ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ཀླུ་སྒྲུབ་ཡབ་སྲས་ཀྱིས་མདོའི་དྲང་ངེས་ཕ
སྤེལ་དུས།03-30  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
རྣམ་པར་ཐར་པ་བྱེ་བ་ཕྲག་བརྒྱར་འཛིན་ལ་ཕུལ་དུ་བྱུང་བ་ཉིད་དུ་བདག་གྱུར་ཅིག །རྒྱལ་བ་མཆོག་གི་བཤེས་གཉེན་རྒྱ་མཚོའི་སྤྱན་སྔར་བསྐལ་པ་རྒྱ་མཚོར་སྐད་ཅིག་རེ་རེ་ཞིང༌། །ཀུན་བཟང་སྤྱོད་པ་རྒྱ་མཚོ་ཡོངས་སུ་རྫོགས་པར་སྤྱོད་ཅིང་ཐུགས་ཀྱི་གསང་བ་རྒྱ་མཚོའི་མཛོད། །ཡང་དག་འཛིན་པས་སེམས་ཅན་རྒྱ་མཚོ་མཐའ་དག་སྲིད་པའི་རྒྱ་མཚོ་ཆེ་ལས་སྒྲོལ་བ་ལ།   །རྨད་བྱུང་སྙིང་སྟོབས་རྒྱ་མཚོའི་དཔལ་གྱིས་རྩེན་པའི་རྒྱལ་སྲས་རྒྱ་མཚོའི་ཐུ་བོར་བདག་གྱུར་ཅིག །བདག་གི་བསོད་ནམས་རབ་ཏུ་དཀར་བ་འདིར་ནི་དགེ་བའི་ཆ་ཤས་སྐད་ཅིག་ཇི་སྙེད་མཆིས་པ་གང༌།    །དེ་སྙེད་གྲངས་ཀྱི་བསྐལ་པ་དུ་མར་རྒྱལ་སྲས་རྣམས་ཀྱིས་ཟབ་ཅིང་རྒྱ་ཆེའི་ཐེག་མཆོག་ཆོས་ཀྱི་གཏམ།  ། རྒྱ་ཆེར་སྒྲོགས་པའི་སྐལ་བ་བཟང་པོས་འཇིག་རྟེན་འདི་དག་སྙིང་ལ་ཡ་མཚན་བདེ་བ་སྐྱེད་བྱེད་པའི།   །ཡ་མཚན་དཔལ་མཆོག་དེ་ནི་ཐུབ་པ་རྣམས་ཀྱི་འཕྲིན་ལས་ཇི་བཞིན་འདིར་ཡང་ཉམས་པ་མེད་གྱུར་ཅིག །གང་ན་རྟག་དང་ཆད་པར་སྨྲ་བའི་ཚོགས་ཀྱིས་ཀུན་ཏུ་ལུས་ཅན་ཕན་བདེའི་ཟུག་རྔུ་རྣམ་པར་སྐྱེད་བྱེད་པ།   ། དེར་ནི་བདག་ནི་ཐུབ་པའི་ལུགས་མཆོག་རིགས་ཚུལ་དྲང་པོའི་རྔ་ཆེན་བརྡུང་བའི་དཔའ་བོའི་དབང་པོར་ལེགས་གྱུར་ཏེ། །སྨྲ་ངན་མུན་པ་མཐར་བྱེད་རྒྱལ་བའི་གདུང་འཚོབ་ཆོས་ཀྱི་སྲིད་ལ་འགྲོ་རྣམས་བདེ་བླག་ཉིད་དུ་འགོད་པ་ལ།  །མཆོག་ཏུ་་བསྔགས་པའི་ཅོད་པཎ་དཀར་པོས་རྒྱལ་བ་རྣམས་ཀྱིས་བདག་གི་མགོ་ལ་དགེ་ལེགས་སྟེར་གྱུར་ཅིག  །
མཇུག་བྱང༌།
ཅེས་གྲུབ་པའི་མཐའི་རྣམ་པར་བཞག་པ་གསལ་བར་བཤད་པ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ཞེས་བྱ་བ་འདི་ནི་དང་པོར་སེམས་དཔའ་ཆེན་པོ་རྗེ་བཙུན་ཆོས་རྒྱ་མཚོ་བ་དང་སྡེ་སྣོད་འཛིན་པའི་དགེ་བའི་བཤེས་གཉེན་ཆེན་པོ་དཀའ་ཆེན་ཤེས་རབ་དར་རྒྱས་པ་དང་རྗེ་གྲུབ་པའི་དབང་ཕྱུག་འདུལ་འཛིན་བློ་བཟང་ཆོས་འཛིན་པ་སོགས་ཀྱི་བཀའ་དྲིན་ལས་མདོ་སྔགས་ཀྱི་གསུང་རབ་དུ་མ་ལ་དཔྱོད་པའི་སྒོ་མང་དུ་རྙེད་ཅིང༌། ཕྱིས་སུ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱལ་སྲིད་འདོད་དགུར་དབང་བསྒྱུར་པའི་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་བློ་བཟང་བསྐལ་བཟང་རྒྱ་མཚོའི་ཞལ་སྔ་ནས་ལས་དམ་པའི་་ཆོས་ཀྱི་བདུད་རྩིའི་བགོ་སྐལ་བླངས་པ་དང༌།   གཞན་ཡང་བཤེས་གཉེན་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོས་བླངས་ཤིང་མཁས་པ་རྣམས་དང་དཀའ་བའི་གནས་ལ་འབེལ་བའི་གཏམ་ཀྱང་མང་དུ་བགྱིས་པ་དང༌།་ཁྱད་པར་དུ་རྗེ་རྒྱལ་བ་གཉིས་པའི་རྒྱལ་ཚབ་དམ་པ་ཕྱི་ནང་གི་རྟེན་འབྲེལ་རྣམས་ཆུའི་ཟླ་བ་ལྟར་གཟིགས་ཤིང་བྱང་ཆུབ་ཀྱི་ཐུགས་ལྷག་པར་འབྱོངས་པ་རིམ་གཉིས་ཀྱི་ཏིང་འཛིན་ལ་མངའ་བརྙེས་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་བཙུན་དམ་པ་ཁྲི་ཆེན་ངག་དབང་མཆོག་ལྡན་པའི་ཞལ་སྔ་ནས་ལས་དཔལ་མཉམ་མེད་རི་བོ་དགེ་ལུགས་པའི་མདོ་སྔགས་ཀྱི་བཤད་སྲོལ་དུ་མ་དང་ཁྲིད་ཆེན་བརྒྱད་སོགས་ལེགས་པར་ཐོབ་པའི་བཀའ་དྲིན་ལས་རང་གཞན་གྱི་གྲུབ་པའི་མཐའ་དུ་མ་དང༌། རྒྱལ་བའི་གསུང་རབ་རབ་འབྱམས་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་རྒྱས་ཤིང་བློ་བཟང་རྒྱལ་བའི་རིང་ལུགས་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་པའི་སྙོམས་ལས་པ་དགེ་སློང་ཡེ་ཤེས་བསྟན་པའི་སྒྲོན་མེ། འཇམ་དབྱངས་གོང་མའི་ལུང་གིས་བཀྭན་ཏིང་ཕུའུ་ཤན་བཀྭང་ཚི་ཏཱ་ཀོ་ཤི་ཞེས་བསྔགས་པ་ལྕང་སྐྱ་རོལ་པའི་རྡོ་རྗེར་གྲགས་པས་རང་ཉིད་གཞུང་ལུགས་ཆེན་མོ་རྣམས་ལ་བག་ཆགས་འཇོག་པའི་ཕྱིར་དང༌། སྐལ་མཉམ་གཞན་ལའང་ཕན་པའི་བསམ་པས་ཀུན་ནས་བསླངས་ཏེ་སྔར་སེམས་ཙམ་ཡན་ཆད་བསྒྲིགས་པ་ལ་མཁྱེན་རབ་ཀྱི་གཏེར་ཆེན་པོ་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་རིན་པོ་ཆེའི་མཛོད་འཛིན་པ་ཁྲི་ཆེན་སྤྲུལ་པའི་སྐུ་བློ་བཟང་བསྟན་པའི་ཉི་མ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་གཟིགས་ནས་ངོ་མཚར་རྨད་དུ་བྱུང་བའི་ལེགས་བཤད་ཅིག་ཡོང་བར་འདུག་པས་ཅིས་ཀྱང་མཇུག་གྲུབ་པར་གྱིས་ཞེས་དངུལ་མཎ་ལྷ་རྫས་བཅས་བཀའ་བསྩལ་བ་དང་དུ་བླངས་ཏེ་རྒྱལ་ཁབ་ཆེན་པོའི་ཉེ་འདབས་རི་བོ་སྤོས་ལྡན་གྱི་འགྲམ་དམ་ཆོས་དགའ་ཚལ་དུ་སྦྱར་བའི་ཡི་གེ་པ་ནི་ཤིང་ས་ལ་ཆེན་པོ་ལྟ་བུའི་རིགས་མཐོན་པོར་སྐྱེས་ཤིང་བློ་གྲོས་རྨད་དུ་བྱུང་བ་ཐུ་མེད་ལྷ་བཙུན་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དང༌། གླེགས་བམ་དུ་འབྲི་བ་པོ་ནི་དད་བརྩོན་རྣམ་དཔྱོད་མཆོག་ཏུ་ཡངས་པའི་དགེ་སློང་བསོད་ནམས་ཕུན་ཚོགས་ཀྱིས་བགྱིས་པའོ།  །འདིས་ཀྱང་ཐུབ་བསྟན་སྤྱི་དང་ཁྱད་པར་རྒྱལ་བ་བློ་བཟང་གྲགས་པའི་རིང་ལུགས་དྲི་མ་མེད་པ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པ་དང་།   འགྲོ་བ་མཐའ་དག་ཀྱང་རྒྱལ་བའི་བསྟན་པ་ལ་ལེགས་པར་ཞུགས་ཏེ་ཕན་བདེའི་དཔལ་བཟང་པོ་ལ་རྣམ་པ་ཀུན་ཏུ་སྤྱོད་པར་གྱུར་ཅིག །  ། །
པར་བྱང་༌།
ཡིད་འོང་རྣམ་པར་དགེ་བའི་ཞབས་སྐྱེས་མཆོག   །ཚངས་དབང་གཙུག་ཏོར་རྩེ་མོར་མངོན་བཞད་པ། །སྟོབས་བཅུའི་སྙེམས་པ་འཆང་པའི་ཤཱཀྱའི་ཏོག །གང་དེར་སྒོ་གསུམ་གུས་པས་ཕྱག་བགྱིད་དོ།  །ཐུབ་པ་མཆོག་གི་རིང་ལུགས་གཞལ་མེད་ཁང༌། །ངོ་མཚར་ཡོན་ཏན་ནོར་བུ་བྱེ་བའི་འོད། །རྣམ་པར་འཁྱུགས་པའི་དཔལ་ལ་འཇུག་པའི་སྒོ། །གྲུབ་མཐའ་རྒྱ་མཚོའི་བཞེད་གཞུང་འདི་ན་གསལ། །མཐའ་ཡས་གཞུང་ལུགས་འདབ་བརྒྱའི་བཅུད་མྱང་པས། །བློ་གྲོས་ལང་ཚོ་མངོན་པར་རྒྱས་པ་ཅན།   །རིག་པའི་དར་དིར་འབུམ་ཕྲག་སྒྲོགས་མཁས་པ། །དེ་ཡི་ཁ་ལས་ལེགས་བཤད་དབྱངས་འདི་བྱུང༌།   །ལོག་སྨྲ་འདམ་བུའི་ཚལ་ལ་མི་བཟད་པའི། །འཇིགས་པ་སྟེར་མཁས་དཔུང་བའི་ཤུགས་ལྡན་པ།   །ཕྱོགས་ཀྱི་གླང་པོ་འཁུན་པའི་སྒྲ་སྐད་དེ། །སྨྲ་བའི་སེང་གེའི་ང་རོ་ཞེས་ཀྱང་བྱ།   །དེ་ལྟར་དཔྱད་གསུམ་རྣམ་པར་དག་པའི་འོད། །མུན་པའི་གཞུང་ལུགས་འཇིག་ལ་མངོན་གནས་ཤིང༌། །ཐུབ་པའི་བསྟན་ལ་དགེ་ལེགས་སྟེར་བྱེད་པ། །ཕུལ་བྱུང་གཏམ་གྱི་སྦྱོར་བའི་ཉིན་བྱེད་འདི།   །གཏན་པ་མེད་པའི་ཆོས་སྦྱིན་སྤེལ་བའི་ཕྱིར། །རིགས་རུས་དད་སྟོབས་བསོད་ནམས་མངོན་མཐོ་བ། །ཨུ་ཇུ་མུ་ཆིན་ཕུན་ཚོགས་རབ་བརྟན་ཝང༌། །ཧར་ཆིན་རཏྣ་སིངྷི་ཇུན་ཝང་དང༌། །སོང་ཉོད་པེའི་ལི་ཕུན་ཚོགས་མིང་ཅན་དང༌། དད་ལྡན་ཨེ་ཕུ་བློ་བཟང་དོན་གྲུབ་ཀྱིས། །དངོས་པོའི་མཐུན་རྐྱེན་གྱ་ནོམ་ལེགས་སྦྱར་ཏེ།    །བཀོད་ལེགས་སྤར་གྱི་དགའ་སྟོན་མཆོག་ཏུ་བསྒྲུབས། །ཇ་སག་བླ་མ་བློ་བཟང་ཆོས་འཕེལ་གྱིས།   །གང་ཅིའི་བཀོད་ཁྱབ་ལེགས་པར་བགྱི་བ་ལས། །ཡི་གེ་འདུ་བྱེད་དགེ་འདུན་དོན་གྲུབ་དང༌། །དོ་དམ་དགེ་སློང་ཕུན་ཚོགས་རྒྱུ་མཚོས་བྱས། །ཞུས་ཆེན་ཆོས་རྗེ་བློ་བཟང་རྣམ་རྒྱལ་དང༌། །ཨུ་རད་ཞབས་དྲུང་བསྐལ་བཟང་བསྟན་འཛིན་དང༌། །དགེ་སློང་དགེ་ལེགས་ནམ་མཁའ་བཅས་པ་ཡིས། །ལྷག་བསམ་ཟླ་བའི་མཆེད་ཟླར་ལེགས་པར་བསྒྲུབས། །འདིར་འབད་དགེ་བ་ཇི་སྙེད་ཐོབ་པ་དེས། །ཉི་མའི་གཉེན་གྱི་རིང་ལུགས་བདུད་རྩིའི་མཚོ། །སྙིགས་མའི་དྲི་མས་ནམ་ཡང་མི་རྙོགས་པར། །སྐྱེ་དགུའི་ཕན་བདེའི་གསོས་སུ་རྟག་འཕེལ་ཤོག  །དམ་པའི་སྐྱེ་བོ་གང་ན་སུ་གནས་པ། །དེ་དག་ཀུན་གྱི་སྐུ་ཚེ་མཛད་པ་དང༌། །འཁོར་དང་ལོངས་སྤྱོད་བཞེད་དགུ་མ་ལུས་པ།  །ལྷུན་གྱིས་འགྲུབ་ཅིང་མངོན་པར་འཕེལ་གྱུར་ཅིག །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །སྲིད་དང་ཞི་བའི་རྒུད་པ་ལས་འདས་ནས། །ཡེ་ཤེས་ཉི་མ་འོད་བརྒྱའི་གཟི་འབར་བ། །ཀུན་མཁྱེན་རྒྱལ་བའི་དབང་པོར་འགྲུབ་གྱུར་ཅིག   །ཅེས་རང་གིས་བརྩམས་པའི་གྲུབ་མཐའི་རྣམ་བཞག་སྤར་དུ་བརྐོས་པའི་ཁ་བྱང་འདི་ལྟ་བུ་ཞིག་དགོས་ཞེས་ལས་བྱེད་རྣམས་ཀྱིས་བསྐུལ་བའི་ངོར་ཆོས་སྨྲ་བ་ལྕང་སྐྱ་རོལ་པའི་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་དགེ་ཚུལ་ནམ་མཁས་བགྱིས་པ་དགེ   །

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号