ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ས་བཅད་གསུམ་པ། ཐེག་ཆེན་གྱི་གྲུབ་མཐའ་སྨ
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ་ནི། དེ་བཞིན་གཤེགས་པའི་བཀའ་ལས་ཡོངས་སུ་མ་སྨིན་གྱི་སྐྱེས་བུ་དྲང་པར་བྱ་བའི་དོན་དུ་གསུངས་པ་སྒྲ་ཇི་བཞིན་པ་ལ་རིགས་པའི་གནོད་པ་འབབ་པ་རྣམས་ནི་གདུལ་བྱ་དྲང་པའི་ཆེད་དུ་གསུངས་བར་ཤེས་ནས་དངོས་པོའི་དེ་ཁོ་ན་ཉིད་དོན་ཇི་ལྟ་བ་བཞིན་དུ་སྟོན་པ་སྒྲ་ཇི་བཞིན་པ་ལ་རིགས་པའི་གནོད་པ་མི་འབབ་པ་རྣམས་ནི་ངེས་པའི་དོན་དུ་ཡིད་ཆེས་པར་བྱ་སྟེ།བྱང་ས་ལས། ཡང་བྱང་ཆུབ་སེམས་དཔའ་ནི། དེ་བཞིན་གཤེགས་པ་ལ་དད་ཞེན་ཅིང༌། དགའ་བཞེན་ཏེ།གསུང་ལ་གཅིག་ཏུ་ངེས་པ་མངོན་པར་དགའ་བ་དང༌། དེ་བཞིན་གཤེགས་པའི་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི། དྲང་པའི་དོན་ལ་ནི་མ་ཡིན་ཏེ། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་ན། ཆོས་འདུལ་བ་འདི་ལས་མི་འཕྲོགས་པར་འགྱུར་ཏེ།འདི་ལྟར་དྲང་པའི་དོན་གྱི་མདོ་སྡེ་ནི། སྒོ་སྣ་ཚོགས་ནས་ཞུགས་པའི་དོན་གྱི་རྣམ་པར་དབྱེ་བ་མ་ངེས་པས་ཐེ་ཚོམ་སྐྱེད་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ།   །འདི་ནི་སྤྱིའི་དབང་དུ་བྱས་པ་ཡིན་གྱི་ཞིབ་ཏུ་ན་དབུ་སེམས་ཀྱི་ཤིང་རྟ་ཆེན་པོ་རྣམས་ཀྱི་དྲང་ངེས་ཀྱི་ཁྱད་པར་རྣམ་པར་བཞག་པ་མི་འདྲ་བའི་དབང་གིས་རྟོན་པ་གསུམ་པའི་ཞིབ་ཆ་སོ་སོར་བྱེད་པ་ཡང་དེས་དཔགས་ཏེ་ཤེས་པར་བྱའོ། །
རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་ནི།   ངེས་དོན་འཚོལ་བའི་སྐབས་སུ་སྐྱེ་བོ་ཕལ་བའི་མིག་ལ་སོགས་པའི་དབང་པོའི་ཤེས་པ་དང༌། དངོས་པོའི་གནས་ལུགས་ལ་འཁྲུལ་བའི་ཡིད་ཀྱི་ཤེས་པ་ལ་དེ་ལྟར་སྣང་བ་ཙམ་ལ་ཡིད་ཆེས་པ་སྤངས་ནས།   འཕགས་པ་རྣམས་ཀྱི་རྣམ་པར་མི་རྟོག་པའི་མཉམ་བཞག་ཡེ་ཤེས་སམ་དེའི་རྒྱུར་གྱུར་པའི་དེ་ཁོ་ན་ཉིད་དཔོག་པར་པྱེད་པའི་རིགས་ཤེས་ལ་རྟོན་པར་བྱེད་པའམ། ཡང་ན་ཐོས་བསམ་གྱིས་དོན་སྤྱི་ཙམ་རྣམ་པར་ཤེས་པ་ལ་ཡིད་མི་རྟོན་པར་རྟོག་མེད་ཀྱི་ཤེས་པས་མངོན་སུམ་དུ་རྟོགས་པ་ལ་སྙིང་པོ་དང་བཅས་པར་ཡིད་ཆེས་པ་སྟེ།དང་པོ་ནི་མདོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན།  །ཞེས་སོགས་ཀྱིས་བཤད་པ་ལྟར་དང༌། ཕྱི་མ་ནི་བྱང་ས་ལས། ཡང་བྱང་ཆུབ་སེམས་དཔའ་ནི་མི་རྟོག་པའི་ཡེ་ཤེས་ལ་སྙིང་བོར་ལྟ་བ་ཡིན་གྱི། ཐོས་པ་དང་བསམས་པས་ཆོས་དང་དོན་རྣམ་པར་ཤེས་པ་ཙམ་ལ་ནི་མ་ཡིན་ནོ། །ཞེས་པ་ལྟར་རོ།  །མཁས་གྲུབ་ཐམས་ཅད་མཁྱེན་པས་ཀྱང་སོ་སོ་སྐྱེ་བོའི་ཤེས་པའི་སྣང་ཚུལ་འདི་གནས་ལུགས་མ་ཡིན་གྱི། འཕགས་པའི་མི་རྟོག་ཡེ་ཤེས་ཀྱི་གཟིགས་ཚུལ་དེ་ཉིད་གནས་ལུགས་སུ་ཁས་ལེན་པ་ནི་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པའི་དོན་ཡིན་ནོ་ཞེས་གསུངས་སོ།   །སའི་དངོས་གཞི་ལས་ནི། སྲིད་རྩེ་མན་ཆད་ཀྱི་རྣམ་ཤེས་ཀྱི་རྟེན་འབྲེལ་ཇི་ཙམ་ཐོབ་ཀྱང་ཡིད་མི་རྟོན་ལ། འཕགས་པའི་བདེན་པ་བཞི་ཤེས་པའི་ཟག་མེད་ཀྱི་ཡེ་ཤེས་ལ་རྟོན་པ་ནི་རྟོན་པ་བཞི་པའི་དོན་དུ་གསུངས་པ་ལྟར་ན་རྣམ་ཤེས་ནི་འཁོར་བས་བསྡུས་པའི་ཤེས་པ་དང༌། ཡེ་ཤེས་ནི་རྣམ་བྱང་ཕྱོགས་ཀྱིས་བསྡུས་པའི་ཤེས་པར་བྱེད་དགོས་པ་འདྲའོ།   །འོན་ཀྱང་མདོ་དང་བྱང་ས་ལས་གསུངས་པ་ནི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་པའི་རྟོན་པ་བཞི་པའི་རྣམ་བཞག་དང༌། སའི་དངོས་གཞི་ལས་གསུངས་པ་ནི་ཐེག་པ་དམན་པའི་གནས་སྐབས་ཀྱང་བསྡུ་བ་ལ་དགོངས་པ་ཡིན་བྱས་ཀྱང་རུང་ངམ་སྙམ་སྟེ། །བློ་གྲོས་དང་ལྡན་པ་རྣམས་ཀྱིས་དཔྱད་པར་བྱའོ། །དེ་ལྟར་ན། དང་པོ་ཐོག་མར་ཆོས་མཉན་པའི་དུས་སུ་གང་ཟག་ལ་མི་རྟོན་པར་ཡང་དག་པའི་ལམ་སྟོན་པའི་ཆོས་ནི་སུ་ལས་ཀྱང་རུང་སྟེ་མཉན་དགོས་པ་དང༌།   དེའི་ཚེ་ཡང་ཚིག་ལ་གཙོ་བོར་མི་བྱེད་པར་དོན་གཙོ་བོར་ཡིད་ལ་འཛིན་པ་སྟེ་ཐོས་པའི་གནས་སྐབས་སུ་རྟོན་པ་དང་པོ་གཉིས་དང༌།   དེ་ནས་བསམ་པའི་གནས་སྐབས་སུ་དོན་ལ་ཡང་གཉིས་སུ་ཕྱེ་བའི་ངེས་དོན་ལ་གཙོ་བོར་བྱེད་ཅིང་དྲང་དོན་ནི་དེ་རྟོགས་པའི་ཐབས་སམ་ཡན་ལག་ཏུ་ཤེས་དགོས་པས་རྟོན་པ་གསུམ་པ་དང༌།   སྒྲུབ་པ་ཉམས་ལེན་གྱི་དུས་སུ་ཐོས་བསམ་གྱིས་ཤེས་པ་ཙམ་ལ་ཆོག་ཤེས་མི་བྱེད་པར་སྒོམ་བྱུང་གི་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བ་ལ་གཙོ་བོར་བྱེད་དགོས་པས་རྟོན་པ་བཞི་པ་འཇོག་པར་འཕགས་པ་ཐོགས་མེད་ཀྱིས་བཤད་དོ།   །རྟོན་པ་བཞི་པོ་དེས་རིམ་པ་བཞིན་དུ་ཆོས་ཟབ་མོ་ལ་མོས་པ་དང་།དགོངས་པ་ཟབ་མོ་ལ་སྤྱོད་པ་དང༌། ལུང་གི་དོན་ལ་ལོག་པར་མི་འཇུག་པ་དང༌། ཟག་མེད་ཀྱིཡེ་ཤེས་ཐོབ་པ་བཞི་ལས་མི་ཉམས་པར་གསུངས་ཏེ།
མདོ་སྡེ་རྒྱན་ལས། མོས་དང་རྣམ་པར་སྤྱོད་པ་དང༌། །གཞན་ལས་ཇི་བཞིན་ཐོས་པ་དང༌།  །བརྗོད་པ་མེད་པའི་ཡེ་ཤེས་ལས། །བརྟན་རྣམས་ཉམས་པར་མི་འགྱུར་རོ། །ཞེས་སོ། །རྟོན་པ་བཞིའི་རྣམ་བཞག་དེ་དག་ཤིན་ཏུ་གལ་ཆེ་བར་སྣང་ནའང་ཕྱིས་ཀྱི་མཁས་པ་གཞན་དག་གིས་གསལ་བར་བཤད་པ་མི་སྣང་ལ། ། མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་དམ་པ་འཇམ་དབྱངས་བཞད་པའི་རྡོ་རྗེས་གྲུབ་མཐའི་རྣམ་བཞག་ཏུ་ལེགས་པར་བཤད་པ་དང༌།   དེའི་ཁུངས་སུ་གྱུར་པའི་བྱང་ས་མདོ་སྡེ་རྒྱན་རྩ་འགྲེལ་རྗེ་ཡབ་སྲས་ཀྱི་གསུང་རབ་སོགས་ལ་དཔྱད་དེ་ཅུང་ཟད་གསལ་བར་བཤད་དོ། །རིགས་པ་བཞི་ནི།ལྟོས་པའི་རིགས་པ། བྱ་བ་བྱེད་པའི་རིགས་པ། འཐད་པས་སྒྲུབ་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ་སྟེ་བཞིའོ།  །དེ་ལ་དང་པོ་ནི། འདུ་བྱེད་རྣམས་ཀྱི་འབྱུང་བ་རང་རང་གི་རྒྱུ་དང་རྐྱེན་ལ་ལྟོས་པ་སྟེ།དེ་ཡང་ཀུན་རྫོབ་དང་དོན་དམ་དང་དེ་དག་གི་གཞི་རྣམས་སོ་སོའི་སྒོ་ནས་འཚོལ་བའོ།  །གཉིས་པ་ནི།   མེས་བསྲེགས་པའི་བྱ་བ་བྱེད་པ་སོགས་ཆོས་རྣམས་ཀྱིས་རང་རང་གི་བྱ་བ་བྱེད་པ་སྟེ། འདི་ཡང་བྱ་བྱེད་ཆོས་གསུམ་སོ་སོར་འཚོལ་བའོ། །གསུམ་པ་ནི། ཚད་མ་གསུམ་དང་མི་འགལ་བར་དོན་སྒྲུབ་པ་སྟེ། འདི་ལ་མངོན་སུམ་དང་རྗེས་དཔག་དང་ལུང་གི་ཚད་མ་གསུམ་པོ་ཡོད་དམ་མེད་སྙམ་དུ་འཚོལ་བའོ། །བཞི་པ་ནི། མེ་ཚ་བ་དང་ཆུ་བརླན་པ་སོགས་ལ་དེ་དག་གི་ཆོས་ཉིད་དུ་འཇིག་རྟེན་ན་གྲགས་པའི་ཆོས་ཉིད་དང་།བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་དང༌། གནས་པའི་ཆོས་ཉིད་ལ་མོས་བར་བྱེད་པ་སྟེ། རིགས་པ་འདི་བཞི་ལ་བརྟེན་ནས་ཀྱང་རྒྱལ་བའི་གསུང་རབ་ཀྱི་དོན་ལ་འཇུག་པའོ།  །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号