ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་འདུལ་བའི
སྤེལ་དུས།05-18  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།

      བཞི་པ་འདུལ་བའི་གཞུང་ལས་བྱུང་བའི་མིང་གི་རྣམ་གྲངས་ནི།སྤྱིར་འདུལ་བ་ལ་བརྗོད་བྱ་དོན་གྱི་འདུལ་བ་དང༌།བརྗོད་བྱེད་ཚིག་གི་འདུལ་བ་གཉིས་ལས།སྔ་མ་ནི་སྤོང་བདུན་འཁོར་དང་བཅས་པའི་ཚུལ་ཁྲིམས་སོ།།ཕྱི་མ་ལ་མདོ་དང་བསྟན་བཅོས་གཉིས།དང་པོ་ལ།རྩ་བའི་མདོ། བཤད་པའི་མདོ།ཕྱོགས་མཐུན་གྱི་མདོ་གསུམ།རྩ་བའི་མདོ་ལ་དགེ་སློང་ཕའི་སོ་ཐར་གྱི་མདོ། དགེ་སློང་མའི་སོ་ཐར་གྱི་མདོ་གཉིས།

བཤད་པའི་མདོ་ལ་ལུང་གཞི།ལུང་རྣམ་འབྱེད།ལུང་ཕྲན་ཚེགས།གཞུང་དམ་པའམ་གཞུང་བླ་མ་སྟེ་བཞི།ཕྱོགས་མཐུན་གྱི་མདོ་ནི།སྦྱངས་པའི་ཡོན་ཏན་བཅུ་གཉིས་སྟོན་པ་སོགས་སོ།།བསྟནབཅོས་ལ་དགྲ་བཅོམ་པ་རྣམས་དང༌།འཕགས་པ་ཐོགས་མེད་དང༌།སློབ་དཔོན་ཡོན་ཏན་འོད་སོགས་ཀྱིས་མཛད་པའི་བསྟན་བཅོས་རྣམས་སོ།།འདིར་འདུལ་བ་མདོ་རྩ་བ་ནི་ད་ལྟ་ཡོངས་སུ་གྲགས་པའི་འཆད་ཉན་བྱེད་པའི་འདུལ་བའི་གཞུང་རྣམས་ལས་གཙོ་བོར་གྱུར་པ་ཡིན་ལ།དེ་ལས་བྱུང་བའི་མིང་གི་རྣམ་གྲངས་རྣམས་ཞིབ་པར་བྲིས་ན་ཧ་ཅང་མང་བར་འགྱུར་བས་རགས་བསྡུས་ཙམ་ཞིག་འབྲི་བར་བྱའོ།།དེ་ལ་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས། ཐོབ་པ་མི་ཉམས་པར་བསྲུང་བ།ཉམས་ན་ཕྱིར་བཅོས་པའི་ཐབས་ཏེ་གསུམ།དང་པོ་ནི།སྤྱིར་ཚུལ་ཁྲིམས་ལ་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས།ལེགས་སྨོན་གྱི་ཚུལ་ཁྲིམས།ངེས་འབྱུང་གི་ཚུལ་ཁྲིམས་གསུམ།སོ་ཐར་གྱི་སྡོམ་པ་ལ། ཁྱིམ་པའི་སྡོམ་པ་དང༌།རབ་བྱུང་གི་སྡོམ་པ་གཉིས།འདིའི་དང་པོ་ལ། བསྙེན་གནས།དགེ་བསྙེན་ཕ་མའི་ཚུལ་ཁྲིམས་ཏེ་གསུམ།ཕྱི་མ་ལ་དགེ་ཚུལ་ཕ་མ།དགེ་སློབ་མ།དགེ་སློང་ཕ་མ་སྟེ་ལྔའོ།།བར་མ་རབ་བྱུང་གི་ཚུལ་ཁྲིམས་དང༌།ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་གཉིས་ཚུལ་ཁྲིམས་ཙམ་ཡིན་གྱི།སྡོམ་པ་མ་ཡིན་ནོ།།བསྙེན་གནས་ལ་ཕ་མ་གཉིས་ཀྱི་རྒྱུད་ཀྱི་གཉིས་སོ།།ཐེག་ཆེན་ལྟར་ན།ལྷ་ཀླུ་སོགས་རྒྱུད་ལྔའི་ལྔ་དང༌།ཉིན་ཕྱེད་རེར་བླང་བ་དང་། ཉིན་ཞག་གི་མཐའ་ཅན་དུ་བླང་བ་དང༌།བྱང་ཆུབ་བར་དུ་བླང་བ་ཡང་ཡོད་པར་བཤད་དོ།།
 
དགེ་བསྙེན་ལ་རྟེན་གྱི་སྒོ་ནས་ཕ་མ་གཉིས།སྒྲས་བརྗོད་ཀྱིས་ཕྱེ་ན་སྣ་གཅིག་སྤྱོད་པ་སོགས་བདུན་ཏེ་མངོན་པའི་སྐབས་དང་འདྲའོ།།དགེ་ཚུལ་ལ་ཕ་མའི་སྡོམ་པ་གཉིས།དགེ་སློབ་མ་ལ་དབྱེ་བ་གཞན་མེད་དོ།།དགེ་སློང་ལ་རྟེན་གྱི་སྒོ་ནས་ཕ་མའི་སྡོམ་པ་གཉིས།སྒྲས་བརྗོད་ཀྱིས་དབྱེ་ན། རྟགས་ཙམ་འཛིན་པའི་དགེ་སློང༌།མིང་གི་དགེ་སློང༌།ཡང་དག་པའི་དགེ་སློང་སྟེ་གསུམ་མོ།།ཡང་ན་མིང་གི་དགེ་སློང༌།སློང་བའི་དགེ་སློང༌།ཁས་འཆེ་བའི་དགེ་སློང༌།དོན་དམ་པའི་དགེ་སློང༌། གསོལ་བ་དང་བཞིའི་ལས་ཀྱི་དགེ་སློང་སྟེ་ལྔ།བསྙེན་པར་རྫོགས་ཚུལ་གྱིས་དབྱེ་ན་བཅུ་སྟེ། རང་བྱུང་གིས་བསྙེན་པར་རྫོགས་པ།ངེས་པར་འཇུག་པས་བསྙེན་པར་རྫོགས་པ།ཚུར་ཤོག་གིས་བསྙེན་པར་རྫོགས་པ།སྟོན་པར་ཁས་བླང་བས་བསྙེན་པར་རྫོགས་པ།དྲི་བས་མཉེས་པས་བསྙེན་པར་རྫོགས་པ།བླ་མའི་ཆོས་ཁས་བླང་བས་བསྙེན་པར་རྫོགས་པ།ཕོ་ཉས་བསྙེན་པར་རྫོགས་པ། ལྔ་ཚོགས་ཀྱིས་བསྙེན་པར་རྫོགས་པ།བཅུ་ཚོགས་ཀྱིས་བསྙེན་པར་རྫོགས་པ།སྐྱབས་སུ་འགྲོ་བས་བསྙེན་པར་རྫོགས་པ་སྟེ་བཅུའོ།།འདིའི་གཉིས་པ་ལ་ཡེ་ཤེས་ཁོང་དུ་ཆུད་པ་དང༌།བདུན་པ་ལ་འཕྲིན་གྱིས་བསྙེན་པར་རྫོགས་པ་ཞེས་ཀྱང་བྱའོ།།ལུང་མ་མོར་སངས་རྒྱས་དང་རང་རྒྱལ་གཉིས་སོ་སོར་བགྲང༌།ལྔ་ཚོགས་དང་བཅུ་ཚོགས་གཉིས་གཅིག་ཏུ་འདྲེན་པར་བཤད་དོ།།ཆོ་ག་ལ་སྔོན་གྱི་ཆོ་ག་དང༌།ད་ལྟར་གྱི་ཆོ་ག་གཉིས།སྔོན་ཆོ་ག་གནང་བའི་ཡུལ་ནི།རྒྱུད་སྨིན་པ།ཤེས་རབ་སྨིན་པ།དབང་པོ་སྨིན་པ་གསུམ་དང་ལྡན་ཞིང༌།རྣམ་སྨིན།ལས།ཉོན་མོངས་པའི་སྒྲིབ་པ་གསུམ་ཤས་ཆུང་བའི་གང་ཟག་གོ།།སྒྲུབ་ཚུལ་ནི་རབ་བྱུང་བསྙེན་རྫོགས་གཅིག་ཅར་དུ་བསྒྲུབ་པའོ།།
ད་ལྟར་གྱི་ཆོ་ག་ལ་གཉིས་ལས།ཚིགས་སྔ་མ་དགེ་ཚུལ་དུ་བསྒྲུབ་པ་ལ།སྦྱོར་བ།དངོས་གཞི།མཇུག་གསུམ།སྦྱོར་བ་ལ་གཉིས་ལས།དགེ་བསྙེན་དུ་བསྒྲུབ་པ་ལ།སྟོན་པ་དང་སློབ་དཔོན་ལ་ཕྱག་འཚལ་བ། ཙོག་པུར་འདུག་པ་དང་ཐལ་མོ་སྦྱོར་དུ་གཞུག་པ་གཉིས་ནི་སྦྱོར་བའོ།།སྐྱབས་འགྲོ་དང་དགེ་བསྙེན་དུ་ཁས་ལེན་པ་ནི་དངོས་གཞིའོ།།འདིའི་རང་དོན་གྱི་སྔགས་ལ། སྐྱབས་བརྗོད།གཞན་བརྗོད། བདག་བརྗོད་དེ་དུམ་བུ་གསུམ་མོ།།བསླབ་པ་བརྗོད་ཅིང་ཁས་བླང་བ་ནི་འཇུག་ཆོག་གོ། །
གཉིས་པ་རབ་བྱུང་ལ།མཁན་པོས་སྒྲུབ་བྱ་དགེ་འདུན་ལ་ཞུ་བའི་དགེ་སློང་ལ་གཏད་པ།དེས་དགེ་འདུན་བསྡུས་ནས་ཞུ་བ།ཡང་མཁན་པོར་གསོལ་བ་གདབ་པ།མཁན་པོས་བསྒྲུབ་བྱ་ལ་བརྗེ་བ་གསུམ་བྱེད་པ་དང༌།བར་ཆད་སྤང་བའི་ཕྱིར་མཚན་བརྟག་པ་རྣམས་ནི་སྦྱོར་བའོ།།འདིའི་བརྗེ་བ་གསུམ་ནི།བསམ་པ་བརྗེ་བ།རྟགས་དང་ཆ་ལུགས་བརྗེ་བ།མིང་བརྗེ་གསུམ་མོ།།སྒྲུབ་བྱས་སྟོན་པ་ནང་མཁན་པོ་ལ་ཕྱག་འཚལ་ཏེ་ཙོག་པུར་འདུག་པ།རབ་ཏུ་བྱུང་བའི་རྟགས་ལེན་པར་ཁས་ལེན་དུ་འཇུག་པ་ནི་དངོས་གཞིའོ།།གཉིས་པ་དངོས་གཞི་དགེ་ཚུལ་དུ་སྒྲུབ་པ་ལ།ཉེས་མེད་ཕུན་ཚོགས་ཀྱི་དབང་དུ་བྱས་ན་འགལ་རྐྱེན་བཞི་བྲལ་ཞིང༌།མཐུན་རྐྱེན་ལྔ་ཚང་བ་གཅིག་དགོས་སོ།།འགལ་རྐྱེན་བར་ཆད་བཞི་ནི།སྐྱེ་བའི་བར་ཆད།གནས་པའི་བར་ཆད།མཛེས་པའི་བར་ཆད། ཁྱད་པར་དུ་འགྱུར་བའི་བར་ཆད་བཞིའོ།།དེ་དག་ནི་སྤྲུལ་པ། ཟ་མ།མ་ནིང་མཚན་གཉིས་པ། མཚན་མེད།ཟླ་བ་ཕྱེད་པ་སོགས་ཀྱི་མ་ནིང༌།འཁྱུད་ནས་ལྡང་བའི་མ་ནིང༌།མ་ནིང་ཕྲག་དོག་ཅན།ཉམས་པ་མ་ནིང་སྟེ་ལྔ།མ་ནིང་གླེ་འདམས་པ།རྟག་ཏུ་ཟླ་མཚན་འཛག་པ།ཟླ་མཚན་གཏན་མི་འཛག་པ།མཚན་མ་ཙམ་ཡོད་པ།མཚན་དུག་མ་དུད་འགྲོ། སྒྲ་མི་སྙན་པ། མི་མ་ཡིན་པ།རྐུ་ཐབས་སུ་གནས་པ།མུ་སྟེགས་ཅན།མུ་སྟེགས་ཅན་ཞུགས་པ། དགེ་སློང་མ་སུན་ཕྱུང་བ།སྔོན་རབ་ཏུ་བྱུང་བ།ཕམ་པ་འཆབ་བཅས་བྱུང་བ།འཚམས་མེད་ལྔ་བྱས་པ། མཚན་ལན་གསུམ་དུ་འགྱུར་བ།ཐ་དད་དུ་གནས་པ།གནས་པར་མི་བྱ་བ།རྒྱལ་པོས་བཀྲབས་པ།བུ་ལོན་ཆགས་པ།བྲན།ཕ་མས་མ་གནང་བ།རྒྱལ་པོས་མ་གནང་བ།ཆོམ་རྐུན་པར་གྲགས་པ།ཕུང་ཀྲོལ་བ།ལྷམ་མཁན།གདོལ་བ།གཡུང་པོ།ལག་རྡུམ།རྐང་རྡུམ།ལག་སོར་ཟླུམ་པོར་འཇས་པ། མཆུ་མེད།ལུས་ལ་རྨ་མཚན་ཡོད་པ། རྒན་ཆེས་པ།གཞོན་ཆེས་པ།འཐེང་པོ། སྨད་འཆལ།ཞར་བ།ལག་སོར་ཟླུམ་པོ།སྒུར་པོ།མིའུ་ཐུང༌། ཝ་བ་ཅན།ལྐུགས་པ།འོན་པ།རྟེན་འཕྱེ།རྐང་བམ་ཅན།བུད་མེད་ཀྱིས་དུབ་པ།ཁུར་གྱིས་དུབ་པ།ལམ་གྱིས་དུབ་པ།ཡ་ཟ་མ་ལུགགཏའ་གམ།སྐྲ་སེར།སྐྲ་སེར་སྐྱ།སྐྲ་ལྗང་ཁུ།སྐྲ་དཀར་བ།གླང་ཆེན་སྐྲ་འདྲ།སྐྲ་མེད།མགོ་འབར་འབུར་ཅན།མགོ་གླང་ཆེན་འདྲ་བ།ལུས་ཧ་ཅང་སྦོམ་པ།ལུས་སྲུབས་གླེབས་འདྲ་བ།བོང་བུའི་མགོ་འདྲ།ཕག་གི་མགོ་འདྲ།མགོ་གཉིས་པ།མགོ་ཆུང་བ།རྣ་བ་གླང་ཆེན།རྟ།བ་ལང༌།སྤྲེའུ།བོང་བུ། ཕག་གི་རྣ་བ་འདྲ་བ།རྣ་བ་གཅིག་པ།རྣ་བ་མེད་པ།མིག་དམར་བ།མིག་ཧ་ཅང་ཆེ་བ། ཧ་ཅང་ཆུང་བ།ཧ་ཅང་སེར་བ།ཤེལ་མིག་འདྲ་བ།ཆུ་ཡི་ཆུ་བུར་འདྲ་བ།མིག་གཅིག་པ། མིག་མེད་པ།སྣ་གླང་པོ་ཆེ་དང༌།རྟ།བ་ལང༌།སྤྲེའུ།བོང་བུ།ཕག་གི་སྣ་འདྲ་བ།སྣ་སྦུབས་གཅིག་པ། སྣ་མེད།ཀོས་ཀོ་གླང་ཆེན།རྟ།བ་ལང༌། སྦྲེའུ།བོང་བུ། ཕག་གི་ཀོས་ཀོ་འདྲ་བ།ཀོས་སྨྱུང༌།ཀོས་མེད་སོ་གླང་ཆེན།རྟ།བ་ལང༌།སྤྲེའུ།བོང་བུ།ཕག་གི་སོ་འདྲ་བ།སོ་གཅིག་པ།སོ་མེད།མགུལ་རིང་ཆེ་བ།འཇིང་ནུབ།ཕྲག་མིགཆེས་སྒུར།ཕོ་མཚན་ཆད་པ།རླིག་རླུགས།རླིག་གཅིགརླིག་མེད།ལུས་ཧ་ཅང་རིང་བ།ལུས་བོང་ཐུང་བ།སྐེམ་པོ།མ་འོས་པར་ངལ་སྐྱེན་པ།ཤ་མདོག་ཧ་ཅང་སྔོ་བ། སེར་བ།དཀར་བ།དམར་བ།རྐང་པ་གྱོལ་པོ།འགྲོ་བ་ཉམས་པ།གླིང་གཞན་ནས་སྐྱེས་པ་ཚུལ་བྱང་མི་འདྲ་བ།སྐྱེས་པ་འདྲ་བའི་བུད་མེད།སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན།སེན་མོ་གཅིག་པ།ལག་པ་འཇས་ཏེ་ལྟེབས་པ།གཞོགས་ཕྱེད་འཇས་པ།མགོ་སྨྱུང༌།སྐྲ་སྒྲ་སྒྲེ་ཅན། དགྱེ་བོ། དགྱེ་སྒུར་ཅན།སོར་མོ་དྲུག་པ།སོར་མོ་འབྱར་བ།སོར་མོ་མེད་པ།མིག་གི་རྫི་མ་ནང་དུ་འཇུག་པ།མིག་ནེའུ་ལེའི་ལྟ་བུ།མིག་འུག་པའི་ལྟ་བུ།མིག་ཕྱིན་ཅི་ལོགམིག་བར་འཛིངས་པ།མིག་རློ་བ།མིག་བསླེའོ།མིག་ཟླུམ་པོ།མིག་པོ་ཆེ།མིག་འཛེར་ཅན། མིག་ཤུ་བ་ཅན།མིག་འབྲུམ་བུ་ཅན། རྣ་པ་ཧ་ཅང་སེར་བ།དཀར་བ།དམར་བ།རྣ་སྦུབས་ཅན།ཁྱི་རྡོ་གཡའ་བ།ཁྱི་རྡོ་འཕུངས་པ། ཁྱི་རྡོ་ཆེ་བ།རླིག་པའི་ནང་དུ་ཕོ་མཚན་ནུབ་པ།གླེན་པ།ལྕེ་མེད་པ།སྐྲ་སྔོན།མགོ་ཁྱི་ལྟ་བུ། ལུག་ལྟ་བུ།རི་དྭགས་ལྟ་བུ། ཉ་ལྟ་བུ།སྦྲུལ་ལྟ་བུ།རིང་བ།མང་བ།མགུལ་བ་ཏ་ལ་ལྟ་བུ། སྐྲངས་པ།སྤྱོད་ལམ་གྱིས་དུབ་པ་རྣམས་དང༌།གཞན་ཡང་ནད་ཀྱི་རྣམ་པ་སྣ་ཚོགས་པ་སྟེ་བར་ཆད་དེ་དག་ནི་མདོ་རྩ་བ་ལས་བྱུང་བའི་མིང་གི་རྣམ་གྲངས་ཅི་རིགས་པར་བསྡུས་པ་ཡིན་ཏེ།      དེ་དག་ལས་གང་སྐྱེ་བའི་བར་ཆད་ཡིན་པ་སོགས་ཀྱི་དབྱེ་བ་ནི་གཞུང་ལས་ཤེས་དགོས་སོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号