ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ས་བཅད་གསུམ་པ། ཐེག་ཆེན་གྱི་གྲུབ་མཐའ་སྨ
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
དགོངས་པ་ཅན་བཞི་ནི། སངས་རྒྱས་ཐམས་ཅད་ཆོས་སྐུར་མཉམ་པ་ཉིད་ལ་དགོངས་ནས་དེའི་ཚེ་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ་ཞེས་མཉམ་པ་ཉིད་ལ་དགོངས་པ་དང༌། ཆོས་ཐམས་ཅད་ངོ་བོ་ཉིད་མེད་ཅེས་པ་ལྟ་བུ་སྒྲ་ཇི་བཞིན་པ་མ་ཡིན་པའི་དོན་གཞན་ལ་དགོངས་པ་དང༌། བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་བཏབ་པ་ཙམ་གྱིས་དེར་སྐྱེའོ་ཞེས་པ་ལྟ་བུ་དུས་གཞན་ལ་དགོངས་པ་དང༌། གང་ཟག་ཁ་ཅིག་ལ་བསྔགས་པའི་དགེ་བའི་རྩ་བ་འགའ་ཞིག་དེས་ཆོག་པར་འཛིན་པའི་གང་ཟག་ཁ་ཅིག་གི་ངོར་སྨད་པ་ལྟ་བུ་གང་ཟག་གི་བསམ་པ་ལ་དགོངས་པ་སྟེ། མདོ་སྡེ་རྒྱན་རྩ་འགྲེལ་ལས་བཤད་པ་ལྟར་རོ།   །ལྡེམ་པོར་དགོངས་པ་བཞི་ནི།    བསྟན་པ་ལ་གཞུག་པའི་དོན་དུ་གང་ཟག་གི་བདག་ཡོད་པར་གསུངས་པ་ལྟ་བུ་གཞུག་པ་ལ་ལྡེམ་པོར་དགོངས་པ་དང༌།   ངོ་བོ་ཉིད་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་ལྟ་བུ་མཚན་ཉིད་ལ་ལྡེམ་པོར་དགོངས་པ་དང༌། དམ་པའི་ཆོས་བརྙས་པ་ལ་སོགས་པའི་ཉེས་པ་བརྒྱད་འདུལ་བའི་ཕྱིར་དུ་ཐེག་ཆེན་གསུངས་པ་ལྟ་བུ་གཉེན་པོ་ལ་ལྡེམ་པོར་དགོངས་པ་དང༌། གྲགས་པའི་ཡི་གེ་ངན་པ་མ་གྲགས་པའི་དོན་ཟབ་མོ་སྟོན་བྱེད་དུ་བསྒྱུར་བ།  སྙིང་པོ་མེད་ལ་སྙིང་པོར་ཤེས་ཅེས་པ་ལྟ་བུ་ལ་སོགས་པ་ནི་བསྒྱུར་བ་ལ་ལྡེམ་པོར་དགོངས་པའོ།   །དགོངས་ལྡེམ་དགོངས་གཉིས་མདོ་གཅིག་ལ་ཚང་བའང་ཡོད་པས་ཕན་ཚུན་འགལ་བ་ནི་མ་ཡིན་ནོ།   །ལྡེམ་དགོངས་བཞི་ཡང་མདོ་སྡེ་རྒྱན་ལ་སོགས་པ་ལས་བཤད་པ་ལྟར་ཏེ། གཉེན་པོ་ལ་ལྡེམ་པོར་ངགོངས་པ་ནི་དགོངས་པ་ཅན་བཞི་ལ་བྱ་བར་རྒྱལ་ཚབ་རྗེས་ཕར་ཕྱིན་རྣམ་བཤད་དུ་གསུངས་སོ།   །དོན་གཞན་ལ་དགོངས་པ་དང་མཚན་ཉིད་ལ་ལྡེམ་པོར་དགོངས་པ་གཉིས་ནི་སེམས་ཙམ་པ་ཁོ་ནའི་འདོད་པ་ཡིན་པར་ལེགས་བཤད་གསེར་འཕྲེང་ལས་བཤད་དོ། །འདི་དག་གྲགས་ཆེ་བས་དེ་ཙམ་ལས་མ་སྤྲོས་སོ།  །
གཉིས་པ་སོ་སོར་བཤད་པ་ལ། རྣམ་པར་རིག་པ་ཙམ་དུ་སྨྲ་བའི་ལུགས་དང་། ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པའི་ལུགས་གཉིས།
དང་པོ། རྣམ་པར་རིག་པ་ཙམ་དུ་སྨྲ་བའི་ལུགས་རྒྱས་པར་འཆད་པ།
དང་པོ་ལ་གང་ལ་བརྟེན་པའི་གཞུང་དང༌། དེ་ལས་བྱུང་བའི་གྲུབ་མཐའི་རྣམ་བཞག་གོ །དང་པོ་ནི།ཐེག་ཆེན་གྱི་ཤིང་རྟའི་སྲོལ་འབྱེད་པའི་ཐོག་མ་ནི་མགོན་པོ་ཀླུ་སྒྲུབ་ཡིན་ལ། རྗེ་བཙུན་དེ་ཉིད་བྱུང་བའི་དུས་དང་དེས་གཞུང་ཇི་ལྟར་མཛད་པ་སོགས་ནི་འོག་ཏུ་འཆད་པས། འདིར་འཕགས་པ་ཐོགས་མེད་ཀྱི་བྱུང་བའི་ཚུལ་ཅུང་ཟད་བཤད་པར་བྱ་སྟེ། དེ་ཡང་སློབ་དཔོན་འདི་ཉིད་བྱུང་བའི་དུས་ནི་དགོངས་འགྲེལ་གྱི་འགྲེལ་ཆེན་དུ་སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ན་བྱུང་བར་བཤད་ལ། དེར་དྲངས་པའི་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་དུ།ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །ཞེས་འབྱུང་ངོ༌། །གཞུང་གཞན་དག་ལས་ལོ་དྲུག་བརྒྱ་ཞེས་ཀྱང་འབྱུང་ངོ༌། །སློབ་དཔོན་འདི་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་ནི། འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི།   །བསྟན་བཅོས་དེ་ནི་དོན་ལ་མཁས།   །མདོ་སྡེ་ངེས་དོན་དྲང་པའི་དོན།  །རྣམ་པ་མང་པོར་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར།   །དེ་ཡི་རིག་པ་གྲུབ་པ་ནི། །སཱ་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི།   །བློ་ནི་བཟང་པོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ།   །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱིས་ཏེ། །བྱང་ཆུབ་འཐོབ་པར་འགྱུར་བ་ཡིན།   །ཞེས་གསུངས་པའོ།  །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号