ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་སྒྲ་རིག་
སྤེལ་དུས།05-18  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
རྣམ་འགྱུར་འཆད་པ་ནི༌།རང་བཞིན་དང་འབྲེལ་བའི་བསྒྱུར་བ་ཨ་ཡིག་སྒྲ་ལྡན་ལ་རིང་པོར་འགྱུར་བ་ལྟ་བུ་དང༌། དེ་དང་འབྲེལ་བའི་དབྱེ་བ་རྟགས་མཐའི་ན་ཡིག་ལྟ་བུ་དང༌། རྐྱེན་དང་རྗེས་འབྲེལ་བསྒྱུར་བ་ཊྰ་ཨི་ན་རུ་འགྱུར་བ་ལྟ་བུ་དང༌། དེ་དང་འབྲེལ་བའི་དབྱི་བ་ཨཱ་ཡིག་མོ་རྟགས་ཅན་ལ་སི་དབྱི་བ་ལྟ་བུ་དང༌།   ཡི་གེ་ཙམ་དང་འབྲེལ་བའི་བསྒྱུར་བ་དབྱངས་དང་གསལ་བྱེད་འཚམས་སྦྱོར་བ་ལྟ་བུ་དང༌།   དེ་དང་འབྲེལ་བའི་དབྱི་བ་ལ། ཚིག་མཐར་ཨེཏ་ཨོཏ་ལས་ཕ་རོལ་གྱི་ཨ་ཡིག་དབྱི་བ་ལྟ་བུ་རྣམས་རྣམ་འགྱུར་ཡིན་ཞིང༌། དེ་ཡང་ཚིག་སྡུད་ཕལ་ཆེར་སུ་པྲའམ།ཨ་མྲ་སོགས་ཀྱི་རྣམ་དབྱེ་འཇིག་གོ།ཚིག་སྡུད་ནི་མིང་རྣམས་སྦྱོར་བའི་དོན་ཏེ་མིང་རེ་རེ་ལ་རྣམ་དབྱེ་རེ་རེ་འཐོབ་པ་ལ་མིང་གཉིས་སམ་མང་པོའི་ཐ་མ་ལ་རྣམ་དབྱེ་གཅིག་བྱིན་པ་ཡིན་ནོ།   །དེ་ལ་ཡང་དབྱེ་ན།   གསུམ་མམ་དྲུག་ཡོད་པ་ལས། ཁྱད་པར་ཅན་ཨུཏྤ་ལ་ལྟ་བུ་དང༌། ཁྱད་པར་ནྰི་ལ་སྔོན་པོ་ལྟ་བུའི་ཚིག་དག་གཞི་མཐུན་པར་སྡུད་པ་ནྰི་ལ་དང་ཨུཏྤ་ལ་གཉིས་ཀ་ལ་རྣམ་དབྱེ་རེ་རེ་འཐོབ་པ་ལ་ནྰི་ལའི་རྣམ་དབྱེ་ཕྱིས་ནས་ཨུཏྤ་ལའི་མཐར་སི་བྱིན་པས།ནྰི་ལོཏྤ་ལཿཀ་ལ་པའི་ལུགས་ཀྱི་ལས་འཛིན་པའི་བསྡུ་བ། ཙནྡྲ་པའི་ལུགས་ཀྱི་ཁྱད་པར་གྱི་བསྡུ་བ་ཡིན་ནོ། །ལས་འཛིན་དེ་ཉིད་པཉྩ་སྐནྔྷ་ཕུང་པོ་ལྔ་ཞེས་པ་གྲངས་དང་བགྲང་བྱ་གཞི་མཐུན་དུ་སྡུད་པ་ཡིན་ལ། ཀལཱ་པར། བ་གཉིས་པའམ།   ཙནྡྲ་པར། གྲངས་དང་པོ་ཅན་གྱི་སྡུ་བ་ཞེས་པའོ།   །མིང་གྲྰ་མ་ལྟ་བུ་དང༌།   ཕ་རོལ་གྱི་ཚིག་ག་ཏེ་ལྟ་བུ་དག་གི་རྣམ་དབྱེ་གཉིས་པ་སྡུད་པ་སྟེ། གྲྰང་མཾ་ག་ཏི།   གྲོང་ལ་འགྲོ་བཞེས་པ་ལ་རྣམ་དབྱེའི་ཨཾ་ཕྱིས་ནས་གྲྰ་མ་ག་ཏིཿཞེས་བསྡུས་པས་གྲོང་འགྲོ་ཞེས་པ་ལྟ་བུ་ལ་སོགས་པ་ནི་བྱེད་ཅན་དྲུག་པའི་སྡུ་བ་ཞེས་ཙནྡྲ་པར་བཤད་དོ། །དེ་ལྟར་ལས་འཛིན་པ་དང༌། བ་གཉིས་པ་དང༌། གཉིས་པ་ལ་སོགས་པའི་བསྡུ་བ་སྟེ། འདི་གསུམ་ལ་དེའི་སྐྱེས་བུའི་བསྡུ་བ་ཞེས་ཀ་ལཱ་པར་བཤད་དོ། །ཚིག་སྡུད་གང་གི་སྔ་མར་གྲངས་མེད་པའམ་མི་ཟད་པའི་ཚིག་གིས་བརྗོད་བྱའི་གཙོ་བོར་སྟོན་པར་འགྱུར་བ་ཨུ་པ་ཀུམྦྷ་ཞེས་པའི་ཨུ་པ་ཉེ་བའི་ཞེས་པ་མི་ཟད་པ་སྔ་མར་གཙོ་བོར་བརྗོད་ཅིང༌།ཀུམྦྷ་བུམ་བ་ཞེས་ཕྱིས་བརྗོད་པའི་བར་ནས་རྣམ་དབྱེ་དང་པོ་ཕྱིས་པ་ལྟ་བུ་ནི། ཙནྡྲ་པར་གྲངས་མེད་པའི་སྡུ་བ་ཞེས་བྱའོ།    །ཚིག་གཉིས་དག་གམ་ཚིག་མང་པོ་རྣམས་བསྡོམས་ནས་དོན་གཞན་གོ་བར་བྱེད་པ་ལ། ཀ་ལཱ་པར་འབྲུ་མང་པོ་བ་དང༌།   ཙནྡྲ་པར་གཞན་གྱི་དོན་གྱི་ཚིག་སྡུད་ཅེས་བྱ་སྟེ། ཙིཏྲ་གུཿབ་ཁྲ་མོ་ཅན་ཞེས་པ་ལ། ཙིཏྲའི་རྗེས་སུ་རྣམ་དབྱེ་དང་པོ་ཕྱིས་པས།ཁྲ་མོ་ཅན་ཞེས་སྨོས་པ་འདི་ལས་བ་ཁྲ་མོ་ཡོད་པའི་ས་ཕྱོགས་གོ་བ་ལྟ་བུའོ། ། ཤར་དང༌། ལྷོ་ལ་སོགས་པའི་ཕྱོགས་ཀྱི་མིང་དག་ལས།   ཕྱོགས་བྲལ་ཤར་ལྷོ་ལ་སོགས་པ་གོ་བ་དེ་ཡང་འབྲུ་མང་པོའི་སྡུ་པ་ཡིན་ནོ།   ། མིང་སིལ་བུ་པ་གཉིས་སམ་མང་པོ་རྣམས་ལ་མིང་རེ་རེ་ལ་རྣམ་དབྱེ་འདྲ་བ་རེ་རེ་སྦྱིན་དགོས་པ་ལ་དེ་ཐམས་ཅད་ཀྱི་ཐ་མར་རྣམ་དབྱེ་གཅིག་བྱིན་པས་ཆོག་པར་བསྡུས་པ་ནི་ཀ་ལཱ་པར། ཟླས་དབྱེ་འམ།ཙནྡྲ་པར། དང་གི་དོན་གྱི་སྡུ་བ་ཞེས་བྱའོ། །དེ་ལ་ནི་གཉིས་ཏེ། གཞན་དང་གཞན་སྦྱོར་བ་མིང་གཉིས་ཀྱི་རྣམ་དབྱེ་བསྡུས་ན་གཉིས་ཚིག་སྟེར་ཞིང༌། མང་པོའི་བསྡུས་ན་མང་ཚིག་སྟེར་བ་དང༌། །ཀུན་སྡུད་པ་མིང་གཉིས་སུ་ཡོད་ཀྱང་རྣམ་དབྱེ་གཅིག་ཚིག་སྟེར་བའོ། །དེ་རྣམས་རྣམ་འགྱུར་བཤད་པའོ།།
འདི་ནི་སྒྲའི་བསྟན་བཅོས་ཀྱི་དོན་ཤིན་ཏུ་བསྡུས་པ་སྟེ།རང་བཞིན་དང་རྐྱེན་སོ་སོའི་དབྱེ་བ་དང༌།དེ་དག་དོན་གང་ལ་འཇུག་པའི་ཚུལ་དང༌།   རྣམ་འགྱུར་རྣམས་རྒྱས་པར་ཤེས་འདོད་ན་མིང་གི་སྤྲོས་པ་རྣམས་ནི་ཨ་མ་ར་ཀོ་ཥ་ལ་སོགས་པ་མངོན་བརྗོད་ཀྱི་བསྟན་བཅོས་རྣམས་དང༌། གཞན་རྣམས་ནི་བྱིངས་ཀྱི་གླེགས་བམ་དང༌། སྒྲའི་བསྟན་བཅོས་ཀ་ལཱ་པ་ལ་སོགས་པའི་གཞུང་དུ་ལྟོས་ཤིག །སཾ་སྐྲཾ་ཏ་ལ་བོད་སྐད་དུ་བསྒྱུར་བའི་ཚེ་ལེགས་སྦྱར་གྱི་སྐད་ལ་ཚིག་སྡུད་དུ་བསྡུས་པའི་རྣམ་དབྱེ། ར་ཛ་པུ་རུ་ཥ།ཞེས་པ་རྣམ་དབྱེ་དྲུག་པ་ཕྱིས་ནའང༌། བོད་སྐད་དུ་རྒྱལ་པོའི་སྐྱེས་བུ་ཞེས་རྣམ་དབྱེ་དྲུག་པ་ཡོད་པར་འགྱུར་ཏེ་དབྱེ་བ་ལྟ་བུ་དང༌། སོ་སོ་བསྡུ་བ་དོན་གཅིག་གི་ཁྱད་པར་མང་པོ་རྣམས་སོ་སོ་ལ་རྣམ་དབྱེ་རེ་རེ་བྱིན་པ། སརྦ་ཛྙཾ་ཛྙ་ན་ཀ་ཡཾ་དི་ན་ཀ་ར་པ་པུ་ཥཾ།  ཞེས་པ་ལ་སོགས་པ་བོད་སྐད་ལ་སྒྲ་དྲང་ཐད་དུ་བསྒྱུར་ན་ཐམས་ཅད་མཁྱེན་ལ་ཡེ་ཤེས་སྐུ་ལ་ཉིན་བྱེད་སྐུ་ལ། ཞེས་པ་འབྱུང་ཡང༌། དེ་མི་བདེ་བས་ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཉིན་བྱེད་སྐུ་ཅན།   ཞེས་པ་ལ་སོགས་པ་ཀུན་གྱི་མཐར་ལ་ཞེས་པ་གཅིག་སྦྱར་ནས།   རྒྱལ་པོ་ཟླ་བ་བཟང་པོས་མགོ་བོས་ཕྱག་འཚལ་ནས་དྲིས་ཞེས་པ་ལྟ་བུ་དང༌། རྣམ་དབྱེ་གཞན་དུ་བསྒྱུར་བ། ཀྲྀ་ཏིརྔྷརྨ་ཀྰིརྟཿཞེས་པ།   ཆོས་ཀྱི་གྲགས་པའི་མཛད་པའོ་ཞེས་རྣམ་དབྱེ་དྲུག་པ་ཡོད་པ་ལ། ཆོས་ཀྱི་གྲགས་པས་མཛད་པའོ་ཞེས་གསུམ་པར་བསྒྱུར་བ་ལྟ་བུ་ནི།བོད་སྐད་ལ་གོ་བདེ་ཞིང་ཇི་ལྟར་བརྗོད་པར་འདོད་པའི་དོན་བདེ་བླག་ཏུ་གོ་བར་འགྱུར་བའི་ཆེད་དུ་དེ་ལྟར་མཛད་པའོ།   །གོང་དུ་བཤད་པའི་རང་བཞིན་རྐྱེན་དང་རྣམ་འགྱུར་གསུམ་གྱི་རྣམ་བཞག་འདི་དག་ནི་སྒྲ་རིག་པ་སློབ་པར་འདོད་པ་རྣམས་ལ་ཕན་པར་བསམས་ནས་མཁས་པ་ཆེན་པོ་དཔང་ལོ་ཙྪ་བའི་གསུང་ཇི་ལྟ་བ་བཞིན་བཏུས་པའོ།།དེ་དག་ནི་སྒྲ་རིག་པའི་གཞུང་ལས་བྱུང་བའི་མིང་གི་རྣམ་གྲངས་ཆེ་ལོང་ཙམ་མདོར་བསྡུས་པའོ།།
 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号