ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ཀླུ་སྒྲུབ་ཡབ་སྲས་ཀྱིས་མདོའི་དྲང་ངེས་ཕ
སྤེལ་དུས།03-30  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
བདག་ཅག་གི་སྟོན་པའི་བསྟན་པ་འདིའི་དབང་དུ་བྱས་པའི་གསང་སྔགས་ཀྱི་ཆོས་འཁོར་བསྐོར་ཚུལ་ཡང་བླ་མེད་ཀྱི་རྒྱུད་སྡེ་དུ་མ་ནས་བཤད་པའི་རྣམ་གྲངས་མང་པོ་ཞིག་སྣང་མོད།   དཔལ་དུས་ཀྱི་འཁོར་ལོའི་དགོངས་པ་ལྟར་ན་སྟོན་པ་ཤཱཀྱ་ཐུབ་པས་རྒྱ་གར་འཕགས་པའི་ཡུལ་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ཏེ་ཕ་རོལ་ཏུ་ཕྱིན་པ་སྤྱི་དང༌།   བྱ་རྒོད་ཕུང་པོའི་རིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་འཁོར་ལོ་བསྐོར།  དེ་ནས་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་དང་ཉེ་བ་ན་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་བྱོན་ནས་མཆོད་རྟེན་གྱི་ནང་གི་འོག་ཏུ་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དང༌། སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆེན་པོ་སྤྲོས་ཏེ། གནས་ཕུན་སུམ་ཚོགས་པ་བདེ་བ་ཆེན་པོའི་གནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་རྡོ་རྗེ་སེངྒེའི་ཁྲི་ལ་བཞུགས། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་སེངྒེ་དུས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དཀྱིལ་འཁོར་གྱི་བདག་པོའི་རྣམ་པར་བཞེངས།  འཁོར་ཕུན་སུམ་ཚོགས་པ་ལ་གསུམ་སྟེ། དཀྱིལ་འཁོར་ལ་བཀོད་པའི་འཁོར་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་ལྷ་དང་ཀླུ་དང་ལྷ་མོའི་ཚོགས་ཀྱི་རྣམ་པར་གནས་པའོ།   །ཞུ་བ་པོའི་འཁོར་ནི་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་རྒྱལ་པོ་ཟླ་བ་བཟང་པོ་ལ་སོགས་པའོ། །ཉན་པ་བོའི་འཁོར་ནི་བྱང་ཆུབ་སེམས་དཔའ་དུ་མ་དང་ཤམྦྷ་ལའི་ཡུལ་ཆེན་པོ་དགུ་བཅུ་རྩ་དྲུག་གི་རྒྱལ་པོ་དགུ་བཅུ་རྩ་དྲུག་དང༌། གཞན་ཡང་སྐལ་བ་དང་ལྡན་པའི་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་ཚོགས་དཔག་ཏུ་མེད་པའོ།   །
ཆོས་ཕུན་སུམ་ཚོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་བ་བྱིན་ནས་སངས་རྒྱས་སུ་ལུང་བསྟན་ཏེ་དཔལ་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས་པ་ཡིན་ཏེ།   དེ་དང་དུས་མཚུངས་པར་བླ་མེད་ཀྱི་རྒྱུད་ཐམས་ཅད་གསུངས་པར་བཞེད་དོ།   །དེ་སྐད་་དུ་ཡང་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལས།   དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་དབྱིངས་སུ་སྟོབས་བཅུ་བ་ཡིས་སངས་རྒྱས་པ་ཡི་རྒྱུད་རྣམས་མཐའ་དག་བསྟན།  །ཞེས་དང༌།
ཉི་མ་དཔལ་གྱིས་ཀྱང༌།   དེར་ཉི་མ་དེ་ཉིད་ལ་ལྷ་ལ་སོགས་པ་ལ་སངས་རྒྱས་ཀྱི་དབང་བསྐུར་ནས་རྒྱས་པ་དང་བསྡུས་པའི་དབྱེ་བས་གསང་སྔགས་ཀྱི་ཚུལ་ཐམས་ཅད་བསྟན་ཏོ། །ཞེས་གསུངས་སོ།   །དེ་ལྟ་ན་ཡང་བྱ་བ་དང་སྤྱོད་པའི་རྒྱུད་ཐོར་བུ་འགའ་ཞིག་ནི་སྤྲུལ་པའི་སྐུའི་རྣམ་པ་མ་བསྒྱུར་བར་སྟོན་པའི་གཟུགས་ཉིད་ཀྱིས་གསུངས་པ་ཡང་ཡོད་དོ། །དེ་ལྟ་བུའི་སྔགས་ཀྱི་ཐེག་པ་དེ་ལ་ནི་རྡོ་རྗེའི་ཐེག་པ་ཞེས་བྱ་སྟེ། ཐབས་དང་ཤེས་རབ་དབྱེར་མེད་པར་སྦྱོར་བའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལམ་དང་འབྲས་བུའི་གནས་སྐབས་ན་ཡོད་པས་སོ། །ཐབས་ཀྱི་ཐེག་པ་ཞེས་ཀྱང་བྱ་སྟེ།   ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཐབས་མཁས་པ་ཤིན་ཏུ་རྒྱ་ཆེ་བའི་ཕྱིར་རོ། །འབྲས་བུའི་ཐེག་པ་ཞེས་ཀྱང་བྱ་སྟེ། འབྲས་བུའི་སྐུ་དང་ལོངས་སྤྱོད་དང་གནས་དང་མཛད་པ་ཡོངས་སུ་དག་པའི་རྣམ་པ་ད་ལྟ་ནས་ལམ་དུ་བྱེད་པའི་ཕྱིར་རོ།   །གསང་སྔགས་ཀྱི་ཐེག་པ་ཞེས་ཀྱང་བྱ་སྟེ།   སྣོད་མིན་ལ་གསང་ཞིང་སྦས་པས་བསྒྲུབ་པ་དང་ཐབས་ཤེས་ཁྱད་པར་ཅན་གྱིས་ཡིད་སྐྱོབ་པའི་ཕྱིར་རོ།   །
དེ་ལྟ་བུའི་གསང་སྔགས་ཀྱི་ཐེག་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཐེག་པ་ཆེན་པོ་པ་རྣམས་ཀྱི་དོན་དུ་གཉེར་བྱའི་གཙོ་བོ་ནི་གཞན་དོན་ཡིན་ལ། འབྲས་བུའི་སྐབས་སུ་གཞན་གྱི་དོན་དངོས་སུ་མཛད་པ་ནི་གཟུགས་ཀྱི་སྐུ་རྣམ་པ་གཉིས་ཡིན་ཞིང༌།    གཟུགས་ཀྱི་སྐུ་སྒྲུབ་པར་བྱེད་པའི་རྒྱུ་ནི་ཐེག་པ་འདི་ལས་གསལ་བར་བྱུང་བའི་ཚོད་ཙམ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་ཐེག་པ་གསུམ་རྣམ་པར་བཞག་པ་ལས། ཀུན་རྫོབ་ཙམ་གྱིས་ཇི་ལྟར་རྒྱ་ཆེ་བར་འགྱུར་ཞེས་གང་སྨྲས་པ་ནི་འདིར། དམིགས་པ་རྣམ་པར་དག་པ་དང༌། །གྲོགས་ཀྱི་མཐུ་དང་སྤྱོད་པ་ཡིས། །བློ་ལྡན་རྣམས་ཀྱི་ཐེག་པ་ནི། །ཆེན་པོའི་ཆེན་པོ་ཉིད་དུ་བསྒྲགས། །ཞེས་དམིགས་པ་དང་གྲོགས་དང་རྗེས་སུ་སྤྱོད་པ་གསུམ་རྒྱ་ཆེ་བས་ཕ་རོལ་ཏུ་ཕྱིན་པ་ལས་ཁྱད་པར་དུ་འཕགས་པར་གསུངས་སོ། །དཔལ་རྡོ་རྗེ་གུར་ལས་ཀྱང༌། །སྟོན་པ་སུམ་ཅུ་རྩ་གཉིས་མཚན།    །མངའ་བདག་དཔེ་བྱད་བརྒྱད་ཅུར་ལྡན། །དེ་ཕྱིར་ཐབས་དེས་བསྒྲུབ་བྱ་སྟེ། །ཐབས་ནི་སྟོན་པའི་གཟུགས་ཅན་ནོ། །ཞེས་གསུངས་སོ།   །
དེ་ལྟ་བུའི་སྔགས་ཀྱི་ཐེག་པ་ལ་འཇུག་པའི་སྒོ་མི་འདྲ་བ་ཇི་ཙམ་ཞིག་ཡོད་ཅེ་ན། གུར་གྱི་བཅུ་གསུམ་པ་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མེད་རྣལ་འབྱོར་དེ་ལྟག་ལའོ། །རྣལ་འབྱོར་མཆོག་ནི་སེམས་ཅན་མཆོག  །རྣལ་འབྱོར་བླ་མེད་དེ་ལྟག་ལའོ།   །ཞེས་རྡོ་རྗེ་ཐེག་པའི་གདུལ་བྱ་ལ་དབང་པོའི་རིམ་པ་བཞི་ཡོད་པ་དང་སྒོ་བསྟུན་ནས་བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌།  རྣལ་འབྱོར་རྒྱུད་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་བཞི་གསུངས་སོ།  །
ཐེག་པ་འདིའི་གདུལ་བྱ་དབང་པོ་དམན་པ་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་གདུལ་བྱ་དབང་པོ་ཆེས་རྣོ་བ་རྣམས་ལས་ཀྱང་སྙིང་རྗེ་ལྷག་པར་ཆེ་བ་དང༌། དབང་པོ་རྣོ་བ་དང༌། སྐལ་བ་མཆོག་དང་ལྡན་པ་ཞིག་དགོས་པར་རྒྱུད་སྡེ་རིན་པོ་ཆེ་རྣམས་དང་དགོངས་འགྲེལ་མང་པོ་ལས་གསུངས་སོ།   །དེའི་ཕྱིར་གང་དག་དུས་རིང་པོར་བྱང་ཆུབ་བསྒྲུབ་པ་དང༌།   དཀའ་བ་ཆེན་པོས་བྱང་ཆུབ་བསྒྲུབ་པ་ལ་བློ་གྲོས་ཞུམ་པ་དག་ལ་སྔགས་ཀྱི་ཐེག་པ་བསྟན་པར་སེམས་ཤིང་སྨྲ་བ་ནི་རང་ཉིད་རྒྱུད་ཀྱི་དོན་ལ་གཏོལ་ཅི་ཡང་མེད་པ་གསལ་བར་བྱེད་པའོ།  །
ཕར་ཕྱིན་ཐེག་པ་ལས་སྔགས་ཀྱི་ཐེག་པ་མྱུར་བར་གསུངས་པ་ཡང་གདུལ་བྱ་སྣོད་ལྡན་ལ་ལྟོས་ནས་ཡིན་གྱི་སུ་རུང་རུང་ལ་མ་ཡིན་པས། ཆོས་དེ་སྔགས་ཀྱི་ཐེག་པ་ཡིན་པས་མི་ཆོག་གི་གང་ཟག་དེ་སྔགས་ཀྱི་ཐེག་པ་ལ་ཚུལ་དང་མཐུན་པས་ཞུགས་པ་ཞིག་དགོས་པར་སྣང་ངོ༌། །དེ་ལྟར་སྔགས་ཀྱི་ཐེག་པ་ལ་ལེགས་པར་ཞུགས་པ་རྣམས་ལ་ནི་ཐེག་པ་གཞན་དང་མི་འདྲ་བའི་ལམ་གྱི་ས་ཆོད་ཤིན་ཏུ་ཆེ་བ་ཡིན་ཏེ། རྒྱུད་སྡེ་འོག་མ་གསུམ་ལ་ཡང་ལྷའི་རྣལ་འབྱོར་དང་བཟླས་པའི་མཐུ་ལ་བརྟེན་ནས་ཐུན་མོང་གི་དངོས་གྲུབ་མང་པོ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དངོས་སུ་རྗེས་སུ་བཟུང་ནས་བྱིན་གྱིས་རློབས་པ་ལ་སོགས་པའི་ཐབས་མཁས་པ་མང་པོས་བྱང་ཆུབ་ཀྱི་སྤྱོད་པ་རྫོགས་པར་བྱེད་པ་ཡིན་པའི་ཕྱིར་དང༌།  སྔགས་བླ་མེད་ལ་ནི་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་རྣལ་འབྱོར་རྒྱུད་མན་ཆད ལ་མེད་པའི་ཁྱད་ཆོས་བྱེད་པར་དུ་འཕགས་པ་ཤིན་ཏུ་མང་བར་གསུངས་པའི་ཕྱིར་ཏེ། གཞི་ལུས་ངག་ཡིད་གསུམ་ཤིན་ཏུ་ཕྲ་པའི་གནས་ཚུལ་དང༌། ལམ་དེ་དག་ལ་གནད་དུ་བསྣུན་པ་ལས་ཤེས་སྒྲིབ་ཆེས་ཤིན་ཏུ་ཕྲ་བ་རྣམས་ཀྱང་ཚེ་འདི་ཉིད་ལ་སྤོང་ནུས་པ་སོགས་ཀྱི་གནད་དུ་མ་ཡོད་པས།    རྒྱལ་བའི་སྐུ་གསུམ་གཞི་རྟེན་འདི་ཉིད་ཀྱི་སྟེང་དུ་འགྲུབ་པར་བྱེད་པའི་ཕྱིར། དཔལ་ཁ་སྦྱོར་གྱི་རྒྱུད་ལས།   དེ་ཕྱིར་དེ་རྒྱས་ཅི་ཞིག་བྱ།   །མདོར་བསྡུས་པས་ནི་སངས་རྒྱས་ཉིད། །བསྐལ་བ་བྱེ་བ་གྲངས་མེད་པས།   །ཇི་སྲིད་སངས་རྒྱས་གང་ཐོབ་པ།   །གང་གི་དམ་བའི་བདེ་བས་ཁྱོད།   །སྐྱེ་བོ་འདིར་ནི་འཐོབ་པར་འགྱུར། །ཞེས་གསུངས་པས་སྐལ་བ་དང་ལྡན་པ་རྣམས་ཀྱི་འཇུག་ངོགས་རྨད་དུ་བྱུང་བ་འདིར་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་པར་རིགས་སོ།   །
གསུམ་པ་དེ་དག་གིས་གྲུབ་པའི་དོན་ནི། རྣམ་དཔྱོད་དང་ལྡན་པ་དག་ན་རེ། དེ་ལྟར་རང་དང་གཞན་གྱི་གྲུབ་པའི་མཐའ་རབ་ཏུ་མང་པོ་ཆེས་ཤིན་ཏུ་མི་མཐུན་པ་རྣམ་པར་རྟོག་པའི་དྲ་བས་ཡོངས་སུ་སྦྱར་བ་དག་རྣམ་པར་འབྱེད་པ་ལ་བློ་གྲོས་ངལ་བ་ཆེས་ཆེར་བསྟེན་པ་འདིས་ཅི་ཞིག་བྱ་སྟེ། ཕྱིར་ཞིང་རྣམ་པར་རྟོག་པའི་དྲ་བ་བརྟས་ཤིང་འཐས་པར་འགྱུར་བའི་ཕྱིར་རོ།   །དེས་ན་གང་ཡང་དག་པའི་དོན་ལ་ལེགས་པར་གནས་པའི་སྙིང་པོ་མདོར་བྱས་པ་ཁོ་ན་ཉིད་འཆད་པར་རིགས་ཀྱི་རྣམ་པ་གཞན་དང་གཞན་གྱི་ལུགས་ཐ་དད་པ་མང་པོ་ཡོངས་སུ་བརྟགས་པའི་དཀའ་ཐུབ་རྣམ་པར་བསྟེན་པ་ནི་བྱ་རོག་གི་སོ་རྟོག་པའི་བསྟན་བཅོས་ལྟར་དོན་མེད་པ་འབའ་ཞིག་གོ་སྙམ་དུ་སེམས་ན། བརྗོད་པར་བྱ་སྟེ།   འདི་ནི་དམ་པའི་ཆོས་ཆེས་རབ་ཏུ་རྒྱ་ཆེ་བ་དག་ལ་ངལ་བ་ཡོངས་སུ་མ་བསྟེན་པས་གནས་མ་ཡིན་པ་ལ་ལོག་པར་རྟོག་པས་རྒྱུད་ཡོངས་སུ་འབགས་པ་ལས་དམ་པའི་ཆོས་སྤོང་པར་བྱེད་པའི་བརྗོད་པ་ངན་པ་སྟེ། གང་ཡང་བཅོམ་ལྡན་འདས་ཀྱིས་བླང་བ་དང་དོར་བའི་གནས་རབ་ཏུ་ཤེས་པར་བྱ་བའི་ཕྱིར་ལུང་རྒྱ་ཆེན་པོ་དག་ཉན་ཅིང་སེམས་པར་བྱ་བར་གསུངས་པའི་དོན་ཁོང་དུ་མ་ཆུད་པའི་ཕྱིར་རོ།  །
དེ་ལྟ་བས་ན་མང་དུ་ཐོས་པ་འཚོལ་བ་ནི་བདག་ལེགས་སུ་འདོད་པ་རྣམས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞི་ཡིན་ཏེ།  ཀུན་མཁྱེན་གཉིས་པ་དབྱིག་གི་གཉེན་པོས།   ལེགས་པ་སྟོན་པ་ལ་བརྟེན་ནས་ཕན་ཡོན་ལྔ་ཡོད་དེ། ལམ་ངན་པ་ཡོངས་སུ་སྤོང་པ་དང༌། ལམ་བཟང་པོ་ལ་ཡང་དག་པར་གནས་པར་བྱེད་པ་དང༌། འབྲོག་དགོན་པ་ལས་བརྒལ་བའི་དབུགས་འབྱིན་པ་དང༌། བདེ་བར་འགྲོ་བ་དང༌།འདོད་པའི་ཡུལ་དུ་ཡང་དག་པར་ཕྱིན་པར་བྱེད་པ་ཡིན་ནོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号