ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ཀླུ་སྒྲུབ་ཡབ་སྲས་ཀྱིས་མདོའི་དྲང་ངེས་ཕ
སྤེལ་དུས།03-30  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
གཉིས་པ་གྲུབ་མཐའི་འདོད་ཚུལ་བཤད་པ་དངོས་ནི། སྤྱིར་འཕགས་པའི་རྗེས་སུ་འབྲངས་པའི་དབུ་མ་པ་རྣམས་ཀྱིས་གཞིའི་སྐབས་སུ་གང་ཟག་དང་ཆོས་གང་ལའང་བདེན་པའི་རང་བཞིན་རྡུལ་ཙམ་ཡང་མེད་པ་དང༌།    དེ་ལ་ཐ་སྙད་དུ་རྣམ་བཞག་ཐམས་ཅད་གྲྭ་མ་ཉམས་པར་བཞག་པས་ཆོག་པའི་བདེན་གཉིས་ཀྱི་རྣམ་བཞག་བྱེད་ཚུལ་གཅིག་དང༌།   ལམ་གྱི་སྐབས་སུ་དེ་ཁོ་ན་ཉིད་རྟོགས་པའི་བློ་ངོར་མཚན་འཛིན་གྱི་དམིགས་གཏད་རྡུལ་ཙམ་ཡང་མེད་པའི་ལྟ་བ་མ་ནོར་བའི་ཟབ་མོའི་ལམ་གྱི་རིམ་པ་དང༌། སྐྱེས་བུ་ཆུང་འབྲིང་གི་བསམ་པ་སྦྱང་བ་སྔོན་དུ་འགྲོ་བ་ཅན་གྱི་བྱམས་པ་དང་སྙིང་རྗེས་དྲངས་པའི་བཅོས་མ་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་དང༌།   སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། བསྡུ་བའི་དངོས་པོ་བཞིས་བསྡུས་པའི་རྒྱ་ཆེ་བའི་ལམ་གྱི་རིམ་པ་རྣམས་ཕན་ཚུན་ཟུང་དུ་འབྲེལ་ཏེ་ཐབས་ཤེས་ཡ་མ་བྲལ་བའི་ལམ་ཡོངས་སུ་རྫོགས་པ་ལ་བསླབ་པ་ལ་བརྟེན་ནས། འབྲས་བུ་སྲིད་ཞི་གཉིས་ཆར་གྱི་མཐའ་ལ་མི་གནས་པའི་བྱང་ཆུབ་མངོན་དུ་བྱས་ཏེ་གཟུགས་ཀྱི་སྐུ་རྣམ་པ་གཉིས་ཀྱིས་གདུལ་བྱ་རིགས་ཅན་གསུམ་གྱི་དོན་ཇི་ལྟར་རིགས་པར་མཛད་པ་ཞིག་ཐེག་པ་ཆེན་པོའི་གཞི་ལམ་འབྲས་བུའི་རྣམ་བཞག་ཏུ་འདོད་པ་ནི་སྤྱིའི་གྲུབ་པའི་མཐའོ།         །
ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ཀྱིས་ཀྱང་གང་ཟག་གི་བདག་མེད་པ་ཙམ་ཞིག་ཐབས་ཀྱི་ཆ་དང་འབྲེལ་བར་ཚེ་གསུམ་དང་བསྐལ་པ་བརྒྱ་ལ་སོགས་པར་གོམས་པར་བྱས་པ་ལས་རང་གི་བྱང་ཆུབ་འཐོབ་པར་དབུ་མ་རང་རྒྱུད་པ་རྣམས་བཞེད་ལ།   གྲུབ་པ་བརྙེས་པའི་སློབ་དཔོན་སངས་རྒྱས་བསྐྱངས་དང་ཟླ་བའི་ཞབས་དང་རྗེ་བཙུན་ཞི་བ་ལྷ་རྣམས་ཀྱིས་ནི་དེ་དག་ལ་ཡང་ཆོས་ཀྱི་བདག་མེད་པ་རྟོགས་པ་ཡོད་པར་བཞེད་དོ། །དེ་ལ་ཐེག་པ་ཆེན་པོའི་རིགས་ཅན་དབང་པོ་རྣོན་པོ་བསྐལ་པ་གྲངས་མེད་གསུམ་གྱི་ལམ་གྱི་མགོ་རྩོམ་པའི་གང་ཟག་ལ་ཁྱད་པར་ཇི་ལྟ་བུ་ཞིག་ཚང་དགོས་སྙམ་ན།
དེ་ལ་ལམ་སྤྱིའི་ཆིངས་ནི།   རྗེ་བཙུན་བྱམས་པས། སངས་རྒྱས་སོགས་དམིགས་དད་པ་དང༌། །སྤྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང༌། །བསམ་པ་ཕུན་ཚོགས་དྲན་པ་དང༌།   །རྣམ་པར་མི་རྟོག་ཏིང་འཛིན་དང༌།   །ཆོས་རྣམས་རྣམ་པ་ཐམས་ཅད་དུ། ། ཤེས་པའི་ཤེས་རབ་དང་རྣམ་ལྔ།   །ཞེས་གསུངས་པ་ལྟར་ཡིན་ལ།    དེ་ལ་དད་པ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཚུལ་ཁྲིམས་སོགས་ལ་དམིགས་པའི་དད་པས་མཚོན་ནས་དཀོན་མཆོག་གསུམ་རྒྱུ་དང་འབྲས་བུས་བསྡུས་པ་མ་ལུས་པ་ལ་དད་པའི་དད་པ་ནི་སྐབས་འདིའི་དད་པ་ཡིན་ལ། དེ་ལྟ་བུའི་དད་པ་དེའི་ཡུལ་དུ་ཐེག་ཆེན་རྒྱུ་འབྲས་ཀྱི་ཆོས་མ་ལུས་པ་འདུ་བར་འགྱུར་བས་དེ་ལྟ་བུའི་དད་པ་སྐྱེས་ན་དད་པ་ལ་མཁས་པ་ཞེས་བྱའོ།   །དྲན་པ་ནི་བསམ་པ་ཕུན་ཚོགས་ཀྱི་གཙོ་བོ་བྱང་ཆུབ་ཏུ་སེམས་སྐྱེད་པ་ཡིན་ཞིང་དྲན་པ་དེའི་ཡུལ་དུ་ཡང་ཐེག་པ་གསུམ་གྱི་ལམ་མཐའ་དག་འགྱུར་བས་ན་དེ་ལྟ་བུའི་དྲན་པ་བྱུང་ན་དྲན་པ་ལ་མཁས་པ་ཞེས་བྱའོ།  །བརྩོན་འགྲུས་ནི་དེ་ལྟར་སེམས་སྐྱེད་ནས་སྤྱོད་པ་ལ་སློབ་པའི་ནན་ཏན་དང་བྲལ་ན་བྱང་ཆུབ་མི་འགྲུབ་པས་གོ་ཆའི་བརྩོན་འགྲུས་ཀྱི་སྒོ་ནས་སྤྱོད་པ་སྤྱི་ལ་ནན་ཏན་བསྐྱེད་པ་སྟེ། དེ་ལྟ་བུའི་བརྩོན་འགྲུས་བྱུང་ན་བརྩོན་འགྲུས་ལ་མཁས་པ་ཞེས་བྱའོ། །ཏིང་ངེ་འཛིན་དང་ཤེས་རབ་གཉིས་ཀྱིས་ནི་ཁྱད་པར་དུ་ཕར་ཕྱིན་ཐ་མ་གཉིས་ལ་སློབ་ཚུལ་སྟོན་ཅིང༌། དེ་ཡང་ཐེག་ཆེན་ཐུན་མོང་མ་ཡིན་པའི་ཞི་གནས་དང་ལྷག་མཐོང་བསྒོམ་པ་ནི་སྐབས་འདིའི་ཏིང་ངེ་འཛིན་དང་ཤེས་རབ་ལ་མཁས་པ་ཞེས་བྱའོ།   །
དེ་ལྟར་ན་སྐྱེས་བུ་ཆུང་འབྲིང་གི་བསམ་པ་སྦྱངས་པ་སྔོན་དུ་འགྲོ་བའི་སྒོ་ནས་ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་སུ་འགྲོ་བ་དང༌། གཞན་དོན་དང་བྱང་ཆུབ་དོན་དུ་གཉེར་བ་ཤུགས་དྲག་པོས་སྤྱོད་པའི་རྟེན་སེམས་བསྐྱེད་ནས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་ཆེན་པོ་ལ་སློབ་པ་སྟེ།   དེ་ལྟ་བུའི་ལམ་གྱི་སྤྱིའི་ཆིངས་ལ་མཁས་པར་བྱས་ནས།   མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཅེས་སོགས་ཀྱིས་བསྟན་པ་་ལྟར་ཟག་པ་མེད་པའི་ཡེ་ཤེས་སྡེ་ཚན་ཉི་ཤུ་རྩ་གཅིག   རྒྱས་པར་ཕྱེ་ན་བརྒྱ་དང་བཞི་བཅུ་ཞེ་བཞི་ཡོད་པའི་མངོན་པར་རྟོགས་པའི་རིགས་མ་ལུས་པ་ལ་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་ཆོད་ནས།བསྒོམ་པས་ཐམས་ཅད་ལ་མྱོང་བ་ལེགས་པར་ཐོན་པའི་མྱོང་བ་ཐོག་མར་སྐྱེས་པ་ན་གྲངས་མེད་གསུམ་གྱིས་འཚང་རྒྱ་བའི་ལམ་གྱི་མགོ་རྩོམ་པའམ་ལམ་ལ་ཐོག་མར་ཞུགས་པ་ཞེས་བྱའོ།  །
སྟོང་པ་ཉིད་ལ་བསྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་མྱོང་བ་ཐོན་པ་ནི་སྦྱོར་བའི་ལམ་གྱི་གནས་སྐབས་སུ་འབྱུང་མོད་ཀྱི། དེ་ལྟ་ན་ཡང་སྐབས་འདིར་ཡང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་གོམས་པར་བྱས་པ་སོགས་ནི་གདོན་མི་ཟ་བར་དགོས་སོ།   །དེ་ལྟར་ལམ་དུ་ཞུགས་པ་དེ་དག་གིས་ཀྱང་ཐེག་པ་ཆེན་པོའི་མཐོང་ལམ་འཐོབ་ཀྱི་བར་དུ་ནི་མཐོང་ལམ་གྱི་ཚེ་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱ་བའི་མངོན་པར་རྟོགས་པའི་རིགས་རྣམས་ཀྱང་གོམས་པ་ལྷུར་ལེན་པའི་ཚུལ་གྱིས་བསྒོམ་པར་བྱ་དགོས་པར་གསུངས་པས་དལ་འབྱོར་དོན་ཆེ་རྙེད་དཀའ་ནས་བཟུང་སྟེ་བདེན་པ་བཞིའི་རྣམ་པ་བཅུ་དྲུག་ལ་སོགས་པ་རྣམས་ཀྱང་ཐུན་མོང་མ་ཡིན་པའི་ལམ་གྱིས་ཟིན་པའི་སྒོ་ནས་བསྒོམ་པ་ལ་འབད་པར་བྱ་དགོས་སོ།   །
ས་ཐོབ་པའི་གནས་སྐབས་སུ་ཡང་མངོན་པར་རྟོགས་པའི་རིགས་མཐའ་དག་ཞི་ལྷག་ཟུང་དུ་འབྲེལ་བའི་སྒོ་ནས་དཔྱད་འཇོག་གི་སྒོམ་གཉིས་ཀ་བྱ་དགོས་ཤིང༌།   དེ་ཡང་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་སོགས་ཀྱི་སྒོ་ནས་ཉམས་སུ་ལེན་པ་སོགས་མདོར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་མཉམ་བཞག་དང་རྗེས་ཐོབ་ཀྱི་གནས་སྐབས་སུ་ཇི་ལྟར་རིགས་པར་སྐྱོང་བ་ལས་གཞན་པའི་ཉམས་ལེན་གྱི་རིམ་པ་མ་མཆིས་པས་རྒྱལ་ཚབ་དམ་པས་ཕར་ཕྱིན་དྲུག་ནི་ཉམས་ལེན་གྱི་སྡོམ་ཆེན་པོར་གསུངས་པ་ལ་ངེས་པ་རྙེད་པར་བྱའོ།   །
འདི་དག་ཀྱང་དབུ་མ་པ་ཆེན་པོ་རྣམས་ཀྱི་སྤྱིའི་ལུགས་ཡིན་ལ་ལས་དང་པོ་པས་ལམ་གྱི་རིམ་པ་ཇི་ལྟར་ཡིད་ལ་བྱ་བའི་ཚུལ་དང༌། ལམ་གྱི་བོགས་འདོན་གེགས་སེལ་སོགས་ཇི་ལྟར་བྱ་བའི་ཚུལ་དང༌།ལམ་གྱི་གོལ་ས་ངོ་ཤེས་ནས་འགོག་པར་བྱེད་པའི་ཚུལ་སོགས་རྒྱས་པར་ནི་རྒྱལ་བའི་དགོངས་པ་མཐར་ཐུག་ཤིང་རྟ་ཆེན་པོ་གཉིས་ལས་བརྐྱུད་པའི་མན་ངག །མཉམ་མེད་ཇོ་བོ་ཆེན་པོ་དང་རྗེ་བདག་ཉིད་ཆེན་པོས་ལེགས་པར་གསལ་བར་མཛད་པའི་ལམ་སྲོལ་ཆེན་པོ་ལ་སྦྱངས་པ་ལས་ཤེས་དགོས་ཤིང༌།    དེ་ཡང་རྗེ་ཡབ་སྲས་དང་དེའི་རྒྱུད་འཛིན་གྱི་དམ་པའི་སྐྱེས་བུ་རིམ་པར་བྱོན་པ་རྣམས་ཀྱིས་ཡི་གེ་རིས་སུ་མཛད་པའི་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རིམ་པའི་གདམས་པ་རྣམས་དང༌།   ཚུལ་དེ་ལ་ནང་བྱན་ཚུད་པའི་བཤེས་གཉེན་མཁས་པ་ཡུན་རིང་དུ་མཉེས་པར་བྱས་པ་ལས་ཤེས་པར་བྱའོ།   །
ཟབ་མོའི་ལམ་གྱི་རིམ་པ་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་རྒྱུད་ལ་བསྐྱེད་པའི་ཚུལ་བདག་མེད་གཉིས་གཏན་ལ་འབེབས་པའི་རྣམ་བཞག་ལ་འཕགས་པའི་རྗེས་འབྲང་ཆེན་པོ་རྣམས་ཀྱི་གཞུང་ལས་མི་འདྲ་བ་འབྱུང་ཞིང༌།   དེའི་གནད་ཀྱིས་ལམ་དང་འབྲས་བུའི་གནས་སྐབས་ཀྱི་རྣམ་བཞག་ལ་ཡང་མི་འདྲ་བ་ཅུང་ཟད་ཡོད་པ་རྣམས་ནི་ཤིན་ཏུ་རྒྱས་པར་རྗེ་ཡབ་སྲས་ཀྱི་གསུང་ལས་ཤེས་དགོས་ཤིང༌།   ཁོ་བོས་ཀྱང་གསུང་དེ་དག་ལ་བརྟེན་ནས་ཕྱོགས་གཞན་དུ་འཆད་པར་འདོད་མོད་ཀྱི་འོན་ཀྱང་འདིར་ནི་མདོར་བསྡུས་པ་ཙམ་བརྗོད་པར་བྱའོ། །དེ་ལ་གཉིས།   དབུ་མ་རང་རྒྱུད་པའི་ལུགས་བཤད་པ་དང༌།   དབུ་མ་ཐལ་འགྱུར་པའི་ལུགས་བཤད་པའོ།  །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号