ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ཀླུ་སྒྲུབ་ཡབ་སྲས་ཀྱིས་མདོའི་དྲང་ངེས་ཕ
སྤེལ་དུས།03-30  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
དེས་ན་སྐབས་འདིར་སྔར་བཤད་པའི་དོན་དམ་པ་གསུམ་པ་མཐུན་པའི་དོན་དམ་རིགས་ཤེས་རྗེས་དཔག་གི་ངོར་ཡོད་པ་ལ་དོན་དུ་ཡོད་པ་དང་དེའི་ངོར་མེད་པ་ལ་དོན་དམ་དུ་མེད་པར་བྱའོ།   །དེས་ན་མྱུ་གུ་བདེན་པར་གྲུབ་ན་དེ་ཁོ་ན་ཉིད་དཔྱོད་པའི་རིགས་ཤེས་དེའི་ངོར་གྲུབ་དགོས་ཏེ།    མྱུ་གུ་བདེན་པར་གྲུབ་ན་དེ་ཉིད་མྱུ་གུའི་གནས་ལུགས་སུ་གྲུབ་དགོས་པའི་ཕྱིར་དང༌།  རིགས་ཤེས་དེ་ཉིད་གནས་ལུགས་འཇལ་བྱེད་ཀྱི་བློ་ཡིན་པའི་ཕྱིར་རོ།  །གལ་ཏེ་དེ་ལྟ་ན་མྱུ་གུའི་ཆོས་ཉིད་དོན་དམ་དུ་གྲུབ་པར་ཐལ་ཏེ། རིགས་ཤེས་ཀྱི་དོན་ཡོད་པའི་ཕྱིར་དང༌།  མྱུ་གུའི་གནས་ལུགས་སུ་གྲུབ་པའི་ཕྱིར་རོ་ཞེ་ན་སྐྱོན་མེད་དེ།   བདེན་པར་གྲུབ་ན་གནས་ལུགས་སུ་གྲུབ་དགོས་པ་དང་རིགས་ཤེས་ཀྱི་ངོར་གྲུབ་དགོས་ཀྱང་གནས་ལུགས་སུ་གྲུབ་པ་དང་རིགས་ཤེས་ཀྱི་ངོར་གྲུབ་ན་བདེན་པར་གྲུབ་མི་དགོས་པའི་ཕྱིར་རོ།   །དེའི་རྒྱུ་མཚན་ཡང་མྱུ་གུ་བདེན་པར་གྲུབ་ན་རིགས་ཤེས་ཀྱིས་མྱུ་གུ་བདེན་གྲུབ་ཏུ་རྙེད་དགོས་ཏེ། རིགས་ཤེས་ཉིད་དེ་ཡོད་མེད་དཔྱོད་བྱེད་ཡིན་པའི་ཕྱིར་རོ།   །མྱུ་གུ་བདེན་པར་མེད་པ་རིགས་ཤེས་ཀྱིས་རྙེད་ཀྱང་དེ་ལྟར་རྙེད་པ་དེ་མྱུ་གུ་བདེན་པར་ཡོད་མེད་དཔྱད་ནས་བདེན་པར་མེད་པར་རྙེད་པ་ཡིན་གྱི་མྱུ་གུའི་བདེན་མེད་བདེན་པར་ཡོད་མེད་དཔྱད་ནས་དེ་ཡོད་པར་རྙེད་པ་མ་ཡིན་པའི་ཕྱིར་རོ།   །འདི་ནི་ལུགས་འདིའི་དཀའ་བའི་གནས་ཏེ། འདིའི་ཁྱད་པར་ལེགས་པར་མ་ཕྱེད་པ་ལ་བརྟེན་ནས་སྔོན་དུས་ཀྱི་མཁས་པ་ཆེན་པོ་རྔོག་ལོཙྪ་བ་ཡབ་སྲས་ཀྱིས་ཀྱང་དོན་དམ་བདེན་པ་ཤེས་བྱ་མ་ཡིན་པར་བཞེད་པ་དང༌། རིགས་པའི་དབང་ཕྱུག་ཆ་བ་ཆོས་ཀྱི་སེངྒེས་ཀྱང་བདེན་མེད་བདེན་གྲུབ་ཏུ་བཞེད་པ་སོགས་འཁྲུལ་བ་དུ་མ་བྱུང་བར་རྗེ་བདག་ཉིད་ཆེན་པོ་གསུང་ངོ༌།  ། ལེགས་བཤད་སྙིང་པོ་དང་འཇུག་པའི་རྣམ་བཤད་ཆེན་མོར་སྔར་བཤད་པ་དེ་ལས་གཞན་ལེགས་ལྡན་གྱི་གཞུང་གི་སྐོར་དང་ཡེ་ཤེས་སྙིང་པོའི་བདེན་གཉིས་ཀྱི་སྐོར་དང་དབུ་མ་རྒྱན་རང་འགྲེལ་དང་བཅས་པ་ལས་ཀྱང་དགག་བྱ་ངོས་འཛིན་གསལ་བར་མ་བཤད་ལ།    དབུ་མ་སྣང་བ་ལས་ཀུན་རྫོབ་ཏུ་ཡོད་ཚུལ་བཤད་པའི་ཟློག་ཕྱོགས་ཀྱི་ཡོད་པ་ནི་བདེན་པར་ཡོད་ཚུལ་ཡིན་པས་དེ་ལྟར་བཤད་དགོས་སོ་ཞེས་གསུངས་པ་ལ། གཞན་ཕྱོགས་པ་ཁ་ཅིག   །ལེགས་ལྡན་སོགས་ཀྱི་གཞུང་ལས་དོན་དམ་དུ་གྲུབ་ཚུལ་གང་ཡང་མ་བསྟན་པར་དགོངས་སོ་སྙམ་ནས་རྗེ་བླ་མའི་གསུང་དེ་མི་འཐད་དེ། བདེན་གཉིས་ལས། བློ་ལ་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་གཅིག་ཤོས་སོ།   །ཞེས་གསུངས་པས་ཀུན་རྫོབ་ཏུ་གྲུབ་ཚད་དང་དོན་དམ་དུ་གྲུབ་ཚད་གཉིས་ཀ་བསྟན་པའི་ཕྱིར་ཞེས་ཟེར་ལ།    རང་རེའི་མཁས་པ་སྔ་མ་འགའ་ཞིག་གིས་ཀྱང་དེ་བདེན་པར་སྣང་ཞེས་ཟེར་བ་ནི་རྗེ་བླ་མའི་གསུང་དང་གཞུང་གི་དོན་གཉིས་ཀ་ལ་ལེགས་པར་མ་བརྟགས་པའི་ཅ་ཅོར་ཟད་དོ།   །དེ་འགོག་པ་ལ་མཁས་གྲུབ་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེས་བདེན་གཉིས་ཀྱི་ལུང་དེའི་ཀུན་རྫོབ་ཞེས་པ་ཡན་ཆད་ཀྱིས་ཀུན་རྫོབ་ཏུ་གྲུབ་པ་ནི་བ་ལང་རྫི་ཡན་ཆད་ཀྱི་བློ་ལ་སྣང་བ་འདི་ཁོ་ན་ཡིན་ལ་ཞེས་བཤད་ཅིང༌། ལྷག་མས་དོན་དམ་དུ་གྲུབ་ཚད་བ་ལང་རྫི་སོགས་ལ་མི་སྣང་བར་བསྟན་པ་ཡིན་ཏེ། ཟུར་སྔ་མ་འགྲེལ་བ་འགྲེལ་བཤད་དང་བཅས་པས་གྲུབ་ལ་དེས་གཅིག་ཤོས་མི་སྣང་བ་ལ་བྱེད་པར་རིགས་པས་གྲུབ་པའི་ཕྱིར། དེས་ན་ཁྱེད་ཅག་ལྟར་ན་བ་ལང་རྫི་སོགས་གྲོལ་་ཟིན་པར་ཐལ། དེ་དག་ལ་ཆོས་གང་ཡང་བདེན་གྲུབ་ཏུ་མི་སྣང་བའི་ཕྱིར། དེ་དག་གིས་དབུ་མའི་ལྟ་བ་རྙེད་ཟིན་པར་ཐལ། དེ་དག་ལ་ཆོས་ཐམས་ཅད་ཐ་སྙད་དུ་གྲུབ་པར་སྣང་བའི་ཕྱིར། དེས་ན་གཞུང་དེས་ཀུན་རྫོབ་དང་དོན་དམ་དུ་གྲུབ་ཚད་སྟོན་པ་མིན་གྱི་བདེན་གཉིས་ངོས་འཛིན་གྱི་གཞུང་ཡིན་ནོ་ཞེས་གསུང་ངོ༌། །དེ་ནི་གཞུང་ཆེན་མོ་ལ་ནང་བྱན་ཚུད་པའི་མཁས་པ་ཆེན་པོའི་གསུང་ཡིན་པས་ཤིན་ཏུ་ལེགས་མོད། །ད་དུང་འདི་ལྟར་བཤད་ན་ལེགས་སམ་སྙམ་སྟེ། སྤྱིར་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བའི་དོན་དམ་ལ་གཉིས་ཡོད་དེ།  ཐོས་བསམ་སྒོམ་གསུམ་གྱི་རིགས་ཤེས་ལ་དོན་དམ་དང་དེས་སྔར་བཤད་པ་ལྟར་གྲུབ་པ་ལ་དོན་དམ་དུ་གྲུབ་པར་བྱས་པ་གཅིག་དང༌། བློ་གནོད་མེད་ཀྱི་དབང་གིས་བཞག་པ་མིན་པའི་དོན་གྱི་སྡོད་ལུགས་སུ་ཡོད་པ་ལ་དོན་དམ་དུ་ཡོད་པར་བཞག་པ་གཉིས་སོ། །དོན་དམ་དཔྱོད་པའི་རིགས་ཤེས་ཀྱི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པའི་ལྷན་སྐྱེས་ཀྱི་བདེན་འཛིན་གྱིས་བདེན་པར་བཟུང་ཚུལ་ནི་ཕྱི་མ་ལྟར་ཡིན་ནོ། །
དེའི་ཕྱིར་བདེན་མེད་སྒྲུབ་པའི་རྟགས་ཀྱི་དགག་བྱའི་གཅོ་བོ་ནི་ཕྱི་མའི་བདེན་གྲུབ་ཉིད་ཡིན་པས་ལུགས་འདིའི་ལྟ་བ་གཏན་ལ་འབེབས་པ་རྣམས་ཀྱིས་ཀྱང་ཐོག་མར་རང་རྒྱུད་ཀྱི་བདེན་འཛིན་ངོས་གཟུང་བའི་ཚེ་ཕྱི་མའི་བདེན་གྲུབ་ཏུ་འཛིན་ཚུལ་ངོས་འཛིན་དགོས་པ་ཡིན་ནོ། །དེའི་ཕྱིར་སྔ་མའི་དོན་དམ་དུ་གྲུབ་ཚུལ་དབུ་མ་སྙིང་པོ་རྩ་འགྲེལ་དང་དབུ་མ་རྒྱན་རྩ་འགྲེལ་སོགས་ལས་རྒྱས་པར་བཤད་པ་རྗེ་བདག་ཉིད་ཆེན་པོ་རང་གིས་གསལ་བར་བཤད་པས། དོན་དམ་པར་ཡོད་ཚུལ་དེ་ནི་དབུ་མ་སྣང་བ་མ་གཏོགས་པའི་རང་རྒྱུད་པའི་གཞུང་ཁུངས་ཐུབ་གཞན་ལས་གསལ་བར་མ་བཤད་པར་རྗེ་བླ་མས་བཞེད་པའི་གོ་སྐབས་ག་ལ་ཡོད། འཇོག་ཚུལ་གཉིས་པའི་དབང་དུ་བྱས་པའི་དོན་དམ་དུ་ཡོད་ཚུལ་གསལ་བར་བཤད་པ་ནི་གཞུང་དེ་དག་ཏུ་ཡོད་ན་ཁྱེད་ཅག་གིས་སྟོན་ཅིག་དང་ཁོ་བོས་སྟོངས་གདབ་པར་བྱའོ།   །
གལ་ཏེ་ཁྱེད་ཅག་གིས་དྲངས་པའི་བདེན་གཉིས་ཀྱི་ལུང་དེས་འཇོག་ཚུལ་གཉིས་པའི་དབང་དུ་བྱས་པའི་དོན་དམ་དུ་གྲུབ་ཚུལ་བསྟན་པ་ཡིན་ནོ་ཞེས་ཟེར་ན། ཚིག་གང་གིས་བསྟན་པ་སྟོན་ཅིག །གལ་ཏེ། གཞན་ནི་གཅིག་ཤོས་སོ།  །ཞེས་པས་བསྟན་པ་ཡིན་ནོ་ཞེས་ཟེར་ན། དེ་ལྟར་ན་ཚིག་དེས་བཤད་པའི་དོན་དམ་དུ་གྲུབ་ཚུལ་ལྟར་གྲུབ་པའི་ཆོས་ཅིག་མི་སྲིད་པར་ཐལ་ཏེ། འཇོག་ཚུལ་གཉིས་པའི་དོན་དམ་ནི་བདེན་གྲུབ་ལ་བྱ་དགོས་ཤིང་བདེན་གྲུབ་ཡོད་པར་འདོད་པའི་དབུ་མ་པ་མི་སྲིད་པའི་ཕྱིར།འདོད་ན། །དོན་དམ་བདེན་པ་མི་སྲིད་པར་ཐལ། དེ་གཞན་ནི་གཅིག་ཤོས་སོ་ཞེས་པའི་གཞུང་གི་སྐབས་ནས་བསྟན་པའི་དོན་དམ་པ་དེར་ཡོད་པའི་ཕྱིར་རོ། །མ་གྲུབ་ན། །འགྲེལ་བཤད་ལས་གཞན་ནི་ཞེས་བྱ་བ་ནི་ཇི་ལྟར་སྣང་བ་ལས་གཞན་པའོ།   །དེའི་ཕྱིར་འདིས་ནི་རིགས་པ་ཇི་ལྟ་བ་བཞིན་ཉིད་ནི་དོན་དམ་པའི་བདེན་པའོ་ཞེས་སྟོན་ཏེ། །ཞེས་གསུངས་པའི་དོན་ཅི་ཡིན་སྟོན་ཅིག །གལ་ཏེ་བདེན་གྲུབ་དོན་དམ་བདེན་པར་འདོད་ན་ནི་དབུ་མ་པའི་དྲི་མི་བྲོ་བར་ཟད་དོ། །དེས་ན་བདེན་གཉིས་ཀྱི་ལུང་གི་དོན་ནི་ཇི་ལྟར་སྣང་བ་འདི་ཁོ་ན། ཀུན་རྫོབ་ཞེས་པས་ཐ་སྙད་པའི་ཚད་མ་ལ་ཡུལ་གྱི་གནས་ཚད་དང་མཐུན་པར་ཇི་ལྟར་སྣང་ཞིང་མཐོང་བ་འདི་ཁོ་ན་ཀུན་རྫོབ་བདེན་པ་ཞེས་ཕྱེད་སྔ་མས་མཚན་ཉིད་དང་ཕྱེད་ཕྱི་མས་མཚོན་བྱ་སྟོན་པ་ཡིན་ཞིང༌།   དེ་ཡང་སྣང་བའི་དོན་མཐོང་བ་ལ་བྱས་ནས་བ་ལང་རྫི་ཡན་ཆད་གྲུབ་མཐས་བློ་བསྒྱུར་མ་བསྒྱུར་གཉིས་ཀ་ལ་ཡུལ་སྟེང་དུ་ཇི་ལྟར་གནས་པ་མཐོང་བ་དེ་ལྟར་ཀུན་རྫོབ་བདེན་པར་གནས་པར་བཤད་པ་ཡིན་གྱི་ཡང་དག་པར་གྲུབ་པའི་དོན་ལ་ཀུན་རྫོབ་ཏུ་བཤད་པ་མ་ཡིན་ལ། ཁོ་ནའི་སྒྲས་ཀྱང་རིགས་ཤེས་ཀྱིས་རྙེད་པ་ཉིད་གཅོད་པ་ཡིན་ནོ། །གཞན་ནི་གཅིག་ཤོས་སོ་ཞེས་པས་དེ་ལས་གཞན་རིགས་ཤེས་ཀྱིས་རྙེད་པའམ་གྲུབ་པའི་དོན་ནི་གཅིག་ཤོས་དོན་དམ་བདེན་པའི་མཚན་ཉིད་ཡིན་ཞེས་པ་སྟེ། གཞན་ནི་ཞེས་པས་མཚན་ཉིད་དང་གཅིག་ཤོས་སོ་ཞེས་པས་མཚོན་བྱ་བསྟན་པ་ཡིན་ནོ། །དེ་དག་ལ་དགོངས་ནས་རྒྱལ་ཚབ་རྗེས་དེའི་ཕྱི་འགྲེལ་དུ།  དེ་ཡང་ཐ་སྙད་པའི་ཚད་མས་རྙེད་པའི་དོན་ཀུན་རྫོབ་བདེན་པར་འཇོག་པ་བཞིན་དུ་རིགས་ཤེས་ཀྱིས་རྙེད་པའི་དོན་ཁོ་ན་དོན་དམ་བདེན་པ་ཡིན་ནོ་ཞེས་པའོ་ཞེས་གསུངས་སོ། །རང་འགྲེལ་འགྲེལ་བཤད་དང་བཅས་པ་ལས་ཀྱང་དོན་དམ་བདེན་པར་གསལ་བར་བཤད་པས་གཞུང་འདིས་རྟགས་ཀྱི་དགག་བྱའི་བདེན་ཚད་བསྟན་པར་ཤེས་རིག་དང་ལྡན་པ་སུ་ཞིག་སྨྲ།   དེས་ན་རྗེ་བླ་མའི་གསུང་ལ་སྐྱོན་གྱི་གོ་སྐབས་ག་ལ་ཡོད།  ཚུལ་འདི་ལྟར་བཤད་ན་གཞུང་གི་དགོངས་པར་འགྲོ་ཚབས་ཤིན་ཏུ་ཆེ་སྟེ།  རྗེ་བླ་མའི་དགོངས་པ་ནི་དོན་དམ་པ་འཇོག་ཚུལ་གཉིས་ལས་ལྟ་བ་གཏན་ལ་འབེབས་པ་ལ་ཕྱི་མ་ངེས་པ་ཤིན་ཏུ་གལ་ཆེ་བ་དང་ཕྱི་མའི་དོན་དམ་དུ་གྲུབ་ཚུལ་དབུ་མ་སྣང་བ་མ་གཏོགས་པའི་གཞུང་གཞན་ལས་གསལ་བར་མི་འབྱུང་བ་ལ་དགོངས་ནས་དེ་ལྟར་གསུངས་པ་ཡིན་པའི་ཕྱིར་དང༌།  བདེན་གཉིས་ཀྱི་ལུང་དོན་ཀྱང་བཤད་མ་ཐག་པ་ལས་གཞན་དུ་དྲང་དུ་མེད་པའི་ཕྱིར་རོ།  །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号