ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ས་བཅད་གསུམ་པ། ཐེག་ཆེན་གྱི་གྲུབ་མཐའ་སྨ
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
གཉིས་པ་རིགས་པ་ཇི་ལྟ་བུའི་སྒོ་ནས་དྲང་ངེས་འབྱེད་ཚུལ་ནི།    དབུ་སེམས་ཀྱི་ཤིང་རྟ་ཆེན་པོ་དག་གིས་ཐུབ་པའི་བཀའ་ལ་དྲང་ངེས་འབྱེད་པ་ནི་རྟོན་པ་བཞི་དང༌།   རིགས་པ་བཞི་དང་དགོངས་པ་བཞི་དང༌། ལྡེམ་དགོངས་བཞི་རྣམས་ཀྱི་སྒོ་ནས་འབྱེད་པ་ཡིན་ནོ།    །དེ་ལ་རྟོན་པ་བཞི་ནི་ཆོས་ལ་རྟོན་གྱི་གང་ཟག་ལ་མི་རྟོན།   དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན།   ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི་དྲང་པའི་དོན་ལ་མི་རྟོན། ཡེ་ཤེས་ལ་རྟོན་གྱི་རྣམ་ཤེས་ལ་མི་རྟོན་ཞེས་པ་བཞིའོ།   །དེ་ལ་གང་ལ་རྟོན་པ་བཞི་ནི། ཆོས། དོན། ངེས་དོན།   ཡེ་ཤེས་བཞི་ཡིན་ལ་འདིའི་ཆོས་ནི་མདོ་སྡེའི་རྒྱན་ལས། གཙུག་ལག་བསྟན་པའི་ཆོས་དང་ནི། ། ཞེས་གསུངས་པས། འདིར་སངས་རྒྱས་ཀྱི་བཀའ་དང་དེའི་དགོངས་པ་འགྲེལ་བའི་བསྟན་བཅོས་ཀྱི་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་ལ་གཟུང་ངོ༌།   །དོན་ནི། དེ་དོན་དགོངས་པ་ཅན་དང་ནི། ། ཞེས་གསུངས་པས་དེ་དག་གི་སྒྲས་ཟིན་ཚོད་ཀྱི་དོན་དང༌། གང་ལ་བསམས་ཏེ་བསྟན་པའི་དགོངས་པའི་དོན་གཉིས་སོ།   །ངེས་པའི་དོན་ནི། ངེས་དོན་ཚད་མ་ལྡན་པ་དང༌། །ཞེས་གསུངས་པས་སེམས་ཙམ་པ་ལྟར་ན་སྒྲ་ཇི་བཞིན་ལ་ཚད་མས་གནོད་པ་མེད་པ་རྣམས་དང༌།དབུ་མ་པ་ལྟར་ན་དོན་དམ་བདེན་པ་བརྗོད་བྱའི་གཙོ་བོར་བྱས་པ་ཞིག་དགོས་སོ། །ཡེ་ཤེས་ནི། དེ་ཡི་བརྗོད་མེད་ཐོབ་པའོ།   །ཞེས་གསུངས་པས་འཕགས་པ་གསུམ་གྱི་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱའོ།   །གང་ལ་མི་རྟོན་པ་བཞི་ནི། གང་ཟག །ཚིག །དྲང་དོན།   རྣམ་ཤེས་བཞིའོ། །དེ་ལ་གང་ཟག་ནི།    སྤོང་དང་ཞེས་དངོས་བསྟན་ཆོས་སྤོང་བའི་གང་ཟག་ལ་གསུངས་པ་ནི་གང་ལ་མི་རྟོན་པའི་མཚན་གཞི་ཙམ་ཡིན་པས་འདིར་བྱང་ས་ནས་གསུངས་པ་ལྟར་གཞུང་ལུགས་སྟོན་པར་བྱེད་པའི་སོ་སྐྱེ་ནས་སངས་རྒྱས་འཕགས་པའི་བར་ཐམས་ཅད་གཟུང་ངོ༌།   །ཚིག་ནི། ཇི་སྐད་བཤད་པ་དང༌། །ཞེས་གསུངས་པས་བཀའ་དང་བསྟན་བཅོས་ཀྱི་རྗོད་བྱེད་མིང་ཚིག་ཡི་གེ་སྣ་ཚོགས་ལ་བྱའོ། །དྲང་དོན་ནི། ལོག་པར་ཡང་དག་ཤེས་པ་དང༌། །ཞེས་གསུངས་པས་སེམས་ཙམ་པ་ལྟར་ན་སྒྲ་ཇི་བཞིན་པ་ལ་རིགས་པའི་གནོད་པ་འབབ་པ་དང༌།     དབུ་མ་པ་ལྟར་ན་ཀུན་རྫོབ་བདེན་པ་བརྗོད་བྱའི་གཙོ་བོར་བསྟན་པ་ལ་བྱའོ། །རྣམ་ཤེས་ནི།   བརྗོད་དང་བཅས་པ་ཐོབ་པ་དག   །ཞེས་གསུངས་པས་འདིའི་རྣམ་ཤེས་ལ་མིག་སོགས་དབང་ཤེས་དང་ཀུན་རྫོབ་རྣམ་པ་ཅན་གྱི་ཡིད་ཤེས་ཀྱང་ཡོད་པར་གསུངས་པས་ན་སྐབས་ཐོབ་ཀྱིས་གནས་ལུགས་ལ་བློ་ཁ་མ་ཕྱོགས་པའི་ཤེས་པའམ་གནས་ལུགས་ལ་འཁྲུལ་བའི་ཤེས་པ་ལ་བྱས་ན་ལེགས་སོ།   །
ད་ནི་དེ་དག་ལ་རྟོན་མི་རྟོན་གྱི་ཚུལ་བཤད་པར་བྱ་སྟེ།   ས་སྡེ་ལས་གང་ཟག་དང་དུས་དང་ཚད་མའི་སྒོ་ནས་གསུངས་ཚུལ་མང་དུ་ཡོད་ཀྱང་འདིར་ནི་ད་ལྟར་ཉེ་བར་མཁོ་བའི་དབང་དུ་བྱས་ཏེ་དགོངས་པ་མདོ་ཙམ་བརྗོད་པར་བྱའོ།   །དེ་ལ་རྟོན་མི་རྟོན་ནི་ཡིད་ཆེས་མི་ཆེས་ལ་བྱའོ། །གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ་ནི།   འདི་ནི་སངས་རྒྱས་ཀྱིས་བཤད་པས་བླང་བར་བྱ་ལ།   འདི་ནི་སོ་སོ་སྐྱེ་བོས་བཤད་པས་བླང་བར་མི་བྱའོ་ཞེས་པ་ལྟ་བུ་ཆོས་ལ་རྟོག་དཔྱོད་མེད་པར་སྟོན་པ་པོའི་གང་ཟག་ཁོ་ན་རྒྱུ་མཚན་དུ་བྱས་ནས་བླང་དོར་བྱེད་པ་མ་ཡིན་གྱི། འདི་ནི་ཡང་དག་པའི་ལམ་བཤད་པས་བླང་བར་བྱ་ལ།འདི་ནི་ཡང་དག་པ་མ་ཡིན་པའི་ལམ་བཤད་པས་བླང་བར་བྱ་བ་མ་ཡིན་པའོ་ཞེས་བསྟན་པའི་ཆོས་ལ་་་་་་་་་བརྟགས་ནས་ཡིད་རྟོན་པར་བྱེད་པ་སྟེ།   བྱང་ས་ལས་བྱང་ཆུབ་སེམས་དཔའ་ནི་ནག་པོ་བསྟན་པ་དང་ཆེན་པོ་བསྟན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་རབ་ཏུ་ཤེས་ནས་ཀྱང་རིགས་པ་ལ་རྟོན་པར་བྱེད་པ་ཡིན་གྱི་གནས་བརྟན་ནམ་ཤེས་པའི་གང་ཟག་གམ་དེ་བཞིན་གཤེགས་པའམ་དགེ་འདུན་གྱིས་ཆོས་དེ་དག་བཤད་དོ་ཞེས་གང་ཟག་ལ་རྟོན་པ་མིན་ནོ། །ཞེས་གསུངས་སོ།   །དེས་ན་ཆོས་ལ་འཐད་མི་འཐད་བཤད་རྒྱུ་གང་ཡང་མེད་པར་འདི་ནི་ངེད་ཅག་གི་བླ་མས་བཤད་པ་ཡིན་པས་ཁས་ལེན་དགོས་ལ་་འདི་ནི་གཞན་གྱི་བླ་མས་བཤད་པ་ཡིན་པས་ཁས་ལེན་མི་རུང་ཞེས་གང་ཟག་ཁོ་ན་རྒྱུ་མཚན་དུ་སྨྲ་བ་དག་ལ་རྟོན་པ་དང་པོའི་དོན་ཕྱིན་ཅི་ལོག་ཏུ་གྱུར་བར་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱི་གསུང་ནི་རྣམ་པ་ཐམས་ཅད་དུ་ཡིད་ཆེས་པའི་གནས་ཡིན་མོད་ཀྱང་སྔར་ལྟར་བཤད་པ་ནི་ཡིད་ཆེས་ཚུལ་བསྟན་པ་སྟེ། སངས་རྒྱས་ཡིན་པས་དེའི་བཀའ་ལ་ཡིད་ཆེས་དགོས་ཟེར་བ་མ་ཡིན་གྱི། དེས་བསྟན་པའི་ཆོས་ཐར་འདོད་ལ་མི་བསླུ་བས་བཅོམ་ལྡན་འདས་ཚད་མར་སྒྲུབ་དགོས་པའི་གནད་ཀྱིས་སོ།   །དེས་ན་གོང་དུ་འདི་ནི་སངས་རྒྱས་ཀྱི་བཀའ་ཡིན་པས་བླང་བར་བྱ་ལ་ཞེས་སྨྲས་པ་ཡང་དཔེར་ན་སངས་རྒྱས་ཀྱི་བཀའ་ཡིན་ཀྱང་ས་ལམ་མཐོན་པོའི་དབང་དུ་བྱས་པའི་བླང་དོར་གྱི་གནས་སྟོན་པ་འགའ་ཞིག   །ད་ལྟ་ལས་དང་པོ་བའི་གནས་སྐབས་སུ་ལག་ཏུ་བླང་མི་རུང་བ་རྣམས་ལ་ཁྱད་པར་དེ་ལྟ་བུ་མ་གོ་བར་སངས་རྒྱས་ཀྱི་གསུང་ཡིན་པ་ཙམ་འབའ་ཞིག་རྒྱུ་མཚན་དུ་བྱས་ནས་ལག་ཏུ་བླང་བ་ལྟ་བུ་ལ་བྱའོ།    །ཚིག་ལ་མི་རྟོན་དོན་ལ་རྟོན་པ་ནི། གང་གིས་ཆོས་འཆད་པའམ་རྩོམ་པ་འམ་རྩོད་པ་ལ་ཡང་རུང་སྟེ་སྐད་དང་ཡི་གེ་དང་ཚིག་འབྲུ་ལེགས་པར་སྦྱར་བའམ་ལེགས་པར་མ་སྦྱར་བ་ཡང་རུང་སྟེ་དོན་ལེགས་པར་བཤད་པ་ནི་བླང་བར་བྱ་ལ།   ཉེས་པར་བཤད་པ་ནི་སྐད་དང་ཡི་གེ་དང་ཚིག་འབྲུ་ལེགས་པར་སྦྱར་བ་ཡང་རུང་སྟེ་དོར་བར་བྱ་དགོས་པས་ཚིག་དོན་གཉིས་ཀྱི་ནང་ནས་དོན་ལ་རྟོན་པའོ།    །འདིའི་ལེགས་པར་བཤད་པ་ནི་ལུང་དང་རིགས་པ་དང་མི་འགལ་བ་དང༌།   མངོན་མཐོ་དང་ངེས་ལེགས་ཇི་ལྟར་རིགས་པར་སྒྲུབ་པའི་ཐབས་ཡང་དག་པ་བསྟན་པ་ཡིན་ལ། ཉེས་པར་བཤད་པ་ནི་དེ་ལས་བཟློག་པའོ།   །དེ་ཡང་བྱང་ཆུབ་སེམས་དཔའི་ས་ལས།     དེ་ལ་བྱང་ཆུབ་སེམས་དཔའ་ནི་དོན་འདོད་པའི་ཕྱིར་གཞན་ལས་ཆོས་མཉན་པར་བྱེད་ཀྱི། ཚིག་འབྲུ་ལེགས་པར་སྦྱར་བ་འདོད་པའི་ཕྱིར་མ་ཡིན་ཏེ། དེ་དོན་འདོད་པའི་ཕྱིར་ཆོས་མཉན་གྱི། ཚིག་འབྲུ་འདོད་པའི་ཕྱིར་མ་ཡིན་པས་ན་ཕལ་བའི་སྐད་ཀྱིས་ཆོས་སྟོན་ན་ཡང་བྱང་ཆུབ་སེམས་དཔའ་དོན་ལ་རྟོན་པ་ནི་གུས་པར་བྱས་ཏེ་མཉན་པར་བྱེད་དོ།   །ཞེས་གསུངས་སོ། །རྗེ་བདག་ཉིད་རྟེན་པོས་ཀྱང་བྱང་སའི་ལུང་དེའི་དོན་བསྡུར་དེ་ལས་བཟློག་པའི་ཉེས་པ་ངོས་བཟུང་བའི་སྐབས་སུ་ཚིག་མི་ལེགས་ན་དོན་ལེགས་ཀྱང་དེ་ལ་མི་གནས་ལ། ཚིག་ལེགས་ན་དོན་མི་ལེགས་ཀྱང་དེ་ལ་གནས་པ་ནི་ཉེས་བྱས་སུ་བཤད་པས་ན་དེ་ལས་བཟློག་པ་ནི་རྟོན་པ་གཉིས་པའི་དོན་དུ་ཤེས་པར་བྱའོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号