ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ཀླུ་སྒྲུབ་ཡབ་སྲས་ཀྱིས་མདོའི་དྲང་ངེས་ཕ
སྤེལ་དུས།03-30  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
བདེན་གཉིས་ཀྱི་མཚན་ཉིད་ནི།    ཐ་སྙད་པའི་ཚད་མས་རྙེད་པའི་དོན་ནི་ཀུན་རྫོབ་བདེན་པའི་མཚན་ཉིད། དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཚད་མས་རྙེད་པའི་དོན་ནི་དོན་དམ་བདེན་པའི་མཚན་ཉིད། འདིར་དོན་དམ་ལ་དོན་དམ་བདེན་པ་དངོས་དང་མཐུན་པའི་དོན་དམ་གཉིས་བཤད་དེ།  བདེན་གཉིས་ལས། སྐྱེ་བ་ལ་སོགས་བཀག་པ་ཡང༌། །ཡང་དག་པ་དང་མཐུན་པའི་ཕྱིར།   །དོན་དམ་ཡིན་པར་ཁོ་བོ་འདོད།  ། ཅེས་དང༌། དབུ་མ་སྣང་བ་ལས་ཀྱང༌། དེ་ལྟར་ན་སྐྱེ་བ་མེད་པ་འདི་ཡང་དོན་དམ་པ་དང་མཐུན་པའི་ཕྱིར་དོན་དམ་པ་ཞེས་བྱའི། དངོས་སུ་ནི་མ་ཡིན་ཏེ། དངོས་སུ་ན་དོན་དམ་པ་སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱིར་རོ།   ། ཞེས་གསུངས་སོ།  ། གཞན་ཡང་བདེན་གཉིས་ལས། བསླུ་བ་མེད་པའི་རིགས་པ་ནི།  ། དོན་དམ་ཡིན་ཏེ་ཞེས་དང༌། དབུ་མ་སྣང་བ་ལས་ཀྱང༌།  གང་ཡང་དོན་དམ་པར་སྐྱེ་བ་མེད་ཅེས་བྱ་བ་ལ་སོགས་སྨྲས་པ་དེ་ལ་ཡང་དོན་ནི་འདི་ཡིན་པར་འདོད་དེ། ཡང་དག་པའི་ཐོས་པ་དང་བསམ་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་པ་ཐམས་ཅད་ནི་ཕྱིན་ཅི་མ་ལོག་པའི་ཡུལ་ཅན་ཡིན་པའི་ཕྱིར་དོན་དམ་པ་ཞེས་བྱ་སྟེ།  འདིའི་དོན་དམ་པ་ཡིན་པའི་ཕྱིར་རོ།  ། ཞེས་གསུངས་པས་ཡུལ་ཆོས་ཉིད་ལ་དོན་དམ་པར་བཤད་པ་དང་ཡུལ་ཅན་རིགས་ཤེས་ལ་དོན་དམ་པར་བཤད་པ་གཉིས་ཡོད་ལ་དེ་རེ་རེ་ལ་ཡང་གཉིས་གཉིས་ཡོད་དེ།    ཡུལ་སྟོང་པ་ཉིད་ནི་མཉམ་བཞག་ཟག་མེད་ཡེ་ཤེས་ཀྱི་ངོར་གཉིས་སྣང་གི་སྤྲོས་པ་དང་བདེན་པའི་སྤྲོས་པ་གཉིས་ཆར་དང་བྲལ་བའི་དོན་དམ་དངོས་དང༌།   རིགས་ཤེས་རྟོག་བཅས་ཀྱི་ངོར་ནི་བདེན་པའི་སྤྲོས་པ་དང་བྲལ་ཡང་གཉིས་སྣང་གི་སྤྲོས་པ་དང་མ་བྲལ་བས་སྤྲོས་པ་ཕྱོགས་གཅིག་ཙམ་དང་བྲལ་བ་ཡིན་ལ།   དེའི་ཕྱིར་ཡུལ་སྟོང་ཉིད་དེ་སྤྱིར་དོན་དམ་དངོས་ཡིན་ཀྱང་རིགས་ཤེས་རྟོག་བཅས་དེའི་ངོར་སྤྲོས་པ་གཉིས་ཆར་དང་བྲལ་བའི་དོན་དམ་མ་ཡིན་པ་སྟེ། ཡུལ་གྱི་དོན་དམ་ལ་འཇོག་ཚུལ་གཉིས་སོ།   །འཕགས་པའི་མཉམ་བཞག་མི་རྟོག་ཡེ་ཤེས་ནི་དེ་ཁོ་ན་ཉིད་ལ་འཇུག་པ་ན་སྤྲོས་པ་གཉིས་ཆར་རང་གི་ཡུལ་དུ་གཅོད་ནུས་པས་དོན་དམ་པ་དངོས་དང༌། རྟགས་ལ་བརྟེན་ནས་དེ་ཁོ་ན་ཉིད་འཇལ་བའི་རིགས་ཤེས་རྟོག་བཅས་ནི་རང་གི་ཡུལ་དུ་བདེན་པའི་སྤྲོས་པ་གཅོད་ནུས་ཀྱང་གཉིས་སྣང་གི་སྤྲོས་པ་གཅོད་མི་ནུས་པས་སྔ་མ་དང་རྣམ་པ་རྗེས་སུ་མཐུན་པ་ཙམ་གྱིས་དོན་དམ་དུ་བཞག་པ་མཐུན་པའི་དོན་དམ་སྟེ།   ཡུལ་ཅན་གྱི་དོན་དམ་འཇོག་ཚུལ་གཉིས་སོ།    །
མདོར་བསྡུ་ན། ཡུལ་ཆོས་ཉིད་དོན་དམ་བདེན་པ་དངོས་དང༌།  ཡུལ་ཅན་གྱི་ཤེས་པ་དོན་དམ་བདེན་པ་དངོས་མ་ཡིན་མོད་ཀྱང་གཞུང་ལས་བཤད་ཚོད་ལ་དེ་ཡང་དོན་དམ་པར་བཤད་པ་དང༌།  དེ་དག་རེ་རེ་ལ་ཡང་དངོས་དང་རྗེས་མཐུན་པ་གཉིས་གཉིས་ཀྱི་རྣམ་བཞག་ཡོད་པར་ཤེས་པར་བྱའོ། །དོན་དམ་པའི་སྐྱེ་བ་སོགས་ཕུང་སོགས་ཀྱི་སྟེང་དུ་བཀག་པའི་མ་ཡིན་དགག་གི་སྟོང་པ་ནི་དོན་དམ་བཏགས་པ་བ་དང་ཀུན་རྫོབ་མཚན་ཉིད་པ་ཡིན་ཏེ། སྟོང་ཚུལ་དེ་ནི་རང་མངོན་སུམ་དུ་མཐོང་བའི་བློའི་ངོར་གཉིས་སྣང་དང་བཅས་པ་ཁོ་ནར་འཆར་གྱི་གཉིས་སྣང་དང་བྲལ་བར་གཏན་མི་འཆར་བའི་ཕྱིར། དེ་ཡང་ཡིན་ཏེ། སྟོང་ཚུལ་དེ་ནི་སྟོང་གཞི་དེ་དག་མངོན་སུམ་དུ་སྣང་བའི་ཐ་སྙད་པའི་ཚད་མ་མིག་ཤེས་ལ་སོགས་པ་ལའང་སྣང་དགོས་པའི་ཕྱིར་རོ།   །འདིས་ནི་སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དང་འཕགས་པ་སློབ་པའི་རྗེས་ཐོབ་ཀྱི་ཡེ་ཤེས་མ་ཡིན་དགག་སྒྱུ་མ་ལྟ་བུའི་དོན་འཇལ་བ་རྣམས་ཀྱི་ཡུལ་སྣང་སྟོང་གཉིས་་ཚོགས་རྣམས་ཀྱང་རྣམ་གྲངས་པའི་དོན་དམ་ཡིན་གྱི་དོན་དམ་བདེན་པ་དངོས་མིན་ནོ། ། ཞེས་ཤེས་པར་བྱའོ།  ། གཞན་ཡང་དབུ་མ་སྣང་པ་ལས། ཆོས་དང་གང་ཟག་ལ་བདག་མེད་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་ནི་རིགས་པ་དང་ལྡན་པས་དམ་པ་ཡིན་ཞིང་དོན་ཀྱང་དེ་ཡིན་ཏེ། སྒྲིབ་པ་སྤོང་བ་དོན་དུ་གཉེར་བ་རྣམས་ཀྱིས་རྟོགས་པར་བྱ་བའི་ཆེད་དུ་དོན་དུ་གཉེར་བར་བྱ་བ་ཡིན་པའི་ཕྱིར་དང༌། ཡེ་ཤེས་དམ་པ་ཕྱིན་ཅི་མ་ལོག་པའི་དོན་ཏེ། ཡུལ་ཡིན་པའི་ཕྱིར་དོན་དམ་པ་ཞེས་བྱའོ།   །ཞེས་ཆོས་དང་གང་ཟག་གི་བདག་མེད་གཉིས་ཀ་དོན་དམ་བདེན་པར་བཤད་ཅིང༌། རྗེ་བདག་ཉིད་ཆེན་པོས་རང་རྒྱུད་པའི་སྐབས་ཀྱི་རྩ་ཤེས་ཊིཀ་ཆེན་ལས་ཀྱང༌།   དེའི་ཕྱིར་ཕུང་པོའི་ཆོས་དང་གང་ཟག་གི་བདག་མེད་རྟགས་ཀྱི་དགག་བྱའི་སྤྲོས་པ་བཅད་ཙམ་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཟག་པ་མེད་པས་རྙེད་པའི་དོན་ཡིན་ལ།   ། དེའི་ངོར་གང་ཟག་དང་ཕུང་པོའི་གཉིས་སྣང་གི་སྤྲོས་པ་ཡང་ཞི་བ་ཡིན་པས་དོན་དམ་པའི་བདེན་པའོ་ཞེས་ལུགས་འདིས་གང་ཟག་གི་བདག་མེད་ཀྱང་དོན་དམ་བདེན་པར་འདོད་པར་གསུང་ལ།   ལེགས་བཤད་སྙིང་པོ་ལས་ཀྱང༌། དབུ་མ་སྣང་བའི་ལུང་དོན་བདག་མེད་གཉིས་ཀ་དོན་དམ་པ་མཚན་ཉིད་པར་བསྟན་པར་བཤད་དོ།   ། རྒྱལ་ཚབ་ཐམས་ཅད་མཁྱེན་པའི་བདེན་གཉིས་དར་ཊིཀ་ལས་ཀྱང༌།   དེ་དག་དང་མཐུན་པར་བདག་མེད་གཉིས་ཀ་དོན་དམ་བདེན་པར་བཤད་དོ།   །
གཞན་ཡང་ལུགས་འདིར་རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་་ཚུལ་གྱིས་རྟོགས་པར་བྱ་བ་དོན་དམ་བདེན་པའི་མཚན་ཉིད་དང༌།   རང་མངོན་སུམ་དུ་རྟོགས་པའི་བློས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཀུན་རྫོབ་བདེན་པའི་མཚན་ཉིད་དུ་བྱ་བ་ནི་གྲགས་ཆེ་ཞིང༌། དེ་ལྟར་ན་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་འཕགས་རྒྱུད་ཀྱི་བར་ཆད་མེད་ལམ་གྱིས་ཀྱང་རང་ཡུལ་ལ་ཆུ་ལ་ཆུ་བཞག་ལྟར་གཉིས་སྣང་ནུབ་པའི་ཚུལ་གྱིས་མཉམ་པར་བཞག་པ་ལས་མ་འདས་པས་གང་ཟག་གི་བདག་མེད་དོན་དམ་བདེན་པར་ཁས་ལེན་དགོས་པར་འགྱུར་རོ།   ། དེ་ལ་ཡང་གཞན་དག་ན་རེ། གཉིས་སྣང་ལ་རང་ལས་ཐ་དད་པའི་གཉིས་སྣང་དང་བདེན་སྣང་དང་ཀུན་རྫོབ་ཀྱི་སྣང་བ་ལ་གཉིས་སྣང་དུ་བཤད་པ་གསུམ་ཡོད་པའི་དང་པོ་མེད་ཀྱང་ཐ་མ་ཡོད་པས་གཉིས་སྣང་དང་བཅས་པ་མི་འགལ་ལ།   ཤེར་ཕྱིན་གྱི་མདོ་ལས་གཟུགས་བདག་མེད་པ་ཞེས་བྱ་བར་ཉེ་བར་སྟོན་པ་ཡང་ཤེར་ཕྱིན་ལྟར་བཅོས་པ་ཡིན་པར་གསུངས་པ་དང༌།   ཤེར་ཕྱིན་རྣལ་མར་སྤྱོད་ན་དམིགས་པ་མེད་པའི་སྟོང་ཉིད་ལ་སྤྱོད་དགོས་པར་གསུངས་པས་ཐེག་པ་འོག་མའི་འཕགས་རྒྱུད་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཡང་དམིགས་བཅས་ཀྱི་ཤེར་ཕྱིན་ལས་མ་འདས་པའི་ཕྱིར་གཉིས་སྣང་དང་བཅས་པར་འཇོག་གོ ། ཞེས་གསུངས་ཤིང་སྟོང་ཐུན་ཆེན་མོར་ཡང༌། སེམས་ཙམ་པ་དང་དབུ་མ་རང་རྒྱུད་པ་དག་གང་ཟག་གི་བདག་མེད་དོན་དམ་བདེན་པར་མི་འདོད་ཅིང་གང་ཟག་གི་བདག་འགོག་པའི་རིགས་པ་ཡང་ཀུན་རྫོབ་དཔྱོད་བྱེད་ཀྱི་རིགས་པར་འདོད་དོ། །ཞེས་གསུངས་སོ།  ། དེ་ལ་ཕྱོགས་སྔ་མ་ལྟར་ན་འཕགས་རྒྱུད་ཀྱི་བར་ཆད་མེད་ལམ་དེའི་ངོར་ཀུན་རྫོབ་ཀྱི་སྣང་བ་ཡོད་པ་ནི་ད་དུང་བསྒྲུབ་པར་བྱ་བ་ཡིན་གྱི་གཏན་ཚིགས་སུ་མི་རུང་ལ།   ལུང་གི་དོན་ཡང་རྣམ་པ་གཞན་དུ་འཆད་དུ་རུང་བར་སྣང་ངོ༌།    །
རང་རིག་ཁས་ལེན་པའི་རང་རྒྱུད་པ་ལྟར་ན་རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་དོན་དམ་བདེན་པའི་མཚན་ཉིད་དུ་འཇོག་པ་ལ་ཡང་ད་དུང་བརྟགས་དགོས་སོ། །གཞན་ཡང་གང་ཟག་རང་རྐྱ་བ་ཕུང་པོ་དང་གཅིག་དུ་བྲལ་གྱིས་སྟོངས་པར་གཏན་ལ་འབེབས་པའི་རིགས་པ་དེ་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ཙམ་གྱིས་མ་ཚིམ་པར་དོན་གྱི་སྡོད་ལུགས་ལ་དཔྱོད་པའི་རིགས་པ་ཡིན་ནམ་མིན།   ཡིན་ན་དེ་ཙམ་གྱིས་དོན་དམ་དཔྱོད་བྱེད་ཀྱི་རིགས་པར་འགྲོའམ་མི་འགྲོ།    དོན་དམ་དཔྱོད་བྱེད་དུ་སོང་ཀྱང་རིགས་པ་དེས་དེ་ལྟ་བུའི་གང་ཟག་རང་རྐྱ་བ་དེ་མེད་པར་རྙེད་པ་ལ་དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཀྱིས་རྙེད་པས་ཁྱབ་བམ་མ་ཁྱབ། དེ་ལ་ཡང་བློ་ངོ་ལ་ལྟོས་ཏེ་རིགས་ཤེས་ཀྱིས་རྙེད་པའི་དོན་དམ་དངོས་སུ་སོང་མ་སོང་གི་ཆ་གཉིས་འབྱེད་མི་འབྱེད་སོགས་ལེགས་པར་བརྟགས་ཏེ་རྗེ་ཡབ་སྲས་གསུམ་གྱི་གསུང་རབ་རྣམས་གུང་བསྒྲིགས་ནས་རྩོད་པ་སྤོང་ལུགས་ཤིག་ཤེས་ན་མཁས་པ་མགུ་བའི་གཏམ་དུ་འགྱུར་བར་སྣང་གི  ། གསུང་རབ་ཀྱི་ཕྱོགས་གཅིག་ཙམ་མཐོང་བས་ཕྱོགས་གཅིག་ཤོས་རས་སུ་འབོར་བ་དང་།   རང་བཟོས་འབྲུ་གནོན་གང་ཐུབ་བྱེད་པ་རྣམས་ཀྱིས་ཚིམ་སླ་བར་མི་འོས་སོ།  ། རྩ་ཤེའི་རབ་བྱེད་བཅོ་བརྒྱད་པའི་འགྲེལ་བ་ཤེས་རབ་སྒྲོན་མ་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་སོགས་ཀྱི་སྐབས་སུ། འདིར་སྦྱོར་བའི་ཚིག་ནི་དོན་དམ་པར་འབྱུང་བ་དང་འབྱུང་བ་འདུས་པ་དང་ངབང་པོ་དང་དབང་པོ་འདུས་པ་དང་རྣམ་པར་ཤེས་པ་དང་དབང་པོ་དང་བཅས་པའི་ལུས་དང་རྣམ་པར་ཤེས་པ་དང་བཅས་པའི་ལུས་ནི་བདག་མ་ཡིན་ཏེ།  སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར། དཔེར་ན་ཕྱི་རོལ་གྱི་འབྱུང་བ་དག་བཞིན་ནོ།   ། ཞེས་སོགས་གང་ཟག་གི་བདག་མེད་སྒྲུབ་པའི་རིགས་པ་རེ་རེ་བཞིན་ནས་དོན་དམ་པ་ཞེས་པའི་ཁྱད་པར་སྦྱོར་བར་མཛད་ལ། ནང་དང་ཕྱི་རོལ་ཉིད་དག་ལ།   །བདག་དང་བདག་གི་ཟད་གྱུར་ན། ། ཉེ་བར་ལེན་པ་འགག་འགྱུར་ཞིང༌། ། དེ་ཟད་པས་ནི་སྐྱེ་བ་ཟད། ། ཞེས་པའི་ཐད་ཀྱི་འགྲེལ་བ་ལས་ཀྱང༌། ཐར་པ་དེ་ཡང་གང་ཟག་གི་བདག་མེད་པས་མཐོང་བའི་ཕྱིར་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིན་ནོ།   །སངས་རྒྱས་ཀྱི་ཐེག་པས་འགྲོ་བ་རྣམས་ཀྱིས་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པས་ཐོབ་སྟེ།  ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཐབས་ནི་ཇི་སྐད་བསྟན་པ་དེ་དག་ཡིན་ནོ།   །ཞེས་རབ་བྱེད་དེར་བཤད་པའི་རིགས་པ་དེ་རྣམས་ཐེག་དམན་གྱི་རིགས་ཅན་རྣམས་ཀྱིས་ཀྱང་བསྒོམ་པར་བྱ་བར་གསུངས་ཤིང་གང་ཟག་གི་བདག་གིས་སྟོང་ཚུལ་དེ་སྟོང་པ་ཉིད་ཀྱི་དོན་དུ་ཡང་གསུང་སྟེ། བཤད་མ་ཐག་པའི་གཞུང་དེའི་སྔ་འགྲེལ་ལས།   དེ་ལྟར་ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་བྱེད་པ་ལ་བརྩོན་པའི་རྣལ་འབྱོར་བ་དེས་དེ་དག་སྟོང་པ་ཉིད་དུ་རྟོགས་པའི་ཕྱིར། ཞེས་གསུངས་སོ།     །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号