ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ཀླུ་སྒྲུབ་ཡབ་སྲས་ཀྱིས་མདོའི་དྲང་ངེས་ཕ
སྤེལ་དུས།03-30  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
དེའི་ཕྱིར་སྐལ་བ་དང་ལྡན་པའི་གང་ཟག་རྣམས་ཀྱིས་དལ་བ་རྙེད་དཀའ་ཞིང་རིང་དུ་མི་གནས་པ་དང་།    རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡང་འཇིག་རྟེན་ན་རིང་དུ་འཕེལ་བ་དཀའ་བ་དང༌། དུས་ཀྱི་ཐ་མ་སྙིགས་མར་སྤྱོད་པའི་ངང་ཚུལ་རྣམས་བསམས་ནས་བསྟན་པའི་སྙིང་པོ་འདི་ལྟ་བུ་དང་འཕྲད་པ་ལ་དབུལ་པོས་གཏེར་རྙེད་པ་ལྟ་བུའི་དགའ་བ་བསྒོམས་ཏེ་ཕྱི་བཤོལ་གྱི་ལེ་ལོ་སྤངས་ནས་ཉིན་དང་མཚན་དུ་འབད་པས་དལ་བ་དོན་ཡོད་པར་བྱ་བར་རིགས་ཏེ། རྣམ་བཤད་རིགས་པ་ལས། དེ་ལྟར་སངས་རྒྱས་ཀྱི་གསུང་ནི་ཡོངས་སུ་ཉམས་པ་དང་ཡུན་རིང་དུ་མི་གནས་པར་རིག་པར་བྱས་ནས་ཇི་སྲིད་དུ་ཅུང་ཟད་ལུས་པ་དེ་སྲིད་དུ་འདི་མཉན་པ་དང་གཟུང་བ་དོན་མཐུན་པར་བསྒྲུབ་པ་ལ་དད་པ་ཅན་རྣམས་ཀྱིས་རབ་ཏུ་འབད་པར་བྱའོ། །ཞེས་དང༌། དེ་ལྟ་བས་ན་ཇི་སྲིད་དུ་མུན་པ་གཅིག་པུའི་ཐིབས་པོ་མི་འབྱུང་བ་དེ་སྲིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་དོན་རབ་ཏུ་རྣམ་པར་དབྱེ་བའི་ཕྱིར་སངས་རྒྱས་ཀྱི་གསུང་མཉན་པ་ལ་དད་་པ་ཅན་རྣམས་ཀྱིས་ཤིན་ཏུ་རིངས་པར་བྱའོ། །ཞེས་གསུངས་པས་སོ།  །
བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་ལ་ལྷག་པར་བརྩོན་པ་རྣམས་ཀྱིས་ནི་བསོད་ནམས་རྒྱ་ཆེན་པོ་དང་ཡེ་ཤེས་རྒྱ་ཆེན་པོ་ལ་ཉེ་བར་འཇུག་པའི་ཕྱིར་ལེགས་པའི་ཚོགས་ཐམས་ཅད་དཔག་བསམ་གྱི་ལྗོན་པ་བཞིན་དུ་ཉེ་བར་འགྲུབ་པ་ཡིན་ནོ།   །དེ་ལྟར་བདག་གིས་གྲུབ་པའི་མཐའ་རྣམ་པར་བཞག་པ་འདི་ནི་འཕགས་པ་བྱམས་པའི་ཆོས་སྡེ་ལྔ། ཀླུ་སྒྲུབ་ཀྱི་རིགས་ཚོགས་དྲུག་དང་མདོ་ཀུན་ལས་བཏུས།  འཕགས་པ་ཐོགས་མེད་ཀྱི་ས་སྡེ་དང་ཐེག་བསྡུས། མངོན་པ་ཀུན་ལས་བཏུས། དབྱིག་གཉེན་གྱི་མཛོད་རྩ་འགྲེལ། རྣམ་བཤད་རིགས་པ། སུམ་ཅུ་པ། ཉི་ཤུ་པ། ཕྱོགས་གླང་ཡབ་སྲས་ཀྱི་སྡེ་བདུན་མདོ་དང་བཅས་པ་རྣམས་དང༌། དེ་དག་གི་འགྲེལ་བ་འགྲེལ་བཤད་ཆེན་པོ་ཕལ་མོ་ཆེ་དང༌། བཞི་བརྒྱ་པ་རྩ་འགྲེལ། བསླབ་སྤྱོད་གཉིས། དབུ་མ་སྙིང་པོ་རྩ་འགྲེལ། འཇུག་པ་རྩ་འགྲེལ།   བདེན་གཉིས་རྩ་འགྲེལ། དབུ་མ་རྒྱན་རྩ་འགྲེལ། ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་རྩ་འགྲེལ། དབུ་མ་སྣང་བ། སྒོམ་རིམ་གསུམ་སོགས་དང༌། གཞན་ཡང་ཤནྟི་པ། མཻ་ཏྲི་པ་ཡབ་སྲས། ཛྰེ་ཏ་རེ། བྱང་ཆུབ་བཟང་པོ། མཉམ་མེད་ཇོ་བོ་ཆེན་པོ་ལ་སོགས་པ་རྒྱ་གར་འཕགས་པའི་ཡུལ་གྱི་པཎ་གྲུབ་རྣམས་ཀྱི་གཞུང་ལུགས་ཕལ་མོ་ཆེ་ལ་ཅུང་ཟད་འདྲིས་པར་བྱས་ཤིང༌།    གངས་རིའི་ལྗོངས་ཀྱི་ཐུབ་པའི་བསྟན་པ་ལ་བྱ་བ་ལྷག་པར་མཛད་པའི་མཁས་པ‘ཆེན་པོ་འཇམ་མགོན་ས་སྐྱ་པཎྚི་ཏ་ཡབ་སྲས། རྔོག་ལོ་ཡབ་སྲས། བུ་སྟོན་ཐམས་ཅད་མཁྱེན་པ། རྗེ་བཙུན་རེད་མདའ་བ་ཆེན་པོ། པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ལ་སོགས་པ་ཆེན་པོ་དག་གི་གསུང་རབ་རྣམས་དང་ཁྱད་པར་དུ་རང་ཅག་རྣམས་ཀྱི་འདྲེན་པ་དམ་པ་རྗེ་བདག་ཉིད་ཆེན་པོའི་གསུང་རབ་གཞུང་ལུགས་ཆེན་མོ་རྣམས་ནས་བཟུང་གསུང་གི་ཟིན་བྲིས་ཕྲ་མོ་ཡན་ཚད་མཐའ་དག་དང༌། སྲས་ཀྱི་ཐུ་བོ་གཉིས་དང༌། གུང་རུ་རྒྱལ་མཚན་བཟང་པོ།   ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ལ་སོགས་པ་རྗེའི་དངོས་སློབ་རྣམས་དང༌། འདུལ་འཛིན་གྲགས་པ་དཔལ་ལྡན། པཎ་ཆེན་བྱམས་པ་གླིང་པ་ཆེན་པོ། །མཁས་གྲུབ་ནོར་བཟང་རྒྱ་མཚོ། འཇམ་དབྱངས་དགའ་བའི་བློ་གྲོས། ཤནྟི་པ་བློ་གྲོས་རྒྱལ་མཚན། པཎ་ཆེན་བསོད་ནམས་རྒྱལ་མཚན། ཀུན་མཁྱེན་ཆོས་འབྱོར་དཔལ་བཟང༌། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ཡབ་སྲས། པཎ་ཆེན་བསོད་ནམས་གྲགས་པ། མཁས་གྲུབ་བསྟན་པ་དར་རྒྱས། མཁས་པའི་དབང་པོ་གུང་རུ་ཆོས་འབྱུང་གནས། འཇམ་དབྱངས་སྟག་ལུང་བྲག་པ་ལ་སོགས་པའི་དབུ་ཕར་འདུལ་མངོན་ཚད་མའི་སྐོར་གྱི་གཞུང་ཆེན་མོའི་རྣམ་བཤད། སྦྱོར་ཊིཀ །དྲི་ལན། ཟིན་བྲིས། སྤྱི་དོན། ཐལ་འཕྲེང་ཕལ་མོ་ཆེ་ལ་ཡང་དང་ཡང་དུ་སྦྱངས་པར་བྱས། དེ་དག་གི་དོན་ལ་ཚུལ་བཞིན་སེམས་པའི་རིགས་པས་ལེགས་པར་དཔྱད། གྲུབ་མཐའི་རྣམ་བཞག་སྔ་ཕྱི་དུ་མ་དང༌།   ཁྱད་པར་དུ་ལུང་རྟོགས་བཤད་སྒྲུབ་ཀུན་གྱི་མངའ་བདག་མཁས་གྲུབ་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་མཚན་གཞན་ངག་དབང་བརྩོན་འགྲུས་པས་མཛད་པའི་གྲུབ་མཐའི་རྣམ་་བཤད་ཆེན་མོ་ཉིད་གསལ་ལ་རྒྱས་ཤིང་ལེགས་བཤད་ཀྱི་གཏེར་དུ་འདུག་པས་དེ་ཉིད་དང་སྒོ་བསྟུན། འཕགས་བོད་ཀྱི་གཞུང་ལུགས་དེ་དག་ལ་རང་གི་བློ་གྲོས་ཀྱིས་ཇི་ལྟར་དཔོག་པའི་བཤད་པས་ཟུར་བརྒྱན་ཏེ་རྗོད་བྱེད་མདོར་བསྡུས་པས་བརྗོད་བྱ་རྒྱ་ཆེ་བ་སྙིང་པོར་དྲིལ་ཏེ་མེད་དུ་མི་རུང་བའི་དཀའ་བའི་གནས་འགའ་ཞིག་ལ་དཔྱོད་ལྡན་རྣམས་ཀྱི་བློ་གྲོས་འཇུག་པའི་ཡན་ལག་ཏུ་རིགས་པས་མཐའ་གཅོད་པ་དང་བཅས་རང་བཟོའི་དྲི་མས་མ་གོས་པར་བཀོད་པ་ལགས་སོ།  །
ཐ་མར་དགེ་བ་མཇུག་གི་དོན།
སྨྲས་པ། ལྷག་བསམ་ཆེས་ཆེར་དཀར་བའི་མདངས་ཀྱིས་ལན་བརྒྱར་བྱུགས་པའི་རབ་གསལ་བློ་གྲོས་འོད་གྱི་ཞགས་པ་རྣོན་པོ་ནི། །ཉི་མའི་གཉེན་གྱི་གསུང་རབ་སྔོ་བསངས་མཛེས་མའི་འགྲམ་པའི་མཐའ་ལ་འགྲན་བཞིན་འཁྱུད་པའི་རྩེད་འཇོ་ལྷུར་ལེན་པའི། །ཡ་མཚན་རྨད་བྱུང་རོལ་མོས་དུས་ཀྱི་མཐའ་འདི་ཅི་ཞིག་ལྟར་ཏེ་སྐལ་བ་བཟང་པོ་ཉིད་དུ་སྒྲུབ་བྱེད་པ།  །དེ་དེའི་ཁ་ལས་སྐྱུགས་པའི་ལེགས་བཤད་གཏམ་འདི་སྲས་བཅས་རྒྱལ་བ་དགྱེས་བསྐྱེད་བདུད་རྩིའི་མཆོད་ཡོན་ཉིད་ཅེས་གྲགས། །འཇིག་རྟེན་མཐའ་དག་གྱ་ནོམ་དངོས་པོས་ལན་བརྒྱར་བཀང་སྟེ་འབད་པ་མེད་བཞིན་མངོན་པར་བྱིན་པ་ཡིས།   །འདི་ན་སྲིད་ལྡན་གང་དག་དགའ་བས་མྱོས་པའི་ཅ་ཅོ་སྒྲོགས་ཤིང་ལུས་ཀྱི་བརྟན་པ་ཉམས་བྱེད་གང༌། །དགའ་བ་དེས་ནི་བློ་གྲོས་རྣམ་པར་གསལ་བའི་མཁས་པ་དག་ལ་ལེགས་བཤད་གཏམ་གྱིས་བསྐྱེད་བྱས་པའི།  །དགའ་བའི་ཆ་ཤས་ཕྲ་མོ་དག་ལའང་ལན་ཅིག་ཙམ་ཡང་འགྲན་དུ་བཟོད་པའི་གོ་སྐབས་ག་ལ་མཆིས།   །གང་ཞིག་བསྒྲུབས་ཀྱང་འགྲུབ་པར་མ་ངེས་གྲུབ་ནའང་གདོན་མི་ཟ་བར་འདོར་དགོས་པའི།   །མནོག་ཆུང་ཕུན་ཚོགས་དོན་དུའང་རྨོངས་པ་འདི་དག་ནམ་ཡང་བརྩོན་པ་མི་འདོར་ན།   །ངེས་པར་གཏན་གྱི་བདེ་སྟེར་ཐར་པ་དམ་པའི་ལམ་ནི་མ་ནོར་བསྒྲུབ་པའི་ཆེད།  ། རྣམ་དག་རིགས་ཚུལ་ལན་བརྒྱར་སྨྲ་ལའང་མཁས་པ་དག་ནི་བརྩོན་པ་ཅིའི་ཕྱིར་འདོར། །ཐུབ་པའི་གཞུང་ལ་ཐུབ་པ་ཉིད་བཞིན་དུ། །རྣམ་པར་སྤྱོད་པའི་ཤིང་རྟ་ཆེན་པོའི་གཞུང༌། །མ་ལུས་ཚོན་བརྒྱས་གསལ་བར་ཕྱེ་བ་བཞིན།  །བློ་གྲོས་ཆུ་མཚོར་ལྷག་གེར་བཀྲ་འདི་རྨད། །ཀྱེ་མ་དྲང་སྲོང་མཆོག་གི་ལུགས། །བདག་གི་བློ་དང་མཛའ་བ་ནི། །ཐུབ་པ་རྣམས་ཀྱི་ཐུགས་རྗེ་ནི། །སྐྱེ་དགུ་རྣམས་ལ་འཁྱུད་པ་བཞིན།   །དེ་ཡི་ཤུགས་ཀྱིས་བྲིས་པ་ཡི།   །མགོན་པོ་དམ་པའི་གཟུགས་བརྙན་ནི། །ཡིད་ལ་ཡང་ཡང་གསལ་གྱུར་ཀྱང༌། །མངོན་དུ་མ་གྱུར་བདག་ཡིད་གདུངས། །གང་གི་གདུང་འཚོབ་ཆེ་རྣམས་ཀྱི། །གཞུང་ལུགས་བདུད་རྩིའི་ཐིག་པ་ནི། །སྙིང་གི་བཅུད་དུ་བསྟེན་པ་ལས། །དགའ་བའི་སིམ་པའང་ལན་བརྒྱར་མྱོང༌། བསྐལ་པར་ཏིང་འཛིན་བདེ་བའི་རོ་མྱངས་པ། །རྐང་མིག་སོགས་ཀྱིས་གང་གི་ཆ་ཙམ་ཡང༌།   །མ་སྤྱོད་རིགས་པའི་ལམ་གྱི་དགའ་སྟོན་དག  །མངོན་སུམ་ལྟ་བུར་སྤྱོད་འདི་སྐལ་བ་བཟང༌། །དེ་ལྟ་ནའང་བདག་ཅག་ནི། །བྱིས་པའི་བློ་ཅན་ཉིད་ཡིན་པས། །དཔག་དཀའ་དྲང་སྲོང་ཆེན་པོའི་ལུགས། །རང་གི་ནུས་པས་ཇི་ལྟར་དཔོག །རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་མཐུ། །མངོན་པར་གྲུབ་པ་འཇམ་དཔལ་སྙིང་པོ་ཡི། །གསུང་ལ་ངལ་བ་མང་དུ་བྱས་པ་དང༌། །བཤེས་གཉེན་དམ་པ་བསྟེན་པའི་མཐུ་ལས་སོ།   །རྣམ་དག་རིགས་པའི་ལམ་བཟང་པོ།   །གཏན་བདེ་སྟེར་བའི་ཐབས་གཅིག་པུ།   །འདི་ལ་བརྩོན་པར་ཡོད་བཞིན་དུ།   །དོན་མེད་འདའ་རྣམས་ཕྱུགས་ལས་ཕྱུགས། །བདེ་བའི་མཆོག་ནི་བོར་ནས་སུ། །བདེ་བ་མིན་ལ་བདེ་བར་འཛིན། །ལོག་པར་འཕྱན་པའི་རྨོངས་པ་དག  །ཅི་ཞིག་གིས་ནི་བདེ་བར་བཀྲི།   །མི་བཟད་ལས་ཀྱིས་དབྱེན་སྤྱོས་པ། །གང་དག་ཆགས་བྲལ་གསུང་ཉིད་ཀྱིས།   །ཕྱིར་ཞིང་ཞེན་ལྟ་འཕེལ་བྱེད་པ། །འདི་དག་ལ་ནི་སུས་ཀྱང་ཅི།   །རང་གི་རྨོངས་པའི་དྲི་མའི་བཙོག་ཆུ་ཉིད།  །དྲི་མེད་གཞུང་ལུགས་སློད་ཕྱིར་སྦྱོར་བྱེད་པ། །དེ་དག་རྣམས་ཀྱི་གཏམ་གྱི་འཕྲེང་བ་ནི།   །དཔྱོད་ལྡན་སྙིང་གི་ཟུག་རྔུ་མཆོག་ལས་ཅི། །མཉན་པར་འོས་པའི་གཏམ་གྱི་སྦྱོར་བ་དག །ཇི་ལྟར་བྱས་ཀྱང་སྤེལ་བར་མི་ནུས་པ། །དེ་དག་རྣམས་ཀྱི་ལྕེ་ཡི་རྩེ་མོ་ནི། །སྙིང་ལས་ཆུང་ངུར་བསྟི་ན་ཅིས་མ་ལེགས།   །འདུན་པས་འགྲོ་དང་འཇིགས་པས་འགྲོ་བ་ལ། །དད་པའི་རྗེས་སུ་འབྲངས་པར་འཁྲུལ་བ་དང༌། །སྡང་བས་འགྲོ་དང་རྨོངས་པས་འགྲོ་བ་ལ། །ཆོས་ཀྱི་རྗེས་སུ་འབྲངས་པར་འཁྲུལ་བ་མང༌། །གཞན་གྱིས་རིགས་ཚུལ་བྱེ་བས་བསྙད་གྱུར་ཀྱང༌། །རང་ཉིད་གང་ལ་ཞེན་པ་དེ་ཉིད་ལ།  །རྣམ་པར་འཐས་པ་ནམ་ཡང་མི་གཏོང་བ། །དམ་པའི་ལུགས་སུ་སྨྲ་འདི་བཞག་གང་གནས།  །ལ་ལ་གཞན་གྱི་རྗེས་སུ་ཟློས་པ་ལའང༌།  །ཤེད་མ་ཕྱེ་བའི་བྱིས་པས་སྨྲ་བ་བཞིན། ། དཀའ་བ་བསྟེན་ཀྱང་འཆད་རྩོད་རྩོམ་པའི་ཁུར། །འཛིན་པ་འདི་དག་མཆོག་ཏུ་བརྩེ་བའི་ཡུལ། །ལེགས་ཉེས་གསེར་དང་བོང་བ་མཉམ་ཉིད་དུ།   །གཟིགས་པའི་ཆགས་བྲལ་སྐྱེ་བོ་འདི་དག་ལ།  །བདག་གི་ལེགས་པར་བཤད་པ་འདི་ཡིས་ཀྱང༌།   །བགྱི་བ་ཅུང་ཟད་ཙམ་ཡང་ཡོད་མ་ཡིན། །རང་ཉིད་མཆོག་ཏུ་གྱུར་པའི་ལུགས་འདི་དང༌། །ནམ་ཡང་མཛའ་བ་ཉམས་པ་མེད་པའི་ཕྱིར། །རིགས་པའི་གཏམ་གྱི་དགའ་སྟོན་ཟབ་མོ་དག  །རང་ལ་རང་གིས་སྨྲས་པ་ཉིད་དུ་ཟད། །འོན་ཏེ་བློ་བཟང་རྒྱལ་བའི་བསྟན་པ་དང༌།    །ལེགས་པར་མཇལ་བའི་སྐལ་བར་ལྡན་པ་རྣམས། །ཕྱོགས་ལྷུང་དོར་བའི་ངང་ཚུལ་འཛིན་འདོད་ན།    ། དགའ་བས་ཞུགས་ཏེ་དོན་གྱི་རོ་མྱོང་ཤིག  །ཐོས་བྲལ་རི་སུལ་བསྟེན་པའི་དཀའ་ཐུབ་དང༌། །ཚིག་ཙམ་ཁོ་ནར་འཆེལ་བའི་ཐོས་བསམ་པ།  །གཉིས་ཀའང་རྒྱལ་བའི་ལམ་ལས་གོལ་བ་སྟེ། །ངལ་བ་ཁོ་ན་དོན་གྱི་སྙིང་པོར་ཟད། །དེའི་ཕྱིར་ཐོས་བསམ་བསྒོམ་པ་དང༌།   །ལུང་རྟོགས་བཤད་སྒྲུབ་མ་ལུས་པ།    །ཕན་ཚུན་གཅིག་ལ་གཅིག་བརྟེན་པར། །ཤེས་ཤིང་སྤྱོད་ན་དམ་པ་ལགས། །དམ་པའི་ལེགས་པར་བཤད་པ་ལ། །ཇི་ལྟ་བ་བཞིན་སྤྱོད་པ་ནི། །དམ་པ་ཉིད་དུ་དམ་པ་དག །ལན་བརྒྱར་བསྔགས་པ་ཤེས་པར་མཛོད།   །ཀྱེ་ཧུད་བདག་ནི་དུས་ཀྱི་སྙིགས་མར་སྐྱེས། །སྙིང་མེད་འདུ་འགོད་ཟ་ཟིའི་རླུབས་སུ་ཚུད།   །ལས་རླུང་དྲག་པོས་ཕྱོགས་རྣམས་ཀུན་ཏུ་བདས། །དམ་ཆོས་ཇི་བཞིན་སྒྲུབ་བའི་སྐལ་བ་ཕྲ། །ཡང་དག་ལམ་གྱི་སྙིང་པོ་ནི།   །བདེ་བླག་ཉིད་དུ་སྟེར་མཛད་པ། །དམ་པའི་མགོན་གྱི་ཞབས་རྡུལ་ནི།   །ཅོད་པཎ་ཉིད་དུ་བྱས་མོད་ཀྱང༌། །དེ་ཡི་ཞལ་གྱི་སྒོ་དག་ལས། །རྣམ་པར་འོངས་པའི་བདུད་རྩིའི་རྒྱུན།   །སྒྲུབ་པ་ལྷུར་ལེན་ཀྱིས་སྤྱོད་པའི།   །རང་དབང་བྲལ་འདིས་ཤེས་པ་འཕྱོ།    །རིག་པར་སྨྲ་བའི་གཏམ་གྱི་དགའ་སྟོན་དང༌། །ཐུབ་པའི་ལུགས་ལ་ཤེས་ནས་དད་པ་དང༌། །དེ་ཉིད་ཁོ་ན་འཛིན་འདོད་སྨོན་པའི་ཡིད། །འདི་དག་བདག་གི་ཡིད་ལ་འགྲན་བཞིན་འཕེལ། །དེ་ལྟར་བདག་གིས་འདིར་ནི་ཐུབ་པའི་ལུགས།   །འབད་པ་དུ་མས་ལེགས་པར་གསལ་བྱས་མོད། །བྱིས་བློའི་ཕྱིར་ན་ནོངས་པར་གང་གྱུར་རྣམས། །མཁས་པའི་སྐྱེ་བོ་རྣམས་ལ་བདག་འཆགས་སོ།   །ཚུལ་འདིར་རབ་ཏུ་ངལ་བ་ལས་བྱུང་རབ་དཀར་དགེ་བ་སྟོན་ཟླ་རྒྱས་པའི་དཔལ་བཟང་པོས། །དྲིན་གྱིས་ལྩི་བའི་སྐྱེ་དགུའི་ཡིད་ཀྱི་ཀུན་གསལ་རྨོངས་པའི་མུན་ཚོགས་མཐའ་དག་དང་བྲལ་ཏེ།     །བསོད་ནམས་ཡེ་ཤེས་རྣམ་པར་དགེ་པའི་སྣང་བ་མཆོག་གི་དགེ་ལེགས་དམ་པས་ཁྱབ་གྱུར་ནས།   །ཡིད་འོང་བླ་ན་མེད་པའི་དགའ་སྟོན་བདེ་བས་མྱུར་བ་ཉིད་དུ་རྣམ་པར་རོལ་གྱུར་ཅིག  །རྒྱ་མཚོའི་རྡུལ་གྱི་གྲངས་སྙེད་རྣམ་མང་ཞིང་གི་འགྲོ་ལ་ཐེག་པ་མཆོག་གི་གཏམ་ཟབ་མོས། །ཡང་དག་ལམ་མཆོག་གསལ་བར་བྱེད་ཅིང་ལོག་པའི་རིང་ལུགས་མ་ལུས་དྲུངས་ནས་འབྱིན་པ་ལ། །རྒྱལ་བ་མཆོག་གི་སྲས་ཀྱི་ཐུ་བོ་འཇམ་དཔལ་དབྱངས་ཞེས་གྲགས་དཀར་བ་དན་གཡོ་བ་དེའི། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号