ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ཀླུ་སྒྲུབ་ཡབ་སྲས་ཀྱིས་མདོའི་དྲང་ངེས་ཕ
སྤེལ་དུས།03-30  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
གཉིས་པ་ནི། སྦྱིན་པ་བཏང་པ་ལས་ལོངས་སྤྱོད་འབྱུང་བར་སྟོན་པ་ལྟ་བུ་སྟེ། དེའི་དོན་སྒྲ་ཇི་བཞིན་པར་བཟུང་བས་ཆོག་མོད་ཀྱང་སྦྱིན་པས་ལོངས་སྤྱོད་རྒྱ་ཆེན་པོ་བསྐྱེད་པ་དེ་དེའི་ཡིན་ལུགས་ཡིན་གྱི་དེ་མ་ཡིན་པའི་སྦྱིན་པའི་ཡིན་ལུགས་མེད་དོ་ཞེས་སྨྲ་བ་ལ།   སྦྱིན་པའི་ཡིན་ལུགས་ནི་དེ་ཙམ་མ་ཡིན་གྱི་དེ་ལས་གཞན་དུ་དེའི་དེ་ཁོ་ན་ཉིད་འཚོལ་དགོས་སོ་ཞེས་འཆད་པ་ལྟ་བུའོ།   །
ངེས་པའི་དོན་ནི་ཆོས་དང་གང་ཟག་ལ་བདག་དང་སྐྱེ་བ་སོགས་སྤྲོས་པ་རྣམ་པར་བཅད་པའི་ཚུལ་གྱིས་སྟོན་པ་ཡིན་ལ། དེ་ལ་ནི་དངོས་བསྟན་གྱི་དོན་དེ་ཉིད་གནས་ལུགས་མཐར་ཐུག་ཡིན་པས་དེ་ཕན་ཆད་དུ་དྲང་དུ་མེད་པ་དང༌།   དེ་ལས་གཞན་དུ་གང་ཟག་གཞན་གྱིས་དྲང་དུ་མི་རུང་བ་དང་དེ་ལ་སྒྲུབ་བྱེད་ཚད་མ་དང་ཡང་ལྡན་པས་ན་ངེས་བའི་དོན་ཏེ། དོན་ངེས་པའོ།   །
ས་བོན་ལས་མྱུ་གུ་སྐྱེ་བར་གསུངས་པ་ལྟ་བུ་ལ་སྒྲུབ་བྱེད་ཚད་མ་ཡོད་ཀྱང་དོན་དམ་པའི་དབང་དུ་མཛད་པ་མིན་པས་དྲང་དོན་ཏེ། ཀ་མ་ལ་ཤྰི་ལས། ངེས་པའི་དོན་ཡང་གང་ལ་བྱ་ཞེ་ན།   ཚད་མ་དང་བཅས་པ་དང་དོན་དམ་པའི་དབང་དུ་མཛད་ནས་བཤད་པ་གང་ཡིན་པ་སྟེ།   དེ་ནི་དེ་ལས་ལོགས་ཤིག་ཏུ་གཞན་གྱིས་གང་དུའང་དྲང་བར་མི་ནུས་པའི་ཕྱིར། ཞེས་ངེས་དོན་ལ་སྒྲུབ་བྱེད་ཚད་མ་དང་ལྡན་པ་དང་དོན་དམ་པ་སྟོན་པ་གཉིས་ཚོགས་དགོས་པར་གསུངས་སོ།   །ཇི་ལྟར་བསྟན་པ་ལྟར་གྱི་དོན་ཡོད་མེད་ཙམ་ལ་དྲང་ངེས་སུ་བྱེད་ན་ཚད་མ་དང་བཅས་པ་གཅིག་པུས་ཆོག་གི་དོན་དམ་པའི་དབང་དུ་མཛད་པ་ཞེས་པའི་ཁྱད་པར་སྦྱར་མི་དགོས་སོ།   །དེས་ན་ཤིང་རྟ་ཆེན་པོ་རྣམས་ཀྱི་གསུང་གི་ཟུར་རེ་རེ་ལ་ཡང་ནུས་པ་འདོན་ལུགས་ཁྱད་པར་བ་རེ་ཡོད་པ་ཞིབ་ཏུ་ཕྱེད་དགོས་སོ།  །
དྲང་ངེས་སུ་འཇོག་པ་ལ་ཡང་རྗོད་བྱེད་ཀྱི་སྒོ་ནས་ཕྱེ་ན་གསུང་རབ་འདིའི་དོན་གཞན་དུ་དྲང་དགོས་མི་དགོས་ལ་འཇོག་དགོས་པའི་ཕྱིར་གསུང་རབ་ཉིད་དྲང་ངེས་ཀྱི་མཚན་གཞིར་གཟུང་དགོས་ཏེ།དབུ་མ་སྣང་བ་ལས།   དེ་ལྟ་བས་ན་དོན་དམ་པ་བརྗོད་པ་ཁོ་ན་ངེས་པའི་དོན་ཡིན་ལ་བཟློག་པ་ནི་དྲང་པའི་དོན་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ།   །ཞེས་དང༌།   སྐྱེ་བ་མེད་པ་ལ་སོགས་པ་ཡང་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས་ངེས་པའི་དོན་ནོ་ཞེས་བསྟན་ཏེ།   ཞེས་གསུངས་སོ།   །
བརྗོད་བྱའི་དབང་དུ་བྱས་ནས་དྲང་ངེས་འབྱེད་ན་གཞན་དུ་དྲང་དགོས་མི་དགོས་ཀྱི་དོན་ཉིད་ལ་དྲང་ངེས་སུ་འཇོག་དགོས་པས་ཀུན་རྫོབ་བདེན་པ་ལ་དྲང་དོན་དང་དོན་དམ་བདེན་པ་ལ་ངེས་དོན་དུ་འཇོག་པ་ཡིན་ཏེ།   འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྙིང་པོའི་རྒྱན་གྱི་མདོ་ལས། ངེས་པའི་དོན་གང་ཡིན་པ་དེ་ནི་དོན་དམ་པའོ། ། ཞེས་དང༌། སྔར་དྲངས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོའི་ལུང་གིས་ཀྱང་འགྲུབ་བོ།  །
དེ་ཡང་སྒོམ་རིམ་བར་པ་ལས།  བཅོམ་ལྡན་འདས་ཀྱི་བཀའ་ཐམས་ཅད་ནི་ལེགས་པར་གསུངས་་པ་སྟེ། མངོན་སུམ་དུའམ་བརྒྱུད་པས་དེ་ཁོ་ན་མངོན་དུ་གསལ་བར་བྱེད་པ་དང་དེ་ཁོ་ན་ལ་གཞོལ་བ་ཉིད་དོ།  ། ཞེས་གསུངས་པ་ལྟར་རྒྱལ་བས་ཆོས་ཇི་སྙེད་ཅིག་གསུངས་པ་རྣམས་ཐར་པ་འཐོབ་པའི་ཆེད་དུ་ཡིན་ལ། ཀུན་རྫོབ་ཀྱི་བདེན་པ་ཙམ་གོམས་པ་ལས་དེ་འཐོབ་མི་ནུས་ཤིང༌། དེ་ལས་གཞན་དུ་དྲངས་ཏེ་དེ་ཁོ་ན་ཉིད་བཙལ་ནས་བསྒོམ་པའི་སྟོབས་ཀྱིས་ཐར་པ་འཐོབ་དགོས་པ་ཉིད་ཤེས་པ་ལ་རག་ལས་སོ།  ། ཡུམ་གྱི་མདོ་ལས་གཟུགས་མེད། གཟུགས་ཀྱི་སྐྱེ་བ་མེད། ཅེས་སོགས་གསུངས་པ་ངེས་དོན་གྱི་མདོ་མ་ཡིན་པར་འགྱུར་ཏེ། སྒྲ་ཇི་བཞིན་དུ་གཟུང་དུ་མི་རུང་བའི་ཕྱིར་རོ་སྙམ་ན། དེ་དག་སྒྲ་ཇི་བཞིན་པ་མ་ཡིན་པའི་མདོ་མ་ཡིན་ཏེ། འབུམ་རྒྱས་པ་ཉིད་ལས།   དེ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ།   །ཞེས་དགག་བྱའི་ཁྱད་པར་སྦྱར་ནས་གསུངས་པའི་ཕྱིར་དང་། དེ་ལྟར་སྐབས་གཅིག་ཏུ་དགག་བྱའི་ཁྱད་པར་སྦྱར་ཕྱིན་གཞུང་དེའི་བར་སྐབས་སུ་དགག་བྱའི་ཁྱད་པར་མ་སྦྱར་བའི་ཚིག་བྱུང་བ་ལའང་དོན་གྱིས་སྦྱར་ཟིན་པ་ཡིན་པས་སྐབས་དེར་དངོས་སུ་མ་སྨོས་ཀྱང་དེ་སྒྲ་ཇི་བཞིན་པ་མ་ཡིན་པར་མི་འགྱུར་རོ།   །
འདི་ལ་རང་རྒྱུད་པ་ལྟར་ན་ཤེར་ཕྱིན་འབུམ་པ་ལྟ་བུ་མདོ་དེའི་ནང་དུ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་སྦྱར་བའི་ཚིག་བྱུང་བ་རྣམས་སྒྲ་ཇི་བཞིན་པའི་ངེས་དོན་དང༌།   ཤེས་རབ་སྙིང་པོ་ལྟ་བུ་མདོ་དེའི་ནང་དུ་དགག་བྱ་ལ་བདེན་པའི་ཁྱད་པར་གསལ་བར་སྦྱར་བའི་ཚིག་མེད་པ་རྣམས་ནི་སྒྲ་ཇི་བཞིན་པར་གཟུང་དུ་མི་རུང་བས་གཞན་དུ་དྲང་དགོས་པའི་དྲང་དོན་དུ་བཞེད་པས། མདོ་སྡེ་དགོངས་འགྲེལ་གྱིས་འཁོར་ལོ་བར་པ་དྲང་དོན་དུ་གསུངས་པ་ནི་འཁོར་ལོ་བར་པ་ཐམས་ཅད་ལ་ཟེར་རྒྱུ་མིན་ཞེས་་བཞེད་དོ། ། ཐལ་འགྱུར་བས་ཤེས་རབ་སྙིང་པོ་ལ་སོགས་པ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་མ་སྦྱར་བའི་འཁོར་ལོ་བར་པའི་མདོ་རྣམས་ཀྱང་ཡུམ་འབུམ་པ་ལྟ་བུའི་དོན་དམ་གྱི་ཁྱད་པར་གསལ་བར་སྦྱར་བའི་མདོ་སྡེ་དང་རིགས་མཐུན་པས་དེ་དག་ལའང་དགག་བྱའི་ཁྱད་པར་དོན་གྱིས་སྦྱར་བ་ཡིན་པས་སྒྲ་ཇི་བཞིན་པའི་ངེས་དོན་ཁོ་ནར་བཞེད་དོ།  ། གཟུགས་མེད།   སྒྲ་མེད་ཅེས་པ་ལ་སོགས་པའི་མདོ་ཚིག་གིས་གཟུགས་སྒྲ་སོགས་ཡེ་མེད་དུ་བསྟན་པ་ནི་སྒྲས་ཟིན་ལའང་བྱ་མི་རུང་བས།  གཟུགས་མེད་ཅེས་པའི་མདོ་ཚིག་དེ་གཟུགས་མེད་པར་བསྟན་པའི་མདོ་ཚིག་མིན་དགོས་སོ། །དེ་ལྟར་བྱས་ན་མགོན་པོ་ཀླུ་སྒྲུབ་ཀྱིས་ཕྱི་ནང་གི་རྒྱུ་འབྲས་རྣམས་ལ་བདེན་པའི་རང་བཞིན་ཡོད་པ་ལ་རྒྱུ་རྐྱེན་ལ་ལྟོས་པར་འགལ་བ་ལ་སོགས་པའི་གནོད་བྱེད་མང་དུ་བསྟན་ཅིང༌།  བདེན་པའི་རང་བཞིན་མེད་པ་ལ་འཆིང་གྲོལ་གྱི་རྣམ་བཞག་ཐམས་ཅད་འཐད་པར་སྒྲུབ་བྱེད་དུ་མས་བསྒྲུབས་པ་ནི་ཡུམ་གྱི་མདོ་ལ་སོགས་པའི་དེ་ཁོ་ན་ཉིད་སྟོན་པའི་མདོ་རྣམས་ངེས་པའི་དོན་དུ་བསྒྲུབས་པ་དང༌། དེ་དག་དང་མི་མཐུན་པར་སྟོན་པའི་མདོ་རྣམས་དྲང་པའི་དོན་དུ་བསྒྲུབས་པ་ཡིན་པས་རྩ་བ་ཤེས་རབ་ལ་སོགས་པའི་རིགས་པའི་ཚོགས་རྣམས་ཀྱིས་དྲང་ངེས་འབྱེད་པའི་ཤིང་རྟའི་སྲོལ་ཕྱེད་དང་།  དྲང་ངེས་འབྱེད་ཚུལ་དེ་ཡང་བློ་གྲོས་མི་ཟད་པའི་མདོ་ལ་བརྟེན་པར་ཀླུ་སྒྲུབ་རང་ཉིད་ཀྱིས་དོན་གྱིས་བཤད་པའི་ཚུལ་ཡང་དེས་ཤེས་པར་འགྱུར་རོ།  །
འོ་ན་མདོ་སྡེ་དགོངས་འགྲེལ་ལས།   གཞན་དབང་བདེན་པར་མེད་པར་མཐོང་ན་མཚན་ཉིད་གསུམ་ཀ་ལ་སྐུར་འདེབས་ཀྱི་ལྟ་བ་སྐྱེ་བར་གསུངས་པ་ཇི་ལྟར་དྲངས་སྙམ་ན། དེ་ནི་ཐེག་པ་ཆེན་པོའི་རིགས་ཅན་ཡིན་ཀྱང་དེ་ཁོ་ན་ཉིད་རྟོགས་པའི་བློ་མཆོག་དང་མི་ལྡན་པའི་གདུལ་བྱའི་བསམ་པའི་དབང་གིས་དེ་ལྟར་གསུངས་པ་ཡིན་ཏེ། དེ་ཉིད་རྟོགས་པའི་བློ་མཆོག་དང་ལྡན་པའི་གདུལ་བྱ་ལ་གཞན་དབང་བདེན་མེད་དུ་རྟོགས་པ་ཉིད་སྐུར་འདེབས་ཀྱི་ལྟ་བ་འགོག་པའི་ཐབས་སུ་འགྱུར་བའི་ཕྱིར་རོ།  །
དེས་ན་སྤྱིར་ཡུམ་གྱི་མདོ་ལ་སོགས་པའི་འཁོར་ལོ་བར་པ་ངེས་དོན་དང་དགོངས་འགྲེལ་ལ་སོགས་པའི་འཁོར་ལོ་ཐ་མ་དྲང་དོན་ཡིན་ཀྱང་གདུལ་བྱ་དེ་ལ་ལྟོས་ཏེ་ཐ་མ་ངེས་དོན་དང་བར་པ་དྲང་དོན་དུ་འགྲོ་བ་མི་འགལ་ཏེ། དཔེར་ན་སྦྱིར་བདག་དང་བདག་མེད་བསྟན་པ་གཉིས་ལས་ཕྱི་མ་མཆོག་ཡིན་ཀྱང་རེ་ཞིག་བདག་མེད་བསྟན་པའི་སྣོད་དུ་མི་རུང་བའི་གདུལ་བྱ་རྣམས་ཀྱི་ངོར་སྔ་མ་མཆོག་ཡིན་པ་མི་འགལ་བ་བཞིན་ནོ།   །
དེས་ན་ཇི་སྲིད་གདུལ་བྱ་དེའི་བློ་ངོར་ཆོས་ཐམས་ཅད་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པ་དང༌། དེ་ལ་རྣམ་བཞག་ཐམས་ཅད་བཞག་པས་ཆོག་པ་གཉིས་མི་འགལ་བར་ཤེས་མི་ནུས་པ་དེ་སྲིད་དུ་ཆོས་ཅན་གྱི་དངོས་པོ་ཁ་ཅིག་བདེན་ལ་ཁ་ཅིག་མི་བདེན་པའི་རྣམ་དབྱེ་མཛད་ནས་དེ་ལ་ཆོས་བསྟན་དགོས་ཏེ།   དེ་ལ་བདག་མེད་པའི་ཕྱོགས་རེ་བསྟན་ནས་རིམ་གྱིས་འཁྲིད་དགོས་པའི་ཕྱིར་དང༌། དེ་ལ་བསྟན་པའི་བདག་མེད་དེ་ཡང་གང་ལ་འཇོག་པའི་གཞི་བདེན་པ་བ་མེད་ན་ཁོའི་བློ་ངོར་བཞག་ཏུ་མི་རུང་བའི་ཕྱིར་རོ།  །
དེའི་ཕྱིར་གང་ཟག་ལ་རང་བཞིན་བཀག་ནས་ཕུང་པོ་ལ་མ་བཀག་པ་དང།   གཟུང་འཛིན་རྫས་གཞན་བཀག་ནས་གཉིས་སྟོང་ལ་རང་བཞིན་མི་འགོག་པའི་ཚུལ་གསུངས་པ་རྣམས་ཀྱི་རྒྱུ་མཚན་ཡང་དེ་ཡིན་ནོ།   །འདི་དག་ལས་བརྩམས་ཏེ་ད་དུང་ཞིབ་ཏུ་བཤད་དགོས་པ་མང་དུ་ཡོད་ཅིང་འདི་དེག་ལེགས་པར་ཤེས་པ་ནི་བློ་གྲོས་དང་ལྡན་པ་རྣམས་ལ་རྒྱལ་བའི་བཀའ་དང་དེའི་དགོངས་པ་འགྲེལ་བའི་ཚད་ལྡན་གྱི་བསྟན་བཅོས་རྣམས་ལ་བཅོས་མ་མ་ཡིན་པའི་དད་པ་བརྟན་པོ་སྐྱེ་བའི་སྒོ་མཆོག་ཏུ་གྱུར་པར་སྣང་ངོ་།     །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号