གཉིས་པ་འཕྲོས་དོན་ལ་མདོ་སྡེ་སྤྱོད་པའི་རང་རྒྱུད་པ་འདི་པས་བདེན་གཉིས་ངེས་བྱེད་ཀྱི་ཚད་མ་ནི་མངོན་སུམ་དང་རྗེས་དཔག་ཚད་མ་གཉིས་སུ་འདོད་པ་ནི་འདྲ་ལ། རྗེས་དཔག་གི་རྟེན་རྟགས་ཀྱི་དབྱེ་བ་སོགས་ཀྱང་ཕལ་ཆེར་སྔ་མ་རྣམས་དང་འདྲའོ། །མངོན་སུམ་ལ་རང་རིག་མངོན་སུམ་མི་བཞེད་ཚུལ་གོང་དུ་བཤད་ཟིན་པས་དབང་ཡིད་རྣལ་འབྱོར་མངོན་སུམ་གསུམ་དུ་གྲངས་ངེས་སོ། །ཚད་འབྲས་ཀྱི་རྣམ་བཞག་ཀྱང་སེམས་ཙམ་པ་དང་མི་མཐུན་ལ་རིགས་པའི་རྗེས་འབྲང་གི་མདོ་སྡེ་པ་དང་ཡང་མི་མཐུན་ཏེ། རང་རིག་མི་བཞེད་པའི་ཕྱིར་རོ། །དབང་ཤེས་ཀྱི་རྐྱེན་གསུམ་གྱི་རྣམ་བཞག་ཀྱང་སེམས་ཙམ་པ་དང་མི་མཐུན་ཏེ། འདི་པས་རྡུལ་ཕྲ་རབ་བསགས་པའི་རེ་རེ་ནས་དབང་ཤེས་ཀྱི་རྒྱུར་བཞེད་པའི་ཕྱིར་རོ། །རྡུལ་ཕྲ་རབ་དེ་ཡང་རྫས་ཡོད་དུ་བཞེད་དེ། རྡུལ་ཕྲ་རབ་དེ་ཡུལ་སྟེང་ནས་གྲུབ་ཅིང་བཏགས་དོན་བཙལ་བའི་མཐར་རྙེད་པའི་དབང་དུ་བྱས་ནས་འཇོག་པའི་ཕྱིར་རོ། །བདེན་མེད་ཞལ་གྱིས་བཞེས་པའི་དབུ་མ་པ་རྣམས་ཀྱིས་ཆ་མེད་ཀྱི་དངོས་པོ་ནམ་ཡང་ཁས་མི་ལེན་པར་མཁས་གྲུབ་ཐམས་ཅད་མཁྱེན་པས་སྟོང་ཐུན་ཆེན་མོ་དང་ཊིཀ་ཆེན་དེ་ཉིད་སྣང་བ་སོགས་ལས་གསུངས་སོ། །དེའི་ཕྱིར་ལམ་རིམ་ཆེན་མོ་ལས། རྡུལ་ཕྲ་བའི་མཐར་ཐུག་པར་ཡང་བཞེད་པར་་སྣང་བས་རྡུལ་ཆ་མེད་དམིགས་རྐྱེན་དུ་བཞེད་དོ། །ཞེས་ལེགས་ལྡན་གྱི་འདོད་པ་བརྗོད་པའི་སྐབས་སུ་གསུངས་པའི་དོན་རིགས་པས་ཅི་ཙམ་བརྟགས་ཀྱང་གཏན་ནས་ཆ་འབྱེད་རྒྱུ་མེད་པའི་ཆ་མེད་ལ་མི་བྱའི། རིགས་ཤེས་ལ་མ་ལྟོས་པའི་དབང་པོའི་ཤེས་པས་དེ་ལས་ཕྲ་བའི་ཆ་མཐོང་རྒྱུ་མེད་པའི་རྡུལ་ཕྲ་རབ་ལ་དགོངས་པར་བྱས་ན་འགྲིག་གམ་སྙམ་སྟེ་ད་དུང་བརྟག་པར་བྱའོ། །
དཔལ་ལྡན་ཟླ་བའི་འཇུག་འགྲེལ་ལས། ཁ་ཅིག་གིས་མདོ་སྡེ་བ་རྣམས་ཀྱི་ལུགས་གང་ཞིག་དོན་དམ་པར་སྨྲས་པ་དེ་ཉིད་དབུ་མ་པ་རྣམས་ཀྱིས་ཀུན་རྫོབ་ཏུ་འདོད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་དབུ་མ་པའི་བསྟན་བཅོས་ཀྱི་དེ་ཁོ་ན་ཉིད་མངོན་པར་མི་ཤེས་པ་ཁོ་ནས་སྨྲས་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །ཞེས་གསུངས་པ་དང༌། བཞི་བརྒྱ་པའི་འགྲེལ་བ་ལས་ཀྱང༌། བྱེ་བྲག་པ་ལྟར་རང་གི་སྡེ་པ་རྣམས་ཀྱིས་རྫས་ཀྱི་རྡུལ་ཕྲ་རབ་ཁས་ལེན་པར་མི་རིགས་སོ། ། ཞེས་གསུངས་པ་རྣམས་ཀྱང་འདི་པའི་ལུགས་ལ་ཟུར་ཟ་བར་སྣང་ངོ༌། །ཐལ་འགྱུར་བས་ཕྱི་དོན་ཁས་ལེན་མོད་ཀྱང་འདི་པ་དང་འཇོག་ཚུལ་མི་མཚུངས་ཏེ། ཅུང་ཟད་འཆད་པར་འགྱུར་ཞིང་རྒྱས་པར་གཞན་དུ་ཤེས་པར་བྱའོ། །ཡིད་ཀྱི་མངོན་སུམ་ཀྱང་ཚད་མ་པ་དང་མཐུན་མི་མཐུན་བརྟག་པར་བྱ་ཞིང་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་ཡང་ཅུང་ཟད་མི་འདྲའམ་སྙམ་མོ། །ཀུན་གཞི་དང་ཉོན་ཡིད་ཀྱང་མི་བཞེད་པ་ཤེས་པར་སླའོ། འདི་པས་ཕྱི་དོན་མེད་པ་མདོ་གང་གི་ཡང་དགོངས་པ་མིན་པར་བཞེད་པས་གཉིས་སྟོང་གི་དེ་ཁོ་ན་ཉིད་རྟོགས་པའི་རྣལ་འབྱོར་མངོན་སུམ་ཀྱང་མི་བཞེད་དོ། །དེའི་ཕྱིར་སློབ་དཔོན་འདི་པའི་ལུགས་ཀྱིས་རྒྱན་གྱི་དགོངས་པ་འགྲེལ་ཚུལ་ཡང་ཕྱོགས་གཞན་དང་མི་འདྲ་བར་བྱེད་དགོས་པར་སྣང་ངོ༌། །
བཞི་པ་ནི། འདི་པས་ཉན་རང་གཉིས་ཀྱི་ལམ་གྱི་ངོ་བོ་ལ་ཁྱད་པར་གཞན་མི་འདོད་ཅིང་བསྒོམས་པའི་དུས་དང་འབྲས་བུའི་དབང་དུ་བྱས་པའི་ཁྱད་པར་འབྱེད་པར་འདོད་དོ། །རང་རྒྱལ་ལ་ཚོགས་སྤྱོད་ཆེ་ཆུང་དང་བསེ་རུ་ལྟ་བུའི་རྣམ་བཞག་ཀྱང་མཛད་དོ། །ཐེག་དམན་དུ་ཆོས་ཀྱི་བདག་མེད་མ་བསྟན་པར་བཞེད་པས་ཉན་རང་རང་ལམ་དུ་རིགས་ངེས་པ་རྣམས་ཀྱིས་ཆོས་ཀྱི་བདག་མེད་རྟོགས་པ་མེད་་པར་བཞེད་དོ། །གལ་ཏེ་དེ་ལྟ་ན་དང་པོར་ཐེག་ཆེན་དུ་ཞུགས་ནས་ཆོས་ཀྱི་བདག་མེད་ལེགས་པར་གཏན་ལ་ཕབ་པ་ཅིག་དང་ཕྱིས་ཉན་རང་དུ་ལྷུང་བ་གཉིས་གཞི་མཐུན་སྲིད་པ་ནི་འདོད་དགོས་ལ། དེ་ལྟ་ན་དེ་འདྲ་བ་དེས་ཆོས་ཀྱི་བདག་མེད་བསྒོམ་པས་མངོན་དུ་འགྱུར་པ་དང་མཐོང་ཟིན་གོམས་པར་བྱེད་པ་ཡང་ཡོད་དགོས་སོ། །དེ་ཡང་འདོད་ན་དེས་བདེན་འཛིན་ཀུན་བཏགས་མཐོང་ལམ་ནས་སྤོང་བ་དང་ལྷན་སྐྱེས་བསྒོམ་ལམ་ནས་ཀྱང་སྤོང་བར་འདོད་དགོས་པས་བདེན་འཛིན་ཤེས་སྒྲིབ་ཏུ་འདོད་པ་དང༌། དེ་ཉན་རང་གི་ལམ་གྱིས་སྤོང་བ་མེད་པའི་རྣམ་བཞག་རྣམས་མི་འཐད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དེ་ལྟ་བུའི་གང་ཟག་དེས་དེ་ལྟར་བསྒོམས་པ་ལ་བརྟེན་ནས་བདེན་འཛིན་མངོན་གྱུར་རེ་ཞིག་མགོ་གནོན་པ་ཙམ་འོངས་ཡང་བདེན་འཛིན་ཀུན་བཏགས་དང་ལྷན་སྐྱེས་གང་གི་ཡང་ས་བོན་སྤངས་པ་མི་འོང་བས་ཆོས་་ཀྱི་བདག་མེད་མངོན་སུམ་དུ་མཐོང་བ་དང་མཐོང་ཟིན་གོམས་པར་བྱེད་པ་དེ་ཡང་དེ་ཁོ་ན་ཉིད་ཕྲ་མོ་རྟོགས་པའི་མཐོང་ལམ་དང་བསྒོམ་ལམ་དུ་མི་འཇོག་གོ །དེའི་རྒྱུ་མཚན་ཡང་བདེན་འཛིན་གྱི་ས་བོན་སྤོང་བ་ལ་བདག་མེད་བསྒོམ་པ་གཅིག་པུས་མི་ཆོག་གི་ཚོགས་མཐའ་ཡས་པའི་གྲོགས་ཀྱིས་ཟིན་པ་དགོས་པའི་ཕྱིར་རོ། །དེའི་ཕྱིར་བདེན་མེད་རྟོགས་པའི་ཤེས་རབ་སྤངས་བྱ་སྤོང་བའི་གཉེན་པོ་བར་ཆད་མེད་ལམ་གྱི་ངོ་བོར་སྐྱེ་བ་ནི་ཐབས་ཁྱད་པར་ཅན་གྱི་ནུས་པ་ལ་ལྟོས་དགོས་ཤིང༌། བར་ཆད་མེད་ལམ་ཀྱི་རང་དུས་ན་ཡང་ཐབས་ཀྱི་རིགས་ཁྱད་པར་ཅན་རྣམས་ཀྱི་ནུས་པ་རྗེས་སུ་འབྲེལ་བར་ཡོད་དགོས་སོ། །རིགས་པ་འདིས་རྒྱུན་མཐའི་བར་ཆད་མེད་ལམ་གྱི་རང་དུས་ན་རྒྱལ་བའི་ཟག་མེད་ཀྱི་ཡོན་ཏན་ཀུན་རྫོབ་པ་དང་དོན་དམ་པ་མཐའ་དག་སྐད་ཅིག་གཉིས་པར་མངོན་དུ་འགྱུར་ངེས་ཀྱི་ནུས་པ་ཡོངས་སུ་རྫོགས་པ་མཉམ་བཞག་ཡེ་ཤེས་དེའི་སྟེང་ན་ཡོད་དགོས་ཤིང༌། དེ་ལྟ་ན་ཡང་མཉམ་བཞག་ཡེ་ཤེས་དེ་ལ་ཀུན་རྫོབ་པའི་རྣམ་པ་མངོན་དུ་འགྱུར་མི་དགོས་སོ། །འདི་དག་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་དཀའ་བའི་གནས་ཡིན་པར་འདུག་ཅིང་འཚང་རྒྱ་བ་ལ་ངེས་པར་ཕར་ཕྱིནཐེག་པའི་ལམ་གྱི་མཐར་སྔགས་ལམ་གྱི་སྣོན་པ་འདེབས་དགོས་པའི་གནད་གཅིག་ནི་འདི་ཡིན་ནོ། །
རྩོད་སྤོང་བྱ་ཚུལ་འདི་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ལ་ཡང་འདྲ་ཞིང་རིགས་པའི་འགྲོས་ནི་ཐལ་འགྱུར་བའི་སྐབས་སུ་ཡང་ཤིན་དུ་མཁོའོ། ། འདི་དག་ཀྱང་རྗེ་བདག་ཉིད་ཆེན་པོའི་ལེགས་པར་བཤད་པའི་ཁྱད་ཆོས་ཆེན་པོ་འགྲན་ཟླ་མེད་པ་ཡིན་ཅིང་བདག་གིས་ཀྱང་རྗེ་དེ་ཉིད་ཀྱི་གསུང་རབ་ལ་བརྟེན་ནས་སྨྲས་པ་ཡིན་གྱི་དཀའ་བའི་གནས་འདི་དག་བདག་ལྟ་བུས་རང་སྟོབས་ཀྱིས་བཤད་པར་ག་ལ་ནུས། ཡང་གལ་ཏེ་སློབ་དཔོན་ལེགས་ལྡན་ཞབས་ཀྱིས་ཉན་ཐོས་ཀྱི་སྡེ་སྣོད་ལས་ཆོས་ཀྱི་བདག་མེད་བསྟན་ན་ཐེག་པ་ཆེན་པོ་བསྟན་པ་དོན་མེད་པར་འགྱུར་རོ་ཞེས་གསུངས་པ་ལས་ན་ཐེག་དམན་འཕགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་པ་མི་སྲིད་དགོས་ཏེ། གཞན་དུ་ན་ཆོས་ཀྱི་བདག་མེད་བསྟན་པ་ཁོ་ན་ཐེག་ཆེན གྱི་ཁྱད་ཆོས་སུ་མི་འགྱུར་བའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། དེ་ཁོ་ན་ཉིད་ཕྲ་མོ་རྟོགས་པའི་ཤེས་རབ་ནི་ཆོས་བདེན་པར་འཛིན་པའི་གཉེན་པོ་ཡིན་ཅིང་བདེན་འཛིན་ཤེས་སྒྲིབ་ཡིན་པའི་ཕྱིར་ཆོས་ཀྱི་བདག་མེད་སྟོན་པ་ནི་ཤེས་སྒྲིབ་སྤོང་བའི་ཆེད་དུ་སྟོན་པ་ཡིན་པས་ཉན་ཐོས་ཀྱི་སྡེ་སྣོད་ལས་ཆོས་ཀྱི་བདག་མེད་བསྟན་ན་ཐེག་དམན་པ་རྣམས་ཀྱིས་ཤེས་སྒྲིབ་སྤོང་དགོས་པར་འགྱུར་ཞིང༌། དེ་ལྟར་ན་ཤེས་སྒྲིབ་སྤོང་བའི་གཉེན་པོ་སྡེ་སྣོད་དེ་ལས་རྫོགས་པར་སྟོན་དགོས་པར་འགྱུར་བས་ཐེག་ཆེན་གྱི་སྡེ་སྣོད་དོན་མེད་དུ་ཐལ་བར་གསུངས་པ་ཡིན་གྱི་ཆོས་ཀྱི་བདག་མེད་ལས་གཞན་པའི་ཐེག་ཆེན་གྱི་ཁྱད་ཆོས་མེད་པར་བཞེད་པ་མ་ཡིན་པའི་ཕྱིར་རོ། །སྤང་བྱ་སྒྲིབ་པ་ལ་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་སུ་འདོད་པ་ནི་འདྲ་ལ། ཐེག་ཆེན་རིགས་ངེས་ཀྱིས་ས་བརྒྱད་པ་ཐོབ་པའི་ཚེ་ཉོན་མོངས་པའི་སྒྲིབ་པ་ཟད་པར་སྤངས་པར་རྟོག་གེ་འབར་བ་ལས་བཤད་པས་རང་རྒྱུད་པ་གཞན་གྱི་ལུགས་ལྟར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་གཉིས་གཅིག་ཆར་དུ་སྤོང་བར་མི་བཞེད་མོད། །འོན་ཀྱང་ཐལ་འགྱུར་པ་ལྟར་ཉོན་སྒྲིབ་མ་ཟད་བར་དུ་ཤེས་སྒྲིབ་སྤོང་བའི་མགོ་མི་རྩོམ་པར་བཞེད་པའང་མིན་ནོ། །མཐོང་ལམ་བར་ཆད་མེད་ལམ་གྱི་ཆོས་བཟོད་བཞི་བདེན་བཞིའི་ཆོས་ཉིད་འཇལ་བའི་ལྡོག་པའི་སྒོ་ནས་དབྱེ་བ་དང་རྗེས་བཟོད་བཞི་ཡུལ་ཅན་བཞི་རྟོགས་པའི་ལྡོག་པས་ཕྱེ་ནས་འཇོག་པ་དང༌། ཤེས་པ་བརྒྱད་ལ་ཡང་དེ་འདྲའི་ཁྱད་པར་བྱེད་ཚུལ་གྱི་མངོན་པ་གོང་མའི་རིགས་པའི་འགྲོས་ནི་དབུ་མ་ཐལ་རང་ཐམས་ཅད་ལ་འདྲ་བར་རྒྱལ་ཚབ་རྗེས་བཞེད་དོ། །
བདེན་མེད་མངོན་སུམ་དུ་རྟོགས་པའི་རིགས་ཤེས་ཀྱིས་བདེན་མེད་ཡོད་པ་མི་འགྲུབ་པ་ནི་ཐལ་རང་ཀུན་འདྲ་ཡང་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པས་བདེན་མེད་རྟོགས་པའི་རིགས་ཤེས་ཉམས་སུ་མྱོང་བའི་རང་རིག་གིས་རིགས་ཤེས་དངོས་སུ་རྟོགས་པའི་ཤུགས་ལ་བདེན་མེད་ཡོད་པ་འགྲུབ་པར་བཞེད་ཅིང༌། དབུ་མ་ཐལ་འགྱུར་པས་རིགས་ཤེས་རྟོག་མེད་ཀྱིས་དྲངས་པའི་བཅད་ཤེས་ཀྱིས་བདེན་མེད་ཡོད་པ་འགྲུབ་པར་བཞེད་ཅིང་རྟོག་པ་བཅད་ཤེས་དང་མངོན་སུམ་ཚད་མ་ཡང་མི་འགལ་བར་བཞེད་དོ། །རང་རྒྱུད་པ་འདི་པའི་ལུགས་ལ་དེ་གཉིས་གང་ཡང་གཞག་ཏུ་མི་རུང་ཞིང་རིགས་ཤེས་ཀྱིས་བདེན་མེད་ཡོད་པ་ཤུགས་ལ་རྟོགས་པ་ཡང་མ་ཡིན་ཏེ། རིགས་ཤེས་ཀྱིས་དངོས་ཡུལ་མེད་དགག་ཡིན་པའི་ཕྱིར་རོ། །དེས་ན་དེ་ཇི་ལྟར་འཇོག་པའི་ཚུལ་བསམ་པར་བྱ་བ་ཁོ་ནར་འདུག་ཅིང་དེ་དག་ལས་བརྩམས་ཏེ་བརྗོད་པར་བྱ་བ་མང་དུ་འདུག་ཀྱང་རེ་ཞིག་བཞག་གོ །འབྲས་བུའི་གནས་སྐབས་ཀྱི་སྐུ་གསུམ་གྱི་རྣམ་པར་བཞག་པ་སོགས་ནི་དབུ་མ་པ་གཞན་དང་ཕལ་ཆེར་མཐུན་ཞིང་། མི་འདྲ་བའི་ཁྱད་པར་ཕྲ་མོ་རེ་གཉིས་ཡོད་ཀྱང་འགངས་ཆུང་ལ། གཞུང་གི་བཤད་ཚུལ་མི་འདྲ་བ་ཙམ་ནི་མང་དུ་ཡོད་ཀྱང་རྣམ་གྲངས་ཙམ་གྱི་ཁྱད་པར་དུ་ཟད་ཀྱི་ལུགས་མི་མཐུན་པ་མ་ཡིན་ནོ། ། 12/47 མདུན་ངོས། 上一页 10 11 12 13 14 15 下一页 尾页 |