ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ཀླུ་སྒྲུབ་ཡབ་སྲས་ཀྱིས་མདོའི་དྲང་ངེས་ཕ
སྤེལ་དུས།03-30  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
རྟོག་གེ་འབར་བའི་ཉན་ཐོས་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པའི་ལེའུ་ལས་ཀྱང་དེ་དང་ཕྱོགས་མཐུན་པ་མང་དུ་གསུང་སྟེ་འདིར་མ་སྤྲོས་སོ།  །ཚུལ་འདིས་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ལ་དོགས་པ་མེད་ཀྱང་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པས་གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་བདེན་གཉིས་གང་དུ་འདོད་པའང་བརྟག་པར་བྱའོ།  ། རང་རྒྱུད་པའི་ལུགས་ལ་འགོག་བདེན་ཀུན་རྫོབ་བདེན་པར་འདོད་པའི་ཕྱོགས་ལའང་སྟོང་ཐུན་ཆེན་མོ་ནས་གནོད་བྱེད་གསུངས་པ་རྣམས་འཇུག་ཚབས་ཤིན་ཏུ་ཆེ་བར་སྣང་ལ་ཁྱད་པར་དུ་མཐོང་ལམ་རྣམ་གྲོལ་ལམ་གྱིས་མཐོང་སྤངས་སྤངས་པའི་འགོག་པ་མངོན་དུ་བྱས་པར་ནི་གདོན་མི་ཟ་བར་ཁས་ལེན་དགོས་ལ།  དེ་ལྟར་ན་རྣམ་གྲོལ་ལམ་གྱིས་འགོག་པ་དེ་མངོན་སུམ་དུ་བྱས་པའི་དོན་ཀྱང་དེ་མངོན་སུམ་དུ་རྟོགས་པ་ལས་གཞན་དུ་འོས་མེད་པའི་ཕྱིར་དང༌།  ལམ་ དེས་མངོན་སུམ་དུ་རྟོགས་པའི་ཡུལ་ནི་དོན་དམ་བདེན་པར་འདོད་དགོས་པའི་ཕྱིར་རོ།  ། དེར་མ་ཟད་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་བཟོད་པ་བརྒྱད་བར་ཆད་མེད་ལམ་དང་ཤེས་པ་བརྒྱད་རྣམ་གྲོལ་ལམ་དུ་འཇོག་པའི་ཚེ་བར་ཆད་མེད་ལམ་གྱི་མཇུག་ཐོགས་ཁོ་ནར་ཤེས་པ་གཞན་གྱིས་བར་མ་ཆོད་པར་གློ་བུར་དྲི་བྲལ་གྱི་འགོག་བདེན་ཐོབ་པའི་རྣམ་གྲོལ་ལམ་གྱི་ངོ་བོར་གྱུར་པའི་ཤེས་པ་བརྒྱད་སྐྱེས་པ་དེས་མི་མཐུན་ཕྱོགས་སྤངས་པའི་ཁྱད་པར་མངོན་དུ་མ་བྱས་ན་བཟོད་པ་བརྒྱད་དང་ཁྱད་པར་ཅི་ཡང་མེད་པར་འགྱུར་ལ། དེ་ལས་ལངས་པའི་རྗེས་ཐོབ་ཀྱི་གནས་སྐབས་སུ་འགོག་བདེན་མངོན་དུ་བྱེད་དོན་མེད་པས་མཐོང་སྤངས་སྤངས་པའི་འགོག་པ་ནམ་ཡང་མངོན་དུ་མི་བྱེད་པར་འགྱུར་རོ།   ། རིགས་པ་འདིས་ངོ་བོ་ཉིད་སྐུ་ལ་ཡང་དཔྱད་པར་བྱ་བའི་གནས་དུ་མ་ཞིག་འདུག་པས་བློ་གྲོས་དང་ལྡན་ཞིང་སྙིང་ཁམས་ཆུང་བ་རྣམས་ཀྱིས་ད་དུང་ལེགས་པར་རྩད་བཅད་པར་བྱའོ།   །ཀུན་རྫོབ་བདེན་པའི་དབྱེ་བ་ལ། བདེན་གཉིས་ལས།  བརྟགས་པའི་དོན་གྱིས་དབེན་གྱུར་པ། ། དངོས་ཙམ་བརྟེན་ནས་གང་སྐྱེས་ཏེ།  ། ཡང་དག་ཀུན་རྫོབ་ཤེས་པར་བྱ།   ། ཞེས་དང༌།  ཡང་དག་མིན་ནི་ཀུན་བཏགས་ཡིན།   ། ཞེས་ཡང་དག་ཀུན་རྫོབ་བདེན་པ་དང་ལོག་པའི་ཀུན་རྫོབ་བདེན་པ་གཉིས་སུ་བཤད་དོ། ། མཚན་ཉིད་ནི། སྣང་དུ་འདྲ་ཡང་དོན་བྱེད་དག ། ནུས་པའི་ཕྱིར་དང་མི་ནུས་ཕྱིར།   །ཡང་དག་ཡང་དག་མ་ཡིན་པའི། ། ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས།   ། ཞེས་གསུངས་པས་བསྟན་ནོ།   །དེ་ལ་སྤྱིར་ཟླ་གཉིས་སོགས་དང་གཞན་སྡེས་བརྟགས་པའི་གཙོ་བོ་ལ་སོགས་པ་ཐ་སྙད་དུ་ཡང་ཚད་མས་མ་གྲུབ་པ་རྣམས་ནི་ལོག་པའི་ཀུན་རྫོབ་ཙམ་ཡིན་ཀྱང༌། གཞི་མ་གྲུབ་པའི་ཕྱིར་ལོག་པའི་ཀུན་རྫོབ་བདེན་པ་ནི་མ་ཡིན་ནོ། ། དེའི་ཕྱིར་བདེན་གཉིས་ཀྱི་ལུང་ཚན་སྔ་མས་དོན་དམ་པའི་སྐྱེ་བ་ལ་སོགས་པ་ལོག་པའི་ཀུན་རྫོབ་བདེན་པར་བསྟན་པ་མིན་ནོ། །སྣང་ཚུལ་ལྟར་དོན་བྱེད་པ་ནུས་པ་དང་མི་ནུས་པ་ཙམ་ཡང་དག་ཀུན་རྫོབ་བདེན་པ་དང་ལོག་པའི་ཀུན་རྫོབ་བདེན་པའི་མཚན་ཉིད་དུ་འདོད་པ་ནི་མི་འཐད་དེ། གཞི་དེ་སྣང་ཚུལ་ལྟར་དོན་བྱེད་ནུས་པར་ཚད་མས་གྲུབ་ཀྱང་ཡང་དག་ཀུན་རྫོབ་ཀྱི་དོན་ཚད་མས་མ་གྲུབ་པ་དུ་མ་ཡོད་པའི་ཕྱིར།   གཞན་དུ་ན་གྲུབ་མཐས་བློ་མ་བསྒྱུར་བའི་སོ་སོ་སྐྱེ་བོས་ཀྱང་ས་ལ་སོགས་པ་ལ་བདེན་གྲུབ་ཀྱི་དོན་ཚད་མས་ཁེགས་པར་ཐལ་ཏེ། དེས་དེ་ཀུན་རྫོབ་ཡིན་པར་ཚད་མས་གྲུབ་ཅིང་ཀུན་རྫོབ་ཀྱི་དོན་རྫུན་པ་ལ་བྱེད་པར་འདོད་དགོས་པའི་ཕྱིར་རོ།    །
དེས་ན་ཐ་སྙད་པའི་ཚད་མས་རྙེད་པའི་དོན་གང་ཞིག རང་སྣང་བའི་བློ་ལ་སྣང་བ་ལྟར་དོན་བྱེད་ནུས་པའི་ཆོས་ཡང་དག་ཀུན་རྫོབ་བདེན་པ་དང༌།   དེ་གང་ཞིག རང་སྣང་བའི་བློ་ལ་སྣང་བ་ལྟར་དོན་བྱེད་མི་ནུས་པའི་ཆོས་ལོག་པའི་ཀུན་རྫོབ་བདེན་པའི་མཚན་ཉིད་དུ་ཤེས་པར་བྱའོ།   ། ཡང་དག་པའི་ཀུན་རྫོབ་ཀྱི་དབྱེ་བ་ནི་རྟོགས་པར་སླ་ལ་ལོག་པའི་ཀུན་རྫོབ་ནི་རྟོག་མེད་ཤེས་པའི་སྣང་བ་མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་དང༌།   རྟོག་པའི་གཟུང་ཡུལ་ལ་སོགས་པ་ལོག་པའི་ཀུན་རྫོབ་ཀྱང་ཡིན་ལ་ཀུན་རྫོབ་བདེན་པ་ཡང་ཡིན་ནོ། ། གྲུབ་མཐས་བཏགས་པའི་གང་ཟག་དང་ཆོས་ཀྱི་བདག་ལ་སོགས་པ་ནི་ལོག་པའི་ཀུན་རྫོབ་ཡིན་ཀྱང་ཀུན་རྫོབ་བདེན་པར་མི་གཟུང་སྟེ།   ཚད་མས་ཁེགས་པའི་ཕྱིར་རོ།  ། གལ་ཏེ་དབུ་མ་སྣང་བ་ལས། བསྟན་བཅོས་བྱེད་པ་ཁ་ཅིག་གིས་གྲགས་པ་ལས་འདས་ཏེ། དངོས་པོ་རྣམས་བརྟགས་པ་ལ་སོགས་པའི་དངོས་པོར་ཉེ་བར་བཏགས་པ་གང་ཡིན་པ་དེ་ནི་ལོག་པའི་ཀུན་རྫོབ་ཏུ་ཡོད་ཅེས་བྱ་སྟེ།   དེ་ནི་གྲགས་པར་ཡང་མེད་པའི་ཕྱིར་རོ།  ། གང་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་དང་རྗེས་སུ་མཐུན་པར་རབ་ཏུ་བཏགས་པ་དཔེར་ན།   འདི་ན་བདག་གམ་སེམས་ཅན་མེད།   ། ཆོས་འདི་རྒྱུ་དང་བཅས་པ་ཡིན།   །ཞེས་བྱ་བ་ལྟ་བུ་དེ་ནི་ཡང་དག་པའི་ཀུན་རྫོབ་ཏུ་ཡོད་ཅེས་བྱའོ།    ། ཞེས་གསུངས་པ་འདིས་བདག་གཉིས་ལ་སོགས་པ་ཡང་ལོག་པའི་ཀུན་རྫོབ་བདེན་པར་བསྟན་པ་མ་ཡིན་ནམ་ཞེ་ན། དེ་ལྟར་མ་ཡིན་ཏེ།    དེས་གྲུབ་མཐའི་དབང་ཁོ་ནས་བཏགས་པའི་དོན་རྣམས་ནི་ལོག་པའི་ཀུན་རྫོབ་ཏུ་ཡོད་པར་བསྟན་གྱི་ཀུན་རྫོབ་བདེན་པར་བསྟན་པ་མ་ཡིན་པའི་ཕྱིར་ཏེ།  གཞན་དུ་ན་དེ་ནི་གྲགས་པར་ཡང་མེད་པའི་ཕྱིར་རོ་ཞེས་གསུངས་པ་འགལ་བར་འགྱུར་པའི་ཕྱིར་རོ།    ། ལུགས་འདིས་ཡུལ་མ་གཏོགས་ཡུལ་ཅན་ལ་ཡང་ལོག་གི་ཁྱད་པར་མི་འབྱེད་ཅིང་དེ་ཡང་རང་མཚན་ཚད་མས་གྲུབ་པར་བཞེད་པ་པ་ཐུག་གོ   །རང་མཚན་ཁས་མི་ལེན་ན་དབང་ཤེས་ལ་གཟུང་ཡུལ་གསལ་བར་སྣང་བར་འདྲ་བ་ལ།  ཆུ་ལ་སོགས་པ་སྣང་བ་ལྟར་དོན་བྱེད་ནུས་པའི་ཡང་དག་ཀུན་རྫོབ་དང་།   ཟླ་གཉིས་དང་ཟླ་བ་གཉིས་སྣང་ལ་སོགས་པ་སྣང་བ་ལྟར་དོན་བྱེད་མི་ནུས་པའི་ལོག་པའི་ཀུན་རྫོབ་ཏུ་བཞེད་པ་མི་འཐད་པར་འགྱུར་ཏེ། དེ་ལྟར་ན་ཆུ་འཛིན་དབང་ཤེས་ལ་ཆུ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྣང་ན་སྣང་བ་ལྟར་དོན་བྱེད་མི་ནུས་པའི་ལོག་པའི་ཀུན་རྫོབ་ཏུ་ཐལ་བ་བཟློག་ཏུ་མེད་པའི་ཕྱིར་རོ།    །
གཞན་ཡང་གཟུགས་རང་གི་མཚན་ཉིད་ཀྱིས་གྲུབ་པ་བདེན་མེད་ཀྱི་འགལ་ཟླ་དགག་བྱའི་ཆོས་སུ་འདོད་པར་ཐལ།   རང་མཚན་མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་དགག་བྱ་ཡིན་པའི་ཕྱིར་རོ།   །འདོད་ན།   དགག་བྱ་བདེན་པ་དབང་ཤེས་ལ་སྣང་བར་ཐལ་ཏེ།   དབང་ཤེས་ཀྱི་གཟུང་ཡུལ་དུ་རང་མཚན་ཡོད་པའི་ཕྱིར་རོ།   །འདོད་མི་ནུས་ཏེ། བདེན་གཉིས་ལས། བདེན་པར་གྲུབ་པའི་སྐྱེ་བ་ལ་སོགས་པ་དབང་ཤེས་ལ་མི་སྣང་བར་བཤད་ཅིང་དབང་ཤེས་ཀྱི་སྣང་བ་ནི་ནམ་ཡང་མི་འགོག་པར་བཤད་པའི་ཕྱིར་རོ། །ཁ་ཅིག་བདེན་གཉིས་ལས་དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་བར་བཤད་པ་ནི་དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ལ་དོན་དམ་དང་དེའི་ངོར་གྲུབ་པ་ལ་དོན་དམ་དུ་གྲུབ་པར་བཤད་པ་དེ་དབང་ཤེས་ལ་མི་སྣང་བར་བཤད་པ་ཡིན་གྱི་བདེན་པར་གྲུབ་པ་ལ་མི་བྱེད་དོ། །ཞེས་ཟེར་བ་ཡང་ལེགས་པར་བཤད་པ་མ་ཡིན་ཏེ།   བདེན་གཉིས་འགྲེལ་བ་དང་བཅས་པ་ལས།   ཡང་དག་པར་གྲུབ་པོ་ཞེས་བྱ་བ་ལ་སོགས་པར་གཞན་གྱིས་ཡོངས་སུ་བརྟགས་པ་རྣམས་འགོག་པར་རིགས་པའི་རྒྱུ་མཚན་དུ་་བདེན་པར་གྲུབ་པའི་སྐྱེ་བ་དང༌། གྲངས་ཅན་གྱིས་བརྟགས་པའི་གཙོ་བོ་དང་རྒྱང་འཕེན་གྱིས་བརྟགས་པའི་འབྱུང་བ་འགྱུར་བ་དང༌། ཤེས་པ་སྐད་ཅིག་ཆ་མེད་ལ་སོགས་པ་རྣམས་མངོན་སུམ་ལ་སྣང་བ་མ་ཡིན་པའི་ཕྱིར་རོ་ཞེས་དགོངས་པར་མཛད་པའི་ཕྱིར་དང༌། གཞན་ཡང་སྣང་བ་དགག་པར་མི་རིགས་པའི་རྒྱུ་མཚན་དུ།   བདེན་པར་བརྟགས་པ་མ་ཡིན་པར་དབང་ཤེས་ལ་སོགས་ཀྱི་སྣང་བ་འགོག་པ་ནི་བདག་ལ་གནོད་པར་འགྱུར་བ་འབའ་ཞིག་ཏུ་གསུངས་ཤིང༌། དེའི་རྒྱུ་མཚན་ཡང་རྟོག་མེད་དབང་ཤེས་ཚད་མའི་ཡུལ་ནི་ཡང་དག་ཀུན་རྫོབ་བདེན་པ་ཡིན་པས་དེ་ལ་བདེན་གྲུབ་ཏུ་སྣང་ན་བདེན་གྲུབ་དེ་ཉིད་ཀུན་རྫོབ་བདེན་པར་ཐལ་བ་ལ་ཐུག་པའི་ཕྱིར་རོ། ། གཞན་ཡང་དངོས་པོར་སྨྲ་བ་གཞན་གྱིས་ཁས་བླངས་པའི་དངོས་པོ་བདེན་པར་གྲུབ་པ་ལ་དོན་གྱི་ངོ་བོ་ཇི་ལྟ་བ་བཞིན་དུ་ཐ་སྙད་རུང་བ་མ་ཡིན་ནོ་ཞེས་བཤད་ནས་བདེན་གྲུབ་ལ་ཐ་སྙད་དོན་མཐུན་མི་རིགས་པའི་རྒྱུ་མཚན་དུ་དབང་པོའི་རྣམ་པར་ཤེས་པ་ལ་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མི་སྣང་བ་བཀོད་པའི་ཕྱིར་རོ།   །དེའི་ཕྱིར་རྒྱལ་ཚབ་ཐམས་ཅད་མཁྱེན་པས་ཀྱང་ལུགས་འདིས་དགག་བྱ་བདེན་གྲུབ་དབང་ཤེས་ལ་མི་སྣང་བར་བཞེད་པར་གསུངས་ཤིང༌། དེ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ལ་ཡང་འདྲ་སྟེ།   རྗེ་བདག་ཉིད་ཆེན་པོས་འཇུག་པའི་རྣམ་བཤད་ཆེན་མོ་ལས།   བདེན་འཛིན་དེས་བདེན་པར་ཡོད་པ་ལྟར་ཉེ་བར་བསྟན་པ་མཐོང་བ་ནི་རྟོག་པ་ཡིན་གྱི་དབང་ཤེས་མིན་ཏེ། བདེན་གཉིས་ཀྱི་འགྲེལ་བར་དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་བར་བཤད་པ་འདིར་ཡང་འདྲ་བའི་ཕྱིར་རོ།    །ཞེས་ཞི་འཚོ་ཡབ་སྲས་ཀྱི་བཞེད་པ་འཆད་པའི་སྐབས་སུ་གསུངས་པའི་ཕྱིར་རོ།    །དེ་ལྟ་མ་ཡིན་པར་རིགས་ངོའི་དོན་དམ་ལ་བྱེད་ན་བདེན་འཛིན་དེས་བདེན་པར་ཡོད་པ་ལྟར་ཉེ་བར་བསྟན་པ་ཞེས་པའི་དོན་འཆད་དཀའ་བར་འགྱུར་རོ།    །སྒྱུ་མ་དཔེར་བྱེད་ཚུལ་སོགས་ལ་བཤད་རྒྱུ་མང་མོད་ཀྱང་རེ་ཞིག་བཞག་གོ   །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号