ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་གྲུབ་མཐའ
སྤེལ་དུས།05-18  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
འདིའི་སྐབས་ཀྱི་རྟོན་པ་བཞི་ནི། གང་ཟག་ལ་མི་རྟོན་ཆོས་ལ་རྟོན།   ཚིག་ལ་མི་རྟོན་དོན་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་སྟེ་བཞིའོ།། དྲང་བ་དང་ངེས་པའི་དོན་གྱི་ཁྱད་པར་ནི། སྒྲ་ཇི་བཞིན་པར་བཟུང་དུ་མི་རུང་བ་དང་རུང་བ་ལ་འདོད་དོ། །མཚན་ཉིད་གསུམ་ནི་མངོན་པའི་སྐབས་ལྟར་རོ། ། རིགས་ལ་ཐེག་པ་གསུམ་གྱི་རིགས་དང༌། མ་ངེས་པའི་རིགས། རིགས་ཆད་དེ་ལྔ་དང༌། མཐར་ཐུག་ཐེག་པ་གསུམ་དུ་འདོད་དོ། །ཀུན་རྫོབ་དང༌།   དོན་དམ་གྱི་ཁྱད་པར་ལ་བཤད་ཚུལ་མང་དུ་ཡོད་ཀྱང་བདེན་གཉིས་ཀྱི་སྐབས་འདིར་ནི་མིང་བརྡའི་དབང་གིས་བཞག་པའི་ཆོས་སུ་གྲུབ་པ་ཀུན་རྫོབ་ཏུ་གྲུབ་པ་དང༌། དེ་ལྟ་མ་ཡིན་པར་སྒྲུབ་པ་དོན་དམ་དུ་སྒྲུབ་པ་སྟེ་ཀུན་བརྟགས་ནི་སྔ་མ་དང༌། གཞན་དབང་ཡོངས་གྲུབ་གཉིས་ཕྱི་མར་འདོད་དོ། །ཡང་ཀུན་ཉོན་སྐྱེ་རུང་གི་དམིགས་པའི་ཆོས་ཐ་སྙད་པ་དེ་ཀུན་རྫོབ་བདེན་པ་དང༌། རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་དེ་དོན་དམ་བདེན་པའི་མཚན་ཉིད་དང༌། གཟུང་འཛིན་རྫས་གཞན་གྱིས་སྟོང་པ་ཆོས་ཀྱི་བདག་མེད་མཐར་ཐུག་ཏུ་འདོད་དོ། །
བཞི་པ་དབུ་མ་པ་ལ། དབུ་མ་པ། ངོ་བོ་ཉིད་མེད་པར་སྨྲ་བ། བདེན་མེད་དུ་སྨྲ་བ་རྣམས་དོན་གཅིག   ཤིང་རྟའི་སྲོལ་འབྱེད་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་བོ།   །དབྱེ་ན། དབུ་མ་རང་རྒྱུད་པ་དང༌།    ཐལ་འགྱུར་པ་གཉིས།    དང་པོ་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང༌།   མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས།   ཀླུ་སྒྲུབ་དང་ཨཱརྱ་དེ་བ་གཉིས་ལ་གཞུང་ཕྱི་མོའི་དབུ་མ་པ་དང༌།   གཞན་རྣམས་ལ་ཕྱོགས་འཛིན་པའི་དབུ་མ་པ་ཞེས་ཟེར་རོ།    །འདི་རྣམས་ཀྱིས་འཁོར་ལོ་གསུམ་གྱི་བར་པ་ངེས་དོན་དང༌།སྔ་ཕྱི་གཉིས་དྲང་དོན་དུ་འདོད་ལ། དྲང་ངེས་ཀྱི་ཁྱད་པར་ནི། དོན་དམ་བདེན་པ་བརྗོད་བྱའི་གཙོ་བོར་བྱས་ནས་མི་སྟོན་པ་དང་སྟོན་པ་ལ་བཤད་དོ།།
མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ལ། རྡུལ་ཆ་མེད་དབང་ཤེས་ཀྱི་དམིགས་རྟེན་དུ་བཞེད་པ་དང་མི་བཞེད་པ་གཉིས་ཡོད་ཅིང༌།གཉིས་ཀས་ཕྱི་དོན་ཁས་ལེན་པ་དང༌། རང་རིག་ཁས་མི་ལེན། རྣམ་ཤེས་ཚོགས་དྲུག་ཏུ་ཁས་ལེན་པ། དམན་ལམ་སྔོན་དུ་མ་སོང་བས་ཉོན་སྒྲིབ་ས་བདུན་པ་ནས་སྤོང་ཞིང༌། ཤེས་སྒྲིབ་ས་བརྒྱད་པ་ནས་སྤོང་བ་སོགས་འདོད་དོ། །རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ལ་ཐ་སྙད་དུ་སེམས་ཙམ་རྣམ་བདེན་དང་མཐུན་པ་དང༌། རྣམ་རྫུན་དང་མཐུན་པ་གཉིས། ཕྱི་མ་ལ་ཡང་དྲི་བཅས་དང་མཐུན་པ་དང༌།དྲི་མེད་དང་མཐུན་པ་གཉིས།དེ་དག་གིས་ཐ་སྙད་དུ་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་བདག་མེད་སེམས་ཙམ་པ་དང་མཐུན་པར་ཁས་ལེན་ཅིང་ཕྱི་དོན་ཁས་མི་ལེན་ལ་རང་རིག་ཁས་ལེན་པ།   དམན་ལམ་སྔོན་དུ་མ་སོང་བས་སྒྲིབ་གཉིས་གཅིག་ཅར་ད་སྤོང་བར་འདོད་དོ།    །
དབུ་མ་ཐལ་འགྱུར་བ་ལ་མིང་གི་རྣམ་གྲངས་ནི། ཐལ་འགྱུར་བ། གཞན་གྲགས་པ། རབ་ཏུ་མི་གནས་པའི་དབུ་མ་པའོ། སློབ་དཔོན་ནི་སངས་རྒྱས་བསྐྱངས། ཟླ་བ་གྲགས་པ། ཞི་བ་ལྷ་ལ་སོགས་པའོ། །འདི་པས་རང་མཚན་ཐ་སྙད་དུའང་མེད་པ་དང༌། སྣང་བས་ཡོད་མཐའ་སེལ་ཞིང་སྟོང་པས་མེད་མཐའ་སེལ་བ་སོགས་ཐུན་མོངས་མ་ཡིན་པའི་གྲུབ་མཐའ་མང་སྟེ།མིང་གི་རྣམ་གྲངས་ཕལ་ཆེར་སྔར་དབུ་མའི་སྐབས་སུ་བཤང་ཟིན་ཏོ།དབུ་མ་པ་འདི་དག་ནི་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་བཞེད་པ་ཁོ་ནའོ། །གྲུབ་མཐའ་སྤྱིའི་གཞུང་བསྒྱུར་བ་ལ་མཁོ་བའི་མིང་གི་རྣམ་གྲངས་མདོར་བསྡུས་པའོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号