དེ་བཞིན་དུ་དམ་པའི་ཆོས་སྟོན་པ་ལ་བརྟེན་ན་ལོག་པར་ལྟ་བ་ལ་སོགས་པ་ལམ་ངན་པ་ཡོངས་སུ་སྤོང་བ་དང༌། ཡང་དག་པའི་ལྟ་བ་ལ་སོགས་པ་ལམ་བཟང་པོ་ལ་གནས་པར་བྱེད་པ་དང༌། འཁོར་བའི་འབྲོག་དགོན་པ་ལས་བརྒལ་བའི་དབུགས་འབྱིན་པ་དང་།ངན་སོང་ལས་མཆོངས་ཏེ་བདེ་བར་འགྲོ་བ་དང་། འདོད་པ་མྱ་ངན་ལས་འདས་པའི་ཡུལ་དུ་ཡང་དག་པར་ཕྱིན་པར་བྱེད་པ་ཡིན་ནོ། །དེ་དག་ཀྱང་མཉན་པ་ལས་འབྱུང་གི་མ་མཉན་པ་ལས་མ་ཡིན་པས་གུས་པར་མཉན་པར་བྱའོ། །ཞེས་གསུངས་སོ། །དེ་ཡང་དམ་པའི་ཆོས་ཡོངས་སུ་འཚོལ་བ་རྣམས་ཀྱི་དོན་དུ་གཉེར་པར་བྱ་བ་ནི་རང་ཉིད་སྡུག་བསྔལ་ཐམས་ཅད་ཡོངས་སུ་སྤོང་བ་དང་གཞན་སྡུག་བསྔལ་ཐམས་ཅད་ལས་བསྐྱབ་པར་འདོད་པ་གཉིས་ཡིན་ལ།གཞན་སྐྱོབ་པ་ལ་ཡང་རང་ཉིད་སྡུག་བསྔལ་ལས་ཐར་པ་མེད་ན་མི་འབྱུང་ངོ༌། །རང་ཉིད་སྡུག་བསྔལ་ལས་ཐར་པ་ལ་ནི་ཐར་བར་བྱེད་པའི་ལམ་བསྟེན་དགོས་ལ་དེ་ལ་ནི་ལམ་དེ་འཚོལ་དགོས་སོ། །
ལམ་ལ་ནི་གཉིས་ཏེ། ཕྱི་རོལ་པའི་དྲང་སྲོང་དག་གིས་རྣམ་པར་བརྟགས་པ་དང༌། སྟོན་པ་ཐུགས་རྗེ་ཅན་གྱིས་རྣམ་པར་བསྟན་པའོ། །དེ་ལ་བདག་ཉིད་ཐར་པར་འདོད་པའི་བློ་གྲོས་ཅན་དེས་དེ་གཉིས་ལས་གང་ཞིག་ནི་ཡང་དག་པའི་ལམ་མ་ནོར་བ་ཡིན་ལ། གང་ཞིག་ནི་ལམ་འཁྲུལ་བ་ཡིན་ལེགས་པར་བརྟག་པར་བྱ་སྟེ། གཞན་དུ་ན་བརྟགས་པ་མེད་པར་ཚམ་ཚོམ་དུ་འཇུག་པ་ནི་སྐྱེ་བོ་མཛངས་པ་རྣམས་ཀྱི་ལུགས་མ་ཡིན་པའི་ཕྱིར་དང༌། གལ་ཏེ་གོལ་བར་ཞུགས་ན་ནི་བདག་ཉིད་ཉམས་ཞེས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་བརྟགས་པ་ལ་ནི་དེ་གཉིས་ཀྱི་ལུགས་སོ་སོར་ལེགས་པར་ཤེས་དགོས་ཏེ། གཞན་དུ་ན་དེའི་མཚན་ཉིད་ལེགས་པར་མི་ཤེས་པས་འཁྲུལ་བ་དང་མ་འཁྲུལ་བ་རྣམ་པར་དབྱེ་བར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང༌། ཐོགས་མེད་དང༌། རིགས་པའི་དབང་ཕྱུག་ཕྱོགས་ཀྱི་གླང་པོ་དང༌། དཔལ་ཆོས་ཀྱི་གྲགས་པ་ལ་སོགས་པ་རྒྱལ་བའི་བསྟན་པ་ཡོངས་སུ་འཛིན་པའི་ཆེན་པོ་དག་གིས་རང་དང་གཞན་གྱི་སྟོན་པ་དང་བསྟན་པའི་ཁྱད་པར་ལ་རིགས་པ་བརྒྱ་ཕྲག་དུ་མས་ཡང་དང་ཡང་དུ་དཔྱད་དེ། དྲི་མ་དང་བཅས་པའི་ཕྱོགས་རྣམ་པར་བསལ་བ་དང་དྲི་མ་མེད་པའི་ཕྱོགས་ཡོངས་སུ་གཞག་པར་མཛད་པ་ནི། གྲོལ་བ་དོན་དུ་གཉེར་བ་མཐའ་དག་ལ་འདོད་པའི་དོན་གྱི་གཙོ་བོ་ཡོངས་སུ་གསལ་བར་བྱེད་པའི་བློ་གྲོས་ཀྱི་མིག་རྣམ་པར་འབྱེད་པའི་ཐབས་རྨད་དུ་བྱུང་བ་ཡིན་པས། ཅི་ནས་ཀྱང་བདག་ལེགས་སུ་འདོད་པ་རྣམས་ཀྱིས་འབད་པ་ཆེན་པོས་ཚུལ་འདི་ལ་སྦྱང་བར་རིགས་ཏེ།
རྒྱལ་བ་གཉིས་པ་རྗེ་བདག་ཉིད་ཆེན་པོས། བླང་དོར་གནས་ལ་ཀུན་ནས་འཐོམས་པའི་མུན། །ཡང་དག.ཐོས་པའི་སྒྲོན་མེས་མ་བསལ་བར། །ལམ་མི་ཤེས་ན་ཐར་བའི་གྲོང་མཆོག་ཏུ། །འཇུག་པར་འགྱུར་བ་སྨོས་ཀྱང་ཅི་ཞིག་དགོས། །དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང༌། །འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །ཚིམས་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །ཞེས་རང་གི་རྟོགས་པ་བརྗོད་པ་མགུར་དུ་བསྩལ་བ་དེ་ཉིད་རང་ཅག་རྣམས་ལ་བརྩེ་བས་གདམས་པའི་གསུང་དུ་སྣང་བའི་ཕྱིར་རོ། །
དེས་ན་ཕྱི་རོལ་མུ་སྟེགས་བྱེད་དག་གི་ལུགས་རྣམ་པར་འགོག་པའི་ཚུལ་ནི་ཡང་དང་ཡང་དུ་སེམས་པར་བྱ་བ་ཡིན་ཏེ། སྐྱེ་བ་གཞན་དུ་ལམ་ངན་པ་ཡོངས་སུ་བཟུང་བའི་བག་ཆགས་ཉམས་སྨད་པར་བྱ་བའི་ཕྱིར་དང༌། རང་གི་སྟོན་པ་དང་བསྟན་པ་ལ་དད་པ་བརྟན་པོ་གཏིང་ཚུགས་པ་སྐྱེ་བར་བྱ་བའི་ཕྱིར་དང༌། སྐྱེ་བ་ཕྱི་མ་རྣམས་སུ་ཡང་ལམ་ལྟར་སྣང་གིས་བཀྲི་བར་མི་རུང་ཞིང་ལམ་བཟང་པོ་ལ་རང་གི་ངང་གིས་འཇུག་པར་འགྱུར་བའི་ཕྱིར་དང༌། སྐྱེ་བོ་གཞན་དག་ལ་ཡང་དགོས་པ་དེ་གསུམ་རང་གིས་བསྒྲུབ་པར་ནུས་པར་བྱ་བའི་ཕྱིར་དང༌། རྒྱལ་བའི་དམ་ཆོས་ཡོངས་སུ་འཛིན་པའི་སྙིང་སྟོབས་དང་སྨོན་ལམ་ཆེས་ཆེར་རྒྱས་པར་འགྱུར་པའི་དགོས་པ་དུ་མ་དང་ལྡན་པའི་ཕྱིར་རོ། །
དེ་ལྟར་གཞན་གྱི་སྟོན་པ་རྣམས་ཀྱིས་རྣམ་པར་བརྟགས་པ་ནི་སྙིང་པོ་མེད་པ་ལས་ཀྱང་ཆེས་སྙིང་པོ་མེད་པ་ཉིད་དུ་རྟོགས་པས། རང་གི་སྟོན་པའི་དགོངས་པ་འཚོལ་བ་ལ་ཡོངས་སུ་ཞུགས་པ་རྣམས་ཀྱིས་ནི་རང་གི་སྡེ་པའི་གྲུབ་པའི་མཐའ་རྣམས་མཐའ་དག་པ་ལ་ཞིབ་ཏུ་སྦྱང་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན་སྟོན་པ་ཐུགས་རྗེ་ཅན་གྱིས་དབང་པོ་སྣ་ཚོགས་པ་དང་མོས་པ་སྣ་ཚོགས་པ་དང་ཁམས་སྣ་ཚོགས་པའི་གདུལ་བྱའི་སྐྱེ་པོ་མཐའ་ཡས་པ་རྣམས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རིམ་གྱིས་མཐར་ཐུག་པའི་ལམ་ལ་དགོད་པར་བྱ་བའི་ཕྱིར་དུ་ཐབས་ཀྱི་ཚུལ་དང་རིགས་པའི་རྣམ་གྲངས་ཇི་སྙེད་ཅིག་གསུངས་པའི་དགོངས་པའི་དོན་ཞིབ་ཏུ་ངེས་པར་བྱ་བའི་ཕྱིར་དང༌། བདག་ཉིད་ཀྱང་སྨིན་པ་དང་གྲོལ་བའི་ལམ་གྱིས་རིམ་པ་ཇི་ལྟ་བ་བཞིན་དུ་ངེས་པར་འབྱིན་པར་བྱ་བའི་ཆེད་དང༌། གཞན་དག་ལ་ཡང་སྐལ་བ་ཇི་ལྟ་བ་བཞིན་དུ་སྨན་པ་བསྒྲུབ་པར་བྱ་བའི་ཕྱིར་རོ། །
ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས། གྲུབ་མཐའ་འོག་མ་འོག་མའི་ལྟ་བ་གོ་བ་གོང་མ་གོང་མའི་ལམ་སྟེགས་སུ་གསུངས་པ་ཉིད་ཤིང་རྟ་ཆེན་པོའི་དགོངས་པ་ཡང་ཡིན་ལ། དེ་དག་གི་ཐུན་མོང་མ་ཡིན་པའི་ཁས་ལེན་འགའ་ཟུང་ཙམ་མ་གཏོགས་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པ་དང༌། རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོངས་པའི་བདག་མེད་དང༌། གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་དང༌། ཆོས་ཐམས་ཅད་ཐ་སྙད་དུ་རང་མཚན་གྱིས་ཡོད་ཀྱང་དོན་དམ་པར་ངོ་བོ་ཉིད་མེད་པ་དང༌། ཆོས་ཐམས་ཅད་ཐ་སྙད་དུ་ཡང་རང་མཚན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་ལ་རྒྱུ་འབྲས་འཆིང་གྲོལ་གྱི་བྱ་བྱེད་ཐམས་ཅད་བཞག་པས་ཆོག་པའི་བདག་མེད་ཀྱི་རིམ་པ་རྣམས་ཕྱི་མ་ཕྱི་མ་ལས་སྔ་མ་སྔ་མ་རྣམས་རྟོགས་སླ་བ་དང༌། སྔ་མ་རྣམས་ཕྱི་མ་ལ་འཇུག་པའི་ཐབས་སུ་འགྱུར་བ་རྣམས་མདོ་དང་ཤིང་རྟ་ཆེན་པོ་རྣམས་ཀྱི་དགོངས་པ་ཡིན་ཞིང་རྗེ་བདག་ཉིད་ཆེན་པོས་ཀྱང་ལེགས་པར་བཤད་པའི་གཞུང་ཆེན་་མོ་རྣམས་སུ་ཇི་ལྟར་རིགས་པར་བཀའ་བསྩལ་བ་ཡིན་ཏེ། སྔར་བཤད་པ་རྣམས་ཀྱི་འགྲོས་དང་གཞུང་དེ་དང་དེ་དག་ཏུ་སྦྱངས་པ་ལས་ཤེས་པར་བྱའོ། །
ད་ནི་དོན་ཧྲིལ་གྱིས་དྲིལ་ན་སྔར་བཤད་པའི་གྲུབ་པའི་མཐའ་དེ་དག་ལ་ལེགས་པར་འདྲིས་པར་བྱས་པའི་གང་ཟག་གིས་དོན་དེ་དག་ཐམས་ཅད་བློ་ཁ་ནང་དུ་ཕྱོགས་ཏེ་རྒྱུད་སྟེང་དུ་ཉམས་སུ་ལེན་པའི་འགག་སྡོམ་ཞིག་ཤེས་དགོས་ཏེ། གཞན་དུ་ན་ཁ་ཕྱིར་བལྟའི་ཐོས་བསམ་གྱིས་རྒྱུད་ལ་ཅི་ཡང་མི་ཕན་པའི་ཕྱིར་དང༌། ཐོས་བསམ་གྱིས་གཏན་ལ་ཕབ་པ་ཡང་བསྒོམ་པས་ཉམས་སུ་ལེན་པའི་ཆེད་དུ་ཡིན་པའི་ཕྱིར་དང༌། གྲུབ་པའི་མཐའ་གཏན་ལ་ཕབ་པ་ཡང་ལམ་ཕྱིན་ཅི་མ་ལོག་པ་རྒྱུད་ལ་སྐྱེད་པ་ཁོ་ནའི་ཆེད་ཡིན་པའི་ཕྱིར་རོ། །དེས་ན་དཀྱུ་ས་གཞན་དུ་བསྟན་ནས་རྒྱུག་ས་གཞན་དུ་བྱེད་པ་ལྟ་བུར་མ་སོང་བ་ཅིག་ཤིན་ཏུ་གལ་ཆེའོ། །
འོ་ན་ཉམས་སུ་ལེན་པའི་འགག་སྡོམ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེ་ནི་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ། རྗེ་བཙུན་བྱམས་པ་མགོན་པོས་གསལ་བར་མཛད་པའི་གདམས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ལས་བརྒྱུད་པའི་ལམ་སྲོལ། རྒྱུད་པའི་ཆུ་བོ་གསུམ་གཅིག་ཏུ་འདྲེས་པ་དཔལ་དྰི་པཾ་ཀ་ར་ཤྲིཉྫ་ནས་ཡོངས་སུ་རྫོགས་པར་ལམ་གྱི་རིམ་པར་བསྒྲིགས་ཏེ་གསལ་བར་མཛད་པ་རིམ་པ་བཞིན་དུ་བརྒྱུད་པ་ལས། རྗེ་བཙུན་འཇམ་དཔལ་དབྱངས་དང་ངོ་བོ་ཐ་མི་དད་པ་མཚན་བརྗོད་པར་དཀའ་བ་རྗེ་བདག་ཉིད་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱིས་བྱང་ཆུབ་ལམ་གྱི་རིམ་པ་ཆེ་ཆུང་དུ་གསུངས་པ་ཉིད་ཡིན་ཏེ། ཚུལ་འདི་ནི་བཅོམ་ལྡན་འདས་ཉིད་ཀྱིས་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་ལས་ནོར་བུ་སྦྱོང་བའི་དཔེས་བཀའ་བསྩལ་བ་དང༌། མགོན་པོ་ཀླུ་སྒྲུབ་ཀྱིས་རིན་ཆེན་འཕྲེང་བ་ལས་མངོན་མཐོ་ངེས་ལེགས་ཀྱི་ལམ་ལ་རིམ་ཅན་དུ་འཁྲིད་པར་གསུངས་པ་དང༌། འཕགས་པ་ཐོགས་མེད་ཀྱིས་བྱང་ཆུབ་སེམས་དཔའི་ས་ལས་གདམས་ངག་ཆུང་འབྲིང་ཆེ་གསུམ་གྱིས་གདུལ་བྱ་རིམ་གྱིས་འཁྲིད་པར་གསུངས་པ་དང༌། འཕགས་པ་ལྷས་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པར་གཙང་བདེ་རྟག་བདག་ཏུ་འཛིན་པའི་གཉེན་པོ་སྨིན་བྱེད་དང་གྲོལ་བྱེད་ཀྱི་ལམ་ལ་རིམ་ཅན་དུ་སློབ་པར་ གསུངས་པ་དང༌། སློབ་དཔོན་དཔའ་བོ་དང༌། ལེགས་ལྡན་འབྱེད་དང༌། དཔལ་ལྡན་ཟླ་བ་དང༌། ཞི་བ་འཚོ་ལ་སོགས་པ་མཐའ་དག་གིས་ལམ་གྱི་གོ་རིམ་ངེས་པ་ཅན་དུ་གསུངས་པའི་དོན་གྱི་སྙིང་པོ་ཡིན་ནོ། ། 45/47 མདུན་ངོས། 上一页 43 44 45 46 47 下一页 尾页 |