ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ས་བཅད་གསུམ་པ། ཐེག་ཆེན་གྱི་གྲུབ་མཐའ་སྨ
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།

ལེགས་བཤད་སྙིང་པོ་ལས།   མགོན་པོ་ཀླུ་སྒྲུབ་ཀྱིས་ངོ་བོ་ཉིད་མེད་པའི་ཚུལ་དང༌། བདག་ཉིད་ཆེན་པོ་ཐོགས་མེད་ཀྱིས་རྣམ་པར་རིག་པ་ཙམ་གྱི་ཚུལ་གྱི་ཤིང་རྟ་ཆེན་པོའི་སྲོལ་གཉིས་ཕྱེ་ནས་ཞེས་གསུངས་པ་ལྟར། དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་ཀླུ་སྒྲུབ་དང༌། སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ཐོགས་མེད་ཁོ་ནར་བྱེད་པ་རྗེ་བདག་ཉིད་ཆེན་པོའི་དགོངས་པ་ཡིན་ནོ།    །རྗེའི་སྲས་ཀྱི་ཐུ་བོ་རྒྱལ་ཚབ་ཐམས་ཅད་མཁྱེན་པས་རྣམ་བཤད་སྙིང་པོ་རྒྱན་དང༌།     མཁས་གྲུབ་སྨྲ་བའི་ཉི་མས་ནི་སྟོང་ཐུན་སྐལ་བཟང་མིག་འབྱེད་དུ་ཡང་ཤིང་རྟའི་སྲོལ་འབྱེད་ལ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཁོ་ནར་ངེས་པའི་རྒྱུ་མཚན་མང་དུ་གསུངས་ཏེ།   འདིར་ལུང་རྣམས་མངས་ཀྱིས་དོགས་ནས་མ་བྲིས་སོ། །གཞན་དུ་ན་རྗེ་བཙུན་བྱམས་པ་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་དུ་ཡང་ཐལ་བར་འགྱུར་སྟེ། མདོ་སྡེ་རྒྱན་དང་འབྱེད་རྣམ་གཉིས་སུ་སེམས་ཙམ་པ་དང་མཐུན་པའི་ལྟ་བ་བསྟན་པའི་ཕྱིར་རོ།    །མངོན་རྟོགས་རྒྱན་ལྟ་བུ་ནི་དབུ་སེམས་ཀྱི་ཤིང་རྟ་ཆེན་པོ་རྣམས་ཀྱིས་རང་རང་གིས་གང་འདོད་པའི་ཕྱོགས་སུ་ལེགས་པར་བཀྲལ་འདུག་པས།དེས་ཚུལ་གཞན་དུ་དྲང་དུ་མི་རུང་བའི་དབུ་མ་པའི་ཤིང་རྟའི་སྲོལ་ཕྱེ་བར་ག་ལ་རུང༌། གལ་ཏེ་དེ་ལྟར་ན་བཞི་བརྒྱ་པ་ཡང་གནས་བརྟན་ཆོས་སྐྱོང་གིས་སེམས་ཙམ་དུ་བཀྲལ་བ་དང༌།   རིགས་ཚོགས་རྣམས་ཀྱང་སེམས་ཙམ་གྱི་ཕྱོགས་སུ་དྲངས་པ་སྣང་བས་རིགས་ཚོགས་ཀྱང་དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་པའི་བསྟན་བཅོས་མ་ཡིན་པར་འགྱུར་རམ་སྙམ་ན་མི་མཚུངས་ཏེ།     མངོན་རྟོགས་རྒྱན་གྱི་དགོངས་དོན་མཐར་ཐུག་དབུ་མར་གནས་ཀྱང་བསྟན་ཚོད་ཀྱི་དོན་ཙམ་ལ་དབུ་སེམས་གཉིས་ཀའི་ཆ་ཡོད་པར་འགྲེལ་བྱེད་མཁན་པོ་དག་གིས་བཤད་པས་ན་སེམས་ཙམ་དུ་བཀྲལ་བ་ཡང་རྒྱན་གྱི་དགོངས་པ་མཐར་ཐུག་མིན་ཀྱང་དགོངས་པ་ཙམ་དུ་གནས་པའི་ཕྱིར་དང༌།    དབུ་མ་རིགས་པའི་ཚོགས་རྣམས་ཀྱིས་རྣམ་པ་ཐམས་ཅད་དུ་དབུ་མ་པའི་ལུགས་གསལ་བར་མཛད་ཀྱི་སེམས་ཙམ་པའི་ཕྱོགས་བསྟན་པ་མེད་པས་སེམས་ཙམ་གྱི་ཕྱོགས་སུ་བཀྲལ་བ་རྣམས་ཀྱིས་བསྟན་བཅོས་ཀྱི་དགོངས་པ་མ་རྟོགས་པར་འཇོག་དགོས་པའི་ཕྱིར། འོ་ན་མགོན་པོ་ཀླུ་སྒྲུབ་རང་ཉིད་ཀྱིས་མཛད་པའི་བསྟན་བཅོས་རྣམས་སུ་རྣམ་པར་རིག་པ་ཙམ་གྱི་ལུགས་མི་འཐད་པའི་ཚུལ་དངོས་སུ་བསྟན་པ་ཆེར་མེད་པ་ཅི་ཡིན་སྙམ་ན།    དེ་ནི་འཕགས་པ་ཐོགས་མེད་ཀྱིས་རྣམ་པར་རིག་པ་ཙམ་གྱི་ཤིང་རྟའི་སྲོལ་ཕྱེ་བ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་རིགས་ཚོགས་མཛད་པའི་རྗེས་ནས་བྱུང་བ་ཡིན་པས་རྩ་བར་ལུགས་དེ་འགོག་པའི་རིགས་པ་དངོས་སུ་མ་བྱུང་བའི་རྒྱུ་མཚན་དེ་ཡིན་ལ།   འོན་ཀྱང་རིགས་ཚོགས་ལས་བཤད་པའི་རིགས་པ་ཕལ་མོ་ཆེ་ཞིག་ནི་སེམས་ཙམ་པ་འགོག་པ་ལ་ཡང་སྦྱོར་བར་ཟླ་བའི་ཞབས་དང༌།   ལེགས་ལྡན་འབྱེད་རྣམས་ཀྱིས་གསུངས་སོ།  །
དེ་ལྟར་ཡང་རྗེ་བདག་ཉིད་ཆེན་པོས། རྣལ་འབྱོར་སྤྱོད་པ་པས་དངོས་པོ་བདེན་པར་སྨྲ་བའི་བསྟན་བཅོས་ཀྱི་རྣམ་བཞག་བྱས་པ་ནི་རྩ་བ་མཁན་པོའི་རྗེས་སུ་བྱུང་བས། འདིར་ཡང་རང་སྡེ་ཕྱོགས་སྔར་ལེན་པ་ན་དོན་སྨྲ་གཉིས་ཕྱོགས་སྔར་མཛད་ལ་དེ་དག་ལ་ལུང་གི་གནོད་པ་སྟོན་པ་ནའང་ཐེག་དམན་གྱི་སྡེ་སྣོད་ནས་འབྱུང་བ་ཉིད་ཀྱིས་མཛད་དོ།   །དེ་ལྟ་ནའང་འདི་དག་གི་འདོད་པ་བཀག་ན་རྣལ་འབྱོར་སྤྱོད་པ་པའི་དངོས་པོ་བདེན་པར་འདོད་པ་ཡང་ཁེགས་པར་འགྱུར་པས་འགོག་པའི་རིགས་པ་ནི་ཐུན་མོང་བ་ཁོ་ནའོ།  །ཞེས་རྩ་ཤེས་རྣམ་བཤད་ཆེན་མོར་གསུངས་སོ།   །རྗེ་བཙུན་དམ་པ་འཇམ་དབྱངས་བཞད་པའི་རྡོ་རྗེས་ཀྱང༌།   ཕར་ཕྱིན་ཡིག་ཆར་སྔོན་གྱི་མཁས་པའི་ཁས་ལེན་གྱི་རྟིང་ནོན་ཙམ་མཛད་ཀྱང་རང་གི་བཞེད་པ་ནི་ཤིང་རྟའི་སྲོལ་འབྱེད་གཉིས་སུ་ངེས་པ་ཡིན་པར་གྲུབ་མཐའི་རྣམ་བཞག་གི་བཤད་ལུགས་ལས་ཤེས་སོ། །དབུ་སེམས་ཀྱི་ཤིང་རྟའི་སྲོལ་ཆེན་པོ་འདི་གཉིས་ལ་བདེན་པ་བཞི་དང་རྟེན་འབྲེལ་བཅུ་གཉིས་ལ་སོགས་པ་ཐེག་པ་དམན་པའི་ལམ་གྱི་རིམ་པའི་ཉམས་ལེན་དང༌།   ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ལ་ཡང་སྤྱོད་པའི་རྟེན་སེམས་སྐྱེད་པ་དང༌། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པ་དང༌། ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་དགོས་པ་དང༌། འབྲས་བུའི་སྐབས་སུ་སྐུ་གསུམ་གྱི་རྣམ་བཞག་བྱེད་པ་དང༌། ལམ་གྱི་སྤང་བྱ་སྒྲིབ་པ་ལ་ཉོན་སྒྲིབ་ཤེས་སྒྲིབ་གཉིས་དང༌། དེའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ལ་གང་ཟག་དང་ཆོས་ཀྱི་བདག་མེད་པ་རྟོགས་པའི་ཤེས་རབ་གཉིས་སུ་འཇོག་པ་སོགས་ཕལ་ཆེར་མཚུངས་ཤིང༌།བདག་མེད་པ་གཉིས་གཏན་ལ་འབེབས་ཚུལ་དང༌། དེས་སྒྲིབ་པ་སྤོང་ཚུལ་དང༌། ཐེག་པ་ཆེ་ཆུང་གི་ལམ་་གྱི་རྟོགས་པ་སྐྱེད་ཚུལ་གྱི་རྣམ་བཞག་ནི་འཆད་པར་འགྱུར་བ་ལྟར་མི་འདྲ་བ་ཤིན་ཏུ་མང་ངོ༌། །དེའི་ཕྱིར་ཆོས་ཀྱི་བདག་མེད་པ་དང༌། ས་བཅུའི་རྣམ་བཞག་དང༌། ལོངས་སྐུ་སོགས་ཐེག་ཆེན་གྱི་ལམ་འབྲས་ཡོངས་སུ་རྫོགས་པའི་རྣམ་བཞག་ཁས་ལེན་པ་དང་མི་ལེན་པའི་ཁྱད་པར་གྱིས་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བའི་ཐ་སྙད་བྱས་པ་ཡིན་གྱི། གང་དག་ཐེག་ཆེན་གྲུབ་མཐའ་སྨྲ་བ་དང་ཐེག་ཆེན་གང་ཟག་གཅིག་ཏུ་འདོད་པ་དག་གིས་རང་གི་དེ་ཉིད་གསལ་བར་བསྒྲགས་པ་ཡིན་ནོ། །འོ་ན་ཉན་ཐོས་སྡེ་གཉིས་ལ་ཐེག་ཆེན་གང་ཟག་ཡོད་དམ་མེད་ཅེ་ན། སྤྱིར་དེ་དག་གི་རྒྱུད་ལ་སངས་རྒྱས་ཐོབ་འདོད་ཀྱི་བློ་ཙམ་སྐྱེ་བའི་མཐའ་མ་བཀག་ཀྱང་རང་གི་གྲུབ་མཐའ་མ་དོར་བཞིན་དུ་བྱང་ཆུབ་ཀྱི་སེམས་མཚན་ཉིད་ཚང་བར་སྐྱེ་བ ་ནི་གནས་མེད་དེ། འདི་ལྟར་ཐེག་ཆེན་སེམས་སྐྱེད་མཚན་ཉིད་ཚང་བར་སྐྱེ་བ་ལ་བྱང་ཆུབ་དོན་གཉེར་དང་གཞན་དོན་དོན་གཉེར་གྱི་བློ་གཉིས་སྐྱེ་དགོས་ལ།   དོན་དུ་གཉེར་བྱའི་བྱང་ཆུབ་དེ་ལ་ཡང་ཐ་ན་རྣམ་རིག་པའི་ལུགས་ལྟར་གྱི་སྲིད་ཞིའི་མཐའ་གཉིས་བཀག་པའི་མི་གནས་པའི་མྱང་འདས་ཞིག་དགོས་པའི་ཕྱིར་དང༌། གཞན་དོན་མཐར་ཐུག་གཟུགས་ཀྱི་སྐུ་གཉིས་ཀྱི་ནང་ནས་ཀྱང་ལོངས་སྤྱོད་རྫོགས་སྐུ་གཙོ་བོ་ཡིན་པའི་ཕྱིར་དང༌། ཁྱད་པར་དུ་གྲངས་མེད་གསུམ་གྱི་མགོ་རྩོམ་པའི་བྱང་ཆུབ་སེམས་དཔའ་ལ་ཐེག་བསྡུས་ལས། བཟང་དང་སྨོན་པའི་སྟོབས་ཅན་དང༌། །ཞེས་སོགས་གསུངས་པ་ལྟར་གྱི་མཚན་ཉིད་ཚང་དགོས་པའི་ཕྱིར།   འདི་དག་ཤིང་རྟ་ཆེན་པོ་གཉིས་ཀྱི་གཞུང་ལུགས་མང་པོ་ལས་གསལ་བར་བཤད་ཅིང་རྗེ་ཡབ་སྲས་ཀྱིས་ཀྱང་ལན་ཅིག་མ་ཡིན་པར་བཤད་མོད་འདིར་མངས་ཀྱིས་དོགས་ནས་མ་བྲིས་་སོ།    །དེས་ན་སློབ་དཔོན་བྱང་ཆུབ་བཟང་པོས། མདོ་སྡེ་པ་ལ་བསྔོ་བ་དང༌། སྨོན་ལམ་དང༌།སྙིང་རྗེ་ཆེན་པོ་ཡོད་པས་ཐེག་ཆེན་པ་དང༌། བྱེ་བྲག་སྨྲ་བ་བསྐལ་པ་མང་པོར་ཞི་བའི་དབྱིངས་སུ་གནས་པས་ཐེག་དམན་པ་ཡིན་པར་བཤད་པ་དང༌། རྒྱ་གར་བ་གཞན་འགའ་ཞིག་གིས་ཀྱང་དེ་ལྟར་བཤད་མོད་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་དང་འགལ་བས་འཐད་པར་མི་སེམས་སོ། །དེས་ན་གཞུང་ལུགས་ཆེན་མོ་རྣམས་ཀྱི་དོན་ལ་དཔྱོད་པའི་ཚེ་རྗེ་ཡབ་སྲས་ཀྱི་བཀའ་སྲོལ་ལྟར་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་དང་མཐུན་པ་ཅིག་དགོས་ཀྱི། རྒྱ་གར་བ་གཅིག་གིས་བཤད་པ་ཙམ་རྒྱུ་མཚན་དུ་བྱས་ཏེ་ལུང་མང་དུ་འདྲེན་པ་ཙམ་ལ་དགའ་བར་མི་བྱ་སྟེ། མཁས་པ་རྣམས་ཀྱི་ལུགས་ནི་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ་ཡིན་པའི་ཕྱིར་རོ།  །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号