་སོ།   །ཡང་ཁྱོད་ཀྱིས་གཉིས་ཀྱིས་སྟོངས་པའི་དེ་ཁོ་ན་ཉིད་ཡོངས་གྲུབ་དོན་དམ་པར་ཡོད་པར་འདོད་པ་ནི་མི་འཐད་དེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོན་དམ་པར་ཡོད་ན་དོན་དམ་པར་ཡོད་པའི་ཕྱིར་སྒྲོ་འདོགས་པའི་མཐའ་ལས་གྲོལ་བར་མི་ནུས་ལ།    གལ་ཏེ་དོན་དམ་པར་མེད་པའི་ངོ་བོ་ཉིད་དོན་དམ་པར་ཡོད་ན་སྐུར་བ་འདེབས་པའི་མཐའ་ལས་མི་གྲོལ་བའི་ཕྱིར་རོ། །གཞན་ཡང༌། ཡོངས་གྲུབ་དོན་དམ་པར་གྲུབ་ན་ཇི་ལྟ་བ་གཟིགས་པའི་ཡེ་ཤེས་དམིགས་པ་དང་བཅས་པར་ཐལ་བ་དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་མཉམ་པ་ཉིད་མ་ཡིན་པར་ཐལ་བའི་སྐྱོན་དུ་འགྱུར་བར་འཆད་པ་ལ་དེ་ཉིད་ལས།   ཡོད་དང་མེད་པའི་དངོས་ཉིད་ཀྱི།   །ངོ་བོ་དོན་དམ་ཉིད་ཡིན་ན།   །སྒྲོ་འདོགས་པ་དང་སྐུར་མཐའ་ལས།   །གྲོལ་བ་ཁྱོད་ལ་ཇི་ལྟར་ཡོད། །སྟོན་པ་དམིགས་མེད་མི་འགྱུར་ཏེ། །དེ་བཞིན་ཉིད་ལ་དམིགས་པའི་ཕྱིར། །བྱང་ཆུབ་མཉམ་ཉིད་མི་འགྱུར་ཏེ། དེ་ཉིད་རང་སྣང་ཐ་དད་ཕྱིར། །ཞེས་དང་། དེའི་ཕྱི་འགྲེལ་ལས།   ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་ལ་དམིགས་པ་ལྟ་ཡོད་ན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དམིགས་པ་མེད་པ་ཉིད་དུ་མི་འགྱུར་ཏེ། དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་རོ། །དེས་ན་ལུང་ལས།སངས་རྒྱས་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །མཚན་གཞི་མཚན་ཉིད་ངེས་གྲོལ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལ་སོགས་པ་དང་འགལ་ལོ། །སྟོན་པ་དེའི་བྱང་ཆུབ་ཀྱང་མཉམ་པ་ཉིད་དུ་མི་འགྱུར་ཏེ། གང་གི་ཕྱིར་ཞེ་ན།   ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱ་བའི་དེ་བཞིན་ཉིད་གཅིག་དང༌། རང་སྣང་བའི་ཡེ་ཤེས་གཉིས་ཐ་དད་པའི་ཕྱིར་ཏེ། དེ་ལྟར་གཉིས་ཡོད་ན་ངོ་བོ་ཉིད་གཉིས་མངོན་པར་རྟོགས་པ་དེ་ཇི་ལྟར་མཉམ་པ་ཉིད་དུ་འགྱུར།   ཞེས་སོ།   །
བྱང་ཆུབ་མཉམ་ཉིད་དུ་མི་འགྱུར་བར་ཐལ་བའི་སྐྱོན་འཕེན་ལུགས་དེ་ནི་སེམས་ཙམ་པས་ཡོངས་གྲུབ་བདེན་གྲུབ་ཏུ་འདོད་པར་མ་ཟད། དེ་ཁོ་ན་ཉིད་ལ་གཉིས་སྣང་ནུབ་པའི་སྒོ་ནས་མཉམ་པར་བཞག་པའི་གནས་སྐབས་སུ་ཡང་མཉམ་བཞག་ཡེ་ཤེས་དེ་ཉིད་མངོན་སུམ་དུ་རྟོགས་པའི་རང་རིག་མངོན་སུམ་མངོན་གྱུར་དུ་ཡོད་པར་འདོད་པ་ལ་གནོད་པ་སྟོན་པའོ། །གཞན་ཡང་སེམས་ཙམ་པ་ཁྱོད་ཀྱིས། ཡུལ་དབང་རྣམ་པར་ཤེས་པ་སྣ་ཚོགས་སུ་སྣང་བ་རྣམས་ནི་ཐོག་མ་མེད་པ་ནས་ཀུན་གཞིའི་རྣམ་པར་ཤེས་པ་ལ་རང་རང་གི་ནུས་པ་བཞག་པ་ཁོ་ནའི་དབང་གིས་གྲུབ་པར་འདོད་ན། དེ་ལྟ་ན་དེ་བཞིན་ཉིད་ལ་དམིགས་པའི་བློ་སོ་སོ་སྐྱེ་བོ་རྣམས་ཀྱི་རྒྱུད་ལ་སྐྱེ་བར་འགྱུར་པ་ནི་ཤིན་ཏུ་འགལ་བ་སྟེ།    སོ་སོ་སྐྱེ་བོ་དེ་དག་གི་རྒྱུད་ལ་སྔོན་ནམ་ཡང་དེ་བཞིན་ཉིད་ལ་དམིགས་པའི་བློའི་ནུས་པ་ཀུན་གཞིའི་རྣམ་པར་ཤེས་པ་ལ་བཞག་པ་མེད་པའི་ཕྱིར་རོ།   །གལ་ཏེ་ནུས་པ་དེ་མེད་བཞིན་དུ་སྐྱེ་ན་ནི་ཁྱོད་ཀྱི་ལུགས་ལ་དེ་བཞིན་ཉིད་ལ་དམིགས་པའི་བློ་ནི་རྒྱུ་མེད་པ་ཉིད་དུ་འགྱུར་ཏེ། ནམ་མཁའི་མེ་ཏོག་སྣང་བའི་བློ་བཞིན་ནོ། །ཞེས་འཆད་པར་དབུ་མ་སྙིང་པོ་ལས།    དེ་བཞིན་ཉིད་ལ་དམིགས་པའི་བློ།   །ནུས་པ་མ་བཞག་ག་ལས་འབྱུང༌། །ནམ་མཁའི་མེ་ཏོག་སྣང་བའི་བློ། །ནུས་པ་མ་བཞག་མི་རིགས་བཞིན།   །ཞེས་དང་། དེའི་ཕྱི་འགྲེལ་ལས། སྔོན་ནམ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ལ་ནུས་པ་མ་བཞག་པ་དེས་ཕྱིས་ཀྱངའཇོག་པར་མི་རིགས་ཏེ། ནམ་མཁའི་མེ་ཏོག་མཐོང་བའི་བློ་སྐྱེ་བར་མི་རིགས་པ་བཞིན་ནོ། །ཞེས་གསུངས་ཏེ།   རིགས་པ་འདི་དག་ནི་ཕ་རོལ་པོས་ཕྱི་རོལ་གྱི་དོན་མེད་ཀྱང་ནང་གི་ཀུན་གཞིའི་སྟེང་གི་ནུས་པའི་དབང་ཁོ་ན་ལས་ཡུལ་སྣང་འབྱུང་བར་འདོད་ཅིང་ནུས་པ་ཡང་བདེན་པར་གྲུབ་པར་འདོད་པས་ཐ་སྙད་ཙམ་དུ་ཡིན་ན་སྐྱོན་མེད་ཀྱང་བདེན་པར་གྲུབ་པ་ལ་ནུས་པ་ལན་ཅིག་མ་བཞག་པ་ཕྱིས་ཀྱང་འཇོག་ཏུ་མེད་པར་རིགས་པས་འཕུལ་བ་ཡིན་ནམ་སྙམ་ཏེ།                               
རྟོག་གེ་འབར་བ་ལས། གཞུང་ཚན་འདི་དག་གི་གོང་དུ། དེ་ནི་རྣམ་པ་ཀུན་ཏུ་བརྗོད་པ་མེད་པ་ཉིད་ཀྱང་ཡིན་ཏེ།   ངོ་བོ་ཉིད་སྟོང་པའི་ཕྱིར་རོ། །དེ་ལྟ་བའི་ངོ་བོ་ཉིད་ནི་དོན་དམ་པ་ཡིན་པར་སྦྱར་རོ། །ཞེས་དང༌།   རྩ་བ་ལས་ཀྱང༌། ངོ་བོ་དོན་དམ་ཉིད་ཡིན་ན། ཞེས་པ་ལས་འཕྲོས་པའི་ཕྱིར་རོ། །སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སེམས་ཙམ་པའི་མཚན་ཉིད་གསུམ་གྱི་རྣམ་བཞག་འགོག་པའི་ཚུལ་དབུ་མ་སྙིང་པོ་རྩ་འགྲེལ་ལས་ཤིན་ཏུ་རྒྱས་པར་གསུངས་པ་འདི་དག་སྔ་མ་སུས་ཀྱང་གསལ་བར་བཤད་པ་མི་སྣང་ལ་ཤིང་རྟ་ཆེན་པོའི་རིགས་པའི་གནད་ཤིན་ཏུ་ཕྲ་བ་ཞིག་ཏུ་འདུག་པས།   བློ་གྲོས་དང་ལྡན་པ་རྣམས་གཞུང་ལུགས་དེ་དག་ལ་གཟིགས་པའི་རྐྱེན་དུ་འགྱུར་རམ་སྙམ་ནས་བདག་གིས་བློ་གྲོས་ཆུང་ངུས་དཔོག་ཚོད་ཙམ་བྲིས་པ་ཡིན་པས་རྒྱས་པར་གཞུང་དེ་དག་ཉིད་དུ་གཟིགས་པར་འཚལ་ལོ།   །སློབ་དཔོན་འདིས་རྩ་ཤེས་འགྲེལ་བ་ཤེས་རབ་སྒྲོན་མ་ལས་ཀྱང་སེམས་ཙམ་པའི་མཚན་ཉིད་གསུམ་གྱི་རྣམ་བཞག་འགོག་ཚུལ་མདོར་བསྡུས་ཤིག་གསུངས་པ་ནི་རྗེ་བདག་ཉིད་ཆེན་པོས་ལེགས་བཤད་སྙིང་པོར་བཀའ་དྲིན་དུ་བསྩལ་བ་ལྟར་ཡིན་ལ་དེ་ནི་ཕྱོགས་གཞན་དུ་འཆད་པར་འདོད་དོ།   །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号