དེ་དག་ནི་བསམས་པའི་དབང་གིས་ཞེས་པའི་བསམ་པ་ལ་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གཉིས་ཀ་ཡོད་པར་གསུངས་པས་ཁ་ཅིག་རྟོག་མེད་ཀྱི་ཤེས་པ་ཁོ་ནར་འདོད་པ་མི་འཐད་དེ། སོ་སྐྱེའི་རྟོག་མེད་ཀྱི་ཤེས་པ་ལ་མི་སྣང་བའི་ཆོས་རྟོག་པ་ཁོ་ནས་འཇོག་དགོས་པ་དུ་མ་ཞིག་ཡོད་ཅིང་དེ་ཡང་རང་མཚན་གྱིས་གྲུབ་པར་འདི་པ་བཞེད་པའི་ཕྱིར་རོ། །དེས་ན་འཇུག་ཊིཀ་ཆེན་མོ་ལས། རྟོག་པ་ཁོ་ན་མིན་གྱི་རྟོག་མེད་ཀྱི་ཤེས་པ་ལ་ཡང་བྱ་སྟེ་ཞེས་གསུངས་པའི་ཁོ་ན་དང་ཡང་སྒྲས་རྟོག་པ་དང་རྟོག་མེད་གཉིས་ཀ་ཡོད་པ་གསལ་བར་བསྟན་པ་ལ་ལུང་དེས་རྟོག་བློ་མེད་པར་བསྟན་ནོ་ཞེས་མ་འཛིན་ཅིག །
ཡང་ཁ་ཅིག སྐབས་འདིའི་བསམ་པ་ལ་རྟོག་མེད་ཀྱི་ཤེས་པ་ཡོད་པར་གསུངས་པའི་ཚིག་འདིས་ཀྱང་དགག་བྱ་བདེན་པ་དབང་ཤེས་ལ་སྣང་བར་བཤད་དམ་སྙམ་དུ་སེམས་པ་ཡང་མི་འཐད་དེ། གསུང་འདིས་རྟོག་བཅས་དང་རྟོག་མེད་ཀྱི་ཤེས་པའི་དབང་གིས་དངོས་པོ་ཡོད་པར་འཇོག་ཚུལ་བསྟན་ལ། དེ་ཡང་དེ་གཉིས་ལ་སྣང་བའི་དབང་གིས་བཞག་ཙམ་གྱི་རང་མཚན་དུ་ཡོད་པར་བསྟན་ཅིང་དེའི་ཤུགས་ཀྱིས་དོན་དམ་དུ་ཡོད་པ་གཅོད་པའི་ཕྱིར་དང༌། དེ་གཉིས་ལ་སྣང་བའི་དབང་གིས་བཞག་པ་ཙམ་གྱི་རང་མཚན་ནི་ཀུན་རྫོབ་བདེན་པ་ཡིན་གྱི་རྟགས་ཀྱི་དགག་བྱ་མ་ཡིན་པའི་ཕྱིར་རོ། །དེ་ཡང་འཇུག་པའི་རྣམ་བཤད་ཆེན་མོ་ལས། དེ་གཉིས་ཀྱི་དབང་གིས་ཡོད་པར་བཞག་གི་དོན་དམ་པར་ཡོད་པ་མིན་པའི་དངོས་པོ་རྫུན་པ་རྣམས་ཀུན་རྫོབ་ཁོ་ནར་ཡོད་པ་ནི། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །ཞེས་པའི་དོན་ཏེ། དེ་ཡང་བདེན་འཛིན་གྱི་ཀུན་རྫོབ་ཏུ་ཡོད་པའི་དོན་མིན་ནོ་ཞེས་གསལ་བར་གསུངས་པས་ཐ་སྙད་འཇོག་ཚུལ་སྟོན་པའི་གསུང་གིས་རྟགས་ཀྱི་དགག་བྱའི་བདེན་ཚད་བསྟན་པར་སྨྲ་བ་ནི་ལེགས་པར་སྨྲ་བ་མ་ཡིན་ནོ། །
འོ་ན་ལུགས་འདིས་དངོས་པོ་རྣམས་ལ་བློའི་དབང་གིས་བཞག་པའི་རང་མཚན་ཐ་སྙད་དུ་ཁས་ལེན་ཞིང་བློའི་དབང་གིས་བཞག་པ་ལ་མ་ལྟོས་པའི་དོན་རང་མཚན་གྱི་སྡོད་ལུགས་སུ་གྲུབ་པ་རྟགས་ཀྱི་དགག་བྱའི་བདེན་ཚད་དུ་བཞེད་ན་བློའི་དབང་གིས་བཞག་མ་བཞག་གི་དོན་ཇི་ལྟར་བྱ་སྙམ་ན། བཤད་པར་བྱ་སྟེ། སྒྱུ་མ་མཁན་གྱིས་རྡེའུ་ཤིང་བུ་སོགས་རྟ་གླང་དུ་སྤྲུལ་བའི་ཚེ་སྒྱུ་མ་མཁན་ལ་རྡེའུ་ཤིང་བུ་སོགས་རྟ་གླང་དུ་སྣང་བ་ཙམ་ཡོད་ཀྱང་རྟ་གླང་དུ་ཞེན་པ་མེད། སྔགས་རྫས་ཀྱིས་མིག་བསླད་པའི་ལྟད་མོ་པ་ལ་ནི་སྤྲུལ་གཞི་དེ་རྟ་གླང་དུ་སྣང་བ་དང་དེར་ཞེན་པ་གཉིས་ཀ་ཡོད། སྔགས་རྫས་ཀྱིས་མིག་མ་བསླད་པ། གནས་དེར་ཕྱིས་སླེབ་པའི་གང་ཟག་ལྟ་བུ་ལ་སྤྲུལ་གཞི་དེ་རྟ་གླང་དུ་སྣང་བ་དང་ཞེན་པ་གཉིས་ཀ་མེད་དོ། །དེ་ཡང་སྒྱུ་མ་མཁན་ལྟར་ན་སྒྱུ་མའི་སྤྲུལ་གཞི་དེ་སྔགས་རྫས་ཀྱིས་བསླད་པའི་བློའི་དབང་གིས་རྟ་གླང་དུ་བཞག་པ་ཙམ་མ་གཏོགས་དེ་འདྲའི་བློ་ལ་མ་ལྟོས་པའི་རྡེའུ་ཤིང་རང་གི་སྡོད་ལུགས་ཀྱི་ངོས་ནས་རྟ་གླང་དུ་སྣང་བ་མ་ཡིན་ནོ། །འོན་ཀྱང་སྔགས་རྫས་ཀྱིས་བསླད་པའི་བློའི་དབང་གིས་བཞག་པའི་རྡེ་ཤིང་ཁོ་རང་གི་ངོས་ནས་རྟ་གླང་དུ་སྣང་བའི་སྡོད་ལུགས་ཤིག་ནི་ཡོད་དགོས་སོ། །
དེ་ལྟ་མ་ཡིན་པར་ཤེས་པ་འཁྲུལ་བའི་ངོ་ཙམ་དུ་རྟ་གླང་དུ་སྣང་བ་ཙམ་ཡིན་གྱི་སྤྱིར་སྤྲུལ་གཞི་རྟ་གླང་དུ་མི་སྣང་ཞེས་ཟེར་ན་སྣང་བ་ལ་འཁྲུལ་བའི་བློ་མི་སྲིད་པར་འགྱུར་ཏེ། སྤྱིར་རྡེ་ཤིང་རྟ་གླང་དུ་སྣང་བ་ཙམ་ཡང་མི་སྲིད་པའི་ཕྱིར་རོ། །དེས་ན་སྤྲུལ་གཞི་རྟ་གླང་དུ་སྣང་བར་འཇོག་ནུས་མོད་ཀྱང་བློ་འཁྲུལ་བ་ལ་སྣང་བའི་དབང་གིས་དེ་ལྟར་བཞག་པ་ཡིན་གྱི་དེ་ལྟ་མ་ཡིན་པར་སྤྲུལ་གཞི་རང་གི་སྡོད་ལུགས་ཀྱི་དབང་གིས་འཇོག་པ་མ་ཡིན་ནོ། །
དཔེ་དེ་བཞིན་དུ་དབུ་མ་པ་འདི་ལྟར་ན་དངོས་པོ་རྣམས་ཚད་མས་མི་གནོད་པའི་བློའི་དབང་གིས་འཇོག་པ་དང༌། དེའི་དབང་གིས་བཞག་པའི་དངོས་པོ་རང་གི་སྡོད་ལུགས་ཤིག་ཀྱང་ཡོད་པ་མི་འགལ་ཏེ། སྔགས་རྫས་ཀྱིས་བསླད་པའི་བློའི་དབང་གིས་སྤྲུལ་གཞི་རྟ་གླང་དུ་སྣང་བར་འཇོག་ནུས་ཤིང་བློ་དེའི་དབང་གིས་བཞག་པའི་སྤྲུལ་གཞིའི་ངོས་ནས་ཀྱང་རྟ་གླང་དུ་སྣང་བའི་སྡོད་ལུགས་ཡོད་པ་བཞིན་ནོ། །དེའི་ཕྱིར་མྱུ་གུ་ས་བོན་ལས་སྐྱེ་བ་བློའི་དབང་གིས་བཞག་པ་དང་མྱུ་གུ་རང་གི་ངོས་ནས་ཀྱང་ས་བོན་ལས་སྐྱེ་བ་མི་འགལ་ལོ། །འདི་ནི་ལུགས་འདིས་ཐ་སྙད་དུ་ཡོད་པར་འཇོག་པ་ཐམས་ཅད་ལ་ཤེས་པར་བྱའོ། །
སྔགས་རྫས་ཀྱིས་མིག་བསླད་པའི་ལྟད་མོ་པ་ལ་རྟ་གླང་དུ་སྣང་བ་དེ་ནང་གི་བློའི་དབང་གིས་བཞག་པའི་སྡོད་ལུགས་སུ་མི་འཆར་གྱི་གང་དུ་རྟ་གླང་སྣང་བའི་གཞི་དེར་དང་པོ་ནས་རྟ་གླང་མཚན་ཉིད་པ་གཅིག་ཡུལ་གྱི་གོ་ས་མནན་ནས་བསྡད་ཡོད་པར་འཛིན་ནོ། །དེ་བཞིན་དུ་སེམས་ཅན་ཐ་མལ་བ་རྣམས་ཀྱིས་ངངོས་པོ་རྣམས་ནང་བློའི་དབང་གིས་བཞག་པ་ལ་གཏན་མ་ལྟོས་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་གྲུབ་པ་ཞིག་ཏུ་འཛིན་པ་ཡིན་ཏེ། དེ་ནི་བདེན་འཛིན་ལྟན་སྐྱེས་ཀྱི་འཛིན་ཚུལ་ལོ། །འཛིན་ཚུལ་དེས་བཟུང་བ་ལྟར་དུ་གྲུབ་ན་གཅིག་དུ་བྲལ་ལ་སོགས་པའི་གཏན་ཚིགས་ཀྱིས་ཁེགས་པར་འགྱུར་གྱི་བློའི་དབང་གིས་བཞག་པའི་སྡོད་ལུགས་ཙམ་ནི་རིགས་པ་དེ་དག་གིས་མི་ཁེགས་པར་བཞེད་དོ། །
དེས་ན་ཚུལ་འདིས་འདི་པའི་ལུགས་ཀྱི་ཇི་ཙམ་གྱིས་ན་དེ་ཁོ་ན་ཉིད་ལ་དཔྱོད་པར་སོང་བའི་ས་མཚམས་ཀྱང་ཤེས་པར་ནུས་ཏེ། སྤྱིར་མྱུ་གུ་ས་བོན་ལས་སྐྱེ་བ་ཡིན་ནོ་ཞེས་པའི་མིང་དང་ཐ་སྙད་ཙམ་གྱིས་མ་ཚིམ་པར་མྱུ་གུ་རང་གི་ངོས་ནས་ས་བོན་ལས་སྐྱེ་མི་སྐྱེ་དཔྱོད་པ་ཙམ་ནི་དེ་ཁོ་ན་ཉིད་དཔྱོད་པར་སོང་བ་མ་ཡིན་ལ། མྱུ་གུའི་སྐྱེ་བ་དེ་བློའི་དབང་གིས་བཞག་པ་ལ་མ་ལྟོས་པའི་ཡུལ་ཁོ་རང་གི་སྡོད་ལུགས་ཀྱི་ངོས་ནས་སྐྱེའམ་མི་སྐྱེ་དཔྱོད་པ་ནི་དེ་ཁོ་ན་ཉིད་ལ་དཔྱོད་པར་འཇོག་པ་ཡིན་ནོ། །
ཐལ་འགྱུར་པའི་ལུགས་ལ་ནི་དཔྱོད་ཚུལ་སྔ་མ་ལྟར་ནའང་དེ་ཁོ་ན་ཉིད་ལ་དཔྱོད་པར་སོང་བ་ཡིན་ཞིང་བློས་བཞག་པ་ལ་མ་ལྟོས་པའི་སྡོད་ལུགས་ཀྱིས་ཡོད་པར་འཛིན་པ་ནི་ཕྲ་བའི་བདེན་འཛིན་ལྷན་སྐྱེས་མ་ཡིན་ནོ། །དངོས་པོར་སྨྲ་བས་ཚད་མ་གཉིས་ཀྱི་དབང་གིས་གཞལ་བྱ་རང་སྤྱི་གཉིས་འཇོག་མོད་ཀྱང་དོན་གྱི་སྡོད་ལུགས་སུ་ཡོད་པའི་ཆོས་ཤིག་ཚད་མས་རྟོགས་པར་འདོད་ཀྱི་ཚད་མ་ལ་སྣང་བའི་དབང་གིས་ཕར་བཞག་པ་དེ་ཀ་ཡུལ་གྱི་སྡོད་ལུགས་སུ་འདོད་པ་མིན་པས་འདི་པའི་བློའི་དབང་གིས་བཞག་པ་དང་དོན་གཏན་མི་འདྲའོ། །
འཇུག་ཊིཀ་ཆེན་མོ་ལས། སྒྱུ་མའི་སྣང་བ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ལྟར་ན་རང་རིག་མངོན་སུམ་དང༌། ཕྱི་རོལ་ཁས་ལེན་པའི་རང་རྒྱུད་པ་ལྟར་ནས་ཕྱོགས་སམ་བར་སྣང་ལྟ་བུའི་གཞི་འཛིན་པའི་དབང་པོའི་མངོན་སུམ་གྱིས་གྲུབ་ལ་ཞེས་གསུངས་པ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ལྟར་ན་སྒྱུ་མའི་རྟ་གླང་དེ་སེམས་ཀྱི་སྣང་ཆ་ཙམ་ཡིན་པས་སེམས་དེ་འཇལ་བའི་རང་རིག་གིས་ཤུགས་ལ་རྟོགས་པ་དང་།མདོ་སྡེ་སྤྱོད་པའི་དབུ་མ་པ་ལྟར་ན་སྒྱུ་མའི་རྟ་གླང་དེ་ཕྱི་རོལ་དོན་དང་ཀུན་བཏགས་པའི་གཟུགས་ཀྱི་སྐྱེ་མཆེད་ཡིན་པས་ས་ཕྱོགས་དང་བར་སྣང་ཅི་རིགས་འཛིན་པའི་དབང་མངོན་གྱིས་འགྲུབ་པ་ལ་དགོངས་པ་ཡིན་ནོ་ཞེས་མཁས་གྲུབ་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེས་གསུང་ངོ༌། །མིག་མ་བསླད་པའི་ལྟད་མོ་པ་ལ་རྡེའུ་ཤིང་བུ་རྟ་གླང་དུ་སྣང་བ་དང་དེར་ཞེན་པ་གཉིས་ཀ་མེད་པ་དང་མཚུངས་པ་ནི་ཚུལ་བཞིན་སེམས་པའི་རིགས་པས་ལེགས་པར་དཔྱད་ཅིང་བསྒོམ་པ་ལས་ནམ་ཞིག་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པ་ན་ཡེ་ཤེས་་དེའི་ངོར་གཉིས་སྣང་ཐམས་ཅད་ཉེ་བར་ཞི་བས་བདེན་པར་སྣང་བ་དང་ཞེན་པ་གཉིས་ཀ་མེད་པའོ། །
མདོར་བསྡུ་ན་རང་རྒྱུད་པའི་ལུགས་ལ་དངོས་པོ་རྣམས་བློའི་དབང་གིས་བཞག་པར་ཁས་ལེན་ཞིང་རྟོག་པས་བཏགས་པར་ཡང་ཁས་ལེན་ཀྱང་བློས་བཞག་པ་ལ་རྟོག་པ་ཁོ་ནས་བཞག་པས་ཁྱབ་པ་ཁས་མི་ལེན་ཏེ། བློས་བཞག་པ་ལ་རྟོག་མེད་ཀྱི་ཤེས་པས་བཞག་པ་ཡང་འདོད་པའི་ཕྱིར་རོ། །དེ་ལྟ་ན་ཡང་བློ་གང་ཡིན་གྱིས་བཞག་པ་ཐམས་ཅད་ཐ་སྙད་དུ་ཡོད་པར་མི་འདོད་པས་ཚད་མས་མི་གནོད་པའི་བློའི་དབང་གིས་བཞག་པ་གཅིག་དགོས་སོ། །དེ་ལྟར་བྱས་ན་གཟུགས་སོགས་ཀྱི་ཆོས་རྣམས་སྣང་ཕྱོགས་ནས་བློ་གནོད་མེད་ལ་སྣང་བའི་དབང་གིས་ཕར་བཞག་པ་ཙམ་གྱི་སྡོད་ལུགས་སུ་གྲུབ་པ་དང༌། སྟོང་ཕྱོགས་ནས་བློས་བཞག་པ་ལ་མ་ལྟོས་པའི་དོན་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པས་སྟོང་པ་གཉིས་ཚོགས་ཤིག་དགོས་སོ། །
བློའི་དབང་གིས་བཞག་པ་ཙམ་དུ་གསུངས་པའི་ཙམ་སྒྲས་ཀྱང་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱིས་གྲུབ་པ་གཅོད་ཀྱི་མིང་བརྡས་བཞག་ཙམ་མ་ཡིན་པའི་སྡོད་ལུགས་ཡོད་པ་མི་གཅོད་དོ། །འདི་དག་ལེགས་པར་ཤེས་ན་རང་རྒྱུད་པའི་བདེན་གཉིས་ཀྱི་འཇོག་ཚུལ་དངོས་སྨྲ་བ་མན་ཆད་ལས་ཕྲ་བ་དང་དབུ་མ་ཐལ་འགྱུར་བ་ལས་རགས་པའི་ཁྱད་པར་རྣམས་ཇི་བཞིན་དུ་ཕྱེད་ནུས་ཤིང༌། དེ་ཡང་རྗེ་ཡབ་སྲས་ཀྱི་གསུང་རབ་རྣམས་ལ་ཞིབ་ཏུ་དཔྱད་ནས་ཆོས་ཀྱི་མདེའུ་རྩེ་ནང་དུ་བསྒྱུར་བ་ཞིག་ལ་ཡོང་རྒྱུ་ཡིན་པར་འདུག་གོ ། 14/47 མདུན་ངོས། 上一页 12 13 14 15 16 17 下一页 尾页 |