ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་ཐེག་མཆོག་ལམ་གྱིས་རྒྱུད་སྦྱངས་དགྱེར་སྒོམ་ཞབས།
སྤེལ་དུས།04-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

༈   ཐེག་མཆོག་ལམ་གྱིས་རྒྱད་སྦྱངས་དགྱེར་སྒོམ་ཞབས། །ཞེས་བསྔགས་པ། དགེ་བའི་བཤེས་གཉེན་དགྱེར་སྒོམ་པ་ཆེན་པོ་ནི།   བྲམ་ཟེ་དགྱེར་ལྷ་སྣང་གི་རིགས་སུ་སྣོན་གྱི་མདར་ཡབ་དགྱེར་ཤེས་རབ་སྐྱབས་དང༌། ཡུམ་གཡང་མ་ཀླུ་ལྕམ་གཉིས་ཀྱི་སྲས་སུ་ལྕགས་ཕོ་རྟ་ལ་འཁྲུངས། གཞོན་ནུའི་དུས་ནས་ཆོས་ཀྱི་བག་ཆགས་སད་པས་ཆོས་བཞིན་སྤྱོད་པས་དུས་འདའ་བ་ཞིག་བྱུང་ཞིང༌། དགུང་ལོ་བཅུ་གཉིས་ལོན་དུས་ཡབ་གྲོངས་པས་ཡུམ་གྱིས་བྱིས་པ་ཆེ་བ་གཉིས་ཕྲག་ཏུ་བཅུག  ཆུང་བ་རྒྱབ་ཏུ་ཁུར་ནས་གཉེར་ན་ཞང་པོ་བྱན་དར་མ་རཏྣ་བྱ་བས་གཉེར་གྱི་དཔོན་མཛད་པས་དེ་ལ་གཏད་ནས་རྒྱལ་སྲས་འདི་གཉེར་དུ་དགུང་ལོ་བཅུ་གཉིས་ལ་རབ་ཏུ་བྱུང༌། མཚན་གཞོན་ནུ་གྲགས་པར་གསོལ། རབ་ཏུ་བྱུང་ཙམ་ཉིད་ནས་འདུལ་བའི་བཅས་མཚམས་རྣམས་ལགས་པར་བསླབས་ཏེ་མིག་གི་འབྲས་བུ་ལྟར་གཅེས་པར་བསྲུང་ཞིང་བཀའ་གདམས་ཀྱི་ཆོས་སྤྱོད་འཛིན་པ་སོགས་ལ་བརྩོན་པ་ཆེར་མཛད་དོ།   །དེ་ནས་གླང་རི་ཐང་པའི་ཕྱག་ཕྱིར་བྱོན་ཏེ།     གླང་རི་ཐང་པའི་ཞར་ཆོས་པ་འདུལ་བ་འཛིན་པ་ཅིག་ལ་འདུལ་བ་གསན། དེ་ནས་བྱ་ཡུལ་བ་ཆེན་པོ་གཉེར་དུ་བྱོན་པ་ཅིག་ལ་ཚོགས་ཆོས་གསན།   བྱ་ཡུལ་བས་ཚོགས་ཆོས་ཀྱི་སྔ་ཤོས་གཉེར་དུ་གནང་བ་ཡིན་པ་འདུག   དེའི་དུས་སུ་དགེ་བཤེས་དགྱེར་འདིའི་བསླབ་པའི་སློབ་དཔོན་ཅིག་གི་ཞལ་ནས། བྱ་ཡུལ་བ་ལ་འདི་ལ་ཐུགས་ལ་གདགས་པར་ཞུ། འདི་ལ་རེ་ཆེ་བ་ལགས་འདིས་སྡོམ་པ་བླངས་པའི་ནུབ་མོ་སཱཙྪ་ལེགས་པ་ཀོར་པོར་ནས་ཕྱུང་བ་རྨིས་གསུང་བ་ལ། བྱ་ཡུལ་བའི་ཞལ་ནས།   ངའི་སྐྱེ་བ་སྔ་མའི་སློབ་དཔོན་ཅིག་ཡིན་པར་འདུག་གསུངས་ནས་དགེ་བཤེས་བྱ་ཡུལ་བ་ཆེན་པོས་དབུ་ཞྭ་ཕུད་དེ་དགྱེར་སྒོམ་པའི་དབུ་ལ་གསོལ་ནས་ཕྱག་བཞག་བྱིན་རླབས་མཛད། སྒོམ་ཆེན་ཆེ་ངེས་པ་ཅིག་ཅི་འོང་བྱེད་དགོས་བསོད་ནམས་ཅན་ཞིག་འོང་བར་འདུག་གི་ང་བས་ཀྱང་ཁྱོད་བསོད་ནམས་ཆེ་བ་ཡིན་གསུངས།    ཕྱིས་སུ་སོང་ཙ་ན་བྱ་ཡུལ་བ་ཆེན་པོ་ལས་ང་ཚེ་རིང་བར་བྱུང༌།དེའི་སྟོབས་ཀྱིས་བསམ་པ་ཐམས་ཅད་འགྲུབ་པར་བྱུང་གསུང༌། ཉིན་ཅིག་བྱ་ཡུལ་བ་སྐྱོ་སངས་ལ་འབྱོན་པའི་ཕྱི་ན་ཕར་བྱོན་པས་མེ་ཏོག་ཁུག་ཆོས་གཙང་སིང་བ་གསུམ་རྙེད།    བྱ་ཡུལ་བ་ལ་ཕུལ་བས་རྟེན་འབྲེལ་བཟང༌། ཁྱོད་ལ་སྡེ་སྣོད་གསུམ་པ་ཅིག་བྱ་དགོས་གསུང༌།   དེ་ནས་བྱ་ཡུལ་བ་ཆེན་པོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་གཙོ་བོར་ལམ་རིམ་གྱི་ཁྲིད་དང་གཞན་ཡང་བྱ་ཡུལ་བ་ལ་མངའ་བའི་ཆོས་རྣམས་མ་ལུས་པར་གསན། བྱ་ཡུལ་བ་ལ་ལམ་རིམ་གྱི་ཁྲིད་ཇི་ལྟར་གསན་པ་ལྟར་ཐུགས་ཉམས་སུ་བཞེས་ཤིང་ཆོས་གང་གསན་པ་ཐམས་ཅད་ཚིག་གཅིག་ཀྱང་ཆུད་མ་ཟོས་པར་མཁྱེན་རབ་རླབས་ཆེན་པོས་ལེགས་པར་བཟུང་ནས་མཉེལ་བ་མེད་པར་མཛད་དེ་དགེ་བཤེས་དགྱེར་སྒོམ་པ་རང་ཉིད་ཀྱི་ཞལ་ནས།ངས་བྱ་ཡུལ་བ་ཆེན་པོའི་ཞལ་ལས་གང་ཐོས་པ་ཐམས་ཅད་ད་དུང་མ་བརྗེད་པར་གསལ་བར་ཡོད་གསུང༌།དེ་ནས་དགེ་བཤེས་རྩི་སྒོམ་བྱ་བས་སྣེའུ་ཟུར་དུ་བྱོན་ནས།   ངེད་ཅག་གི་དེ་ན་བཙུན་ཆུང་བློ་རྣོ་བ་འདི་ལྟ་བུ་ཞིག་བདོག འདི་ཁའི་སྤྱན་སྔར་བྱུང་ན་ཐུགས་ལ་འདོགས་པར་ཞུ་བྱས་པས་ཐུགས་མཉེས་ནས་དེ་ཁྲིད་ལ་ཤོག་གསུངས།   དེ་ནས་རྩི་སྒོམ་གྱིས་དགྱེར་སྒོམ་ལ་སྤྲས་ཀྱི་ཐོད་པ་བྱ་བ་ན།   དགེ་བཤེས་སྣེའུ་ཟུར་པ་བྱ་བ་ཇོ་བོ་མི་གཡོ་བའི་སྐུ་ལ་བརྟན་པ་ཐོབ་པ་ཅིག་ཡོད་པས་ཁྱེད་དེར་སོངས།   ཐུགས་ལ་འདོགས་པར་འདུག་གི་གསུང༌།   དེ་ནས་དགེ་བཤེས་དགྱེར་སྒོམ་གྱིས་སྣེའུ་ཟུར་དུ་འབྱོན་པའི་ཐུགས་དགོངས་གཏད། སང་འབྱོན་པའི་དོ་ནུབ་སྣེའུ་ཟུར་གྱི་གཟིམ་ཁང་དང༌།   བྲང་ཁང་དང་འབུམ་པ་ལ་སོགས་པ་ཇི་ལྟ་བ་བཞིན་གཟིགས། སང་ནང་པར་གཞན་ལ་ལ་བྱོན་ཏེ་བྱན་གྱི་ཕུ་བཅད། ལ་མོའི་ཕུ་དང་ཀ་བ་ཀླུངས་ལ་བྱོན། ཡུང་བར་དང་མོ་ཕྱི་བར་སླེབ།   སྒོམ་ཆེན་པ་ཞིག་གིས་གནས་ཁང་དང་གནས་མལ་ཤིན་ཏུ་འཛོམ་པ་ཅིག་ཐུགས་ལ་བཏགས།   དེ་ནས་སང་ཁམས་པ་ལུང་པའི་གྲྭ་པ་ཚན་ཅིག་དང་འགྲོགས་ནས་ཁམས་པ་ལུང་ལ་བྱོན།   དེར་ཞག་གཅིག་བཞུགས།    ནང་པར་ཁམས་ལུང་ནས་སྣེའུ་ཟུར་དུ་འགྲོ་བ་ཚན་ཅིག་དང་འགྲོགས་ནས་བྱོན་པས་འཕྱི་མོ་ལས་མ་སླེབས།   དེར་སྤྱན་སྔར་བྱོན་པས། ཁྱེད་གང་ནས་བྱོན་པ་ཡིན་གསུང༌།   ཁོ་བོ་སྣོན་ནས་མཆིས་པ་ལགས་ཞུས་པས།   འོ་ན་རྩི་སྒོམ་གྱིས་ཟེར་བ་དེ་ཡིན་ནམ་གསུང༌།   ལགས་ཞུས་པས།   ད་ངོ་ཤེས་འདྲ་ཡོད་ན་དོ་ནུབ་དེར་ཉོལ་ལ་སང་ཁ་སྣང་མིག་སྣང་ལ་ཤོག་གསུང༌།    ནངས་པར་བྱོན་པས་ཇོ་བོ་མི་གཡོ་བའི་དམིགས་སྐོར་གསུམ་གྱི་བཟླས་ལུང་དང༌།   ཁ་འབར་མའི་གཏོར་མ་གཉིས་གནང་ནས་དེ་ཡི་གེ་ཅིག་ལ་འཛིན་དགོས་གསུང༌།   ཇི་ལྟ་བ་བཞིན་ཟིན་བྱུང་ལགས་ཞུས་པས།   ཁྱེད་ཀྱིས་ནི་ཁོ་བོ་ཐུགས་ལས་ཆུང་ངུར་གཞོལ་བས་ཆོག་པ་ཅིག་འོང་བར་འདུག་གོ་གསུང༌།   ད་ཁྱོད་འདིར་སྡད་ཆོག་གམ་གསུང་བ་ལ།    ད་རེས་སྐོར་གཅིག་འགྲོ།   བརྒྱགས་ཀྱི་རྩོལ་བསྒྲུབ་བྱས་ནས་འོང་བ་ལགས་ཞུས་པས།   འོ་ན་ཅི་ཐོན་ཀྱིས་ཤིག་གསུངས་ནས་མར་ཚུད་གཅིག ཇ་བཟང་པོ་མོན་ཞལ་གང༌། སྐུ་འགག་གསོལ་འཕྲོ་གཅིག་རྣམས་གནང༌།   དེ་ནས་ཚུར་བྱོན་ནས་བརྒྱགས་ཀྱི་རྩོལ་བསྒྲུབ་བྱས་ཏེ་སྤྱན་སྔར་བྱོན་ཙ་ན། ད་ཁྱོད་ངའི་གཡོག་བྱེད་དམ་ཆོས་སེམས་གསུང་བ་ལ།   ཆོས་སེམས་ལགས་ཞུས་པས། འོ་ན་ཆོས་སེམས་པ་ལ་ཁང་པ་རང་དབང་ཐོབ་པ་ཅིག་དགོས་གསུངས་ནས། གསེར་ཞོ་དོ་སྐུ་རྐེད་ལས་ཕྱུང་ནས། འདིས་ཁང་ཆུང་ཞིག་ཉོས་གསུང༌།    དེ་ནས་གདམས་ངག་བཏབ་སྟེ་གཞན་རྣམས་ཀྱིས་ང་མ་རྙེད་པར་འདུག་སྟེ།ངས་ཁྱོད་ཕར་བཙལ་བ་ཡིན་ནོ་དགེ་སྦྱོར་གྱིས་གསུངས་ནས་གདམས་ངག་ཐམས་ཅད་ཚར་བར་མཛད་དེ་ཐུགས་ལ་ཤིན་ཏུ་བཏགས།   སྣེའུ་ཟུར་དུ་བཞུགས་རིང་ཆོས་གསན་པའི་སྐབས་མ་གཏོགས་མཚམས་ལ་བརྟེན་ནས་དགེ་སྦྱོར་ལ་བརྩོན་པར་མཛད།    ཚོགས་ཆོས་ཐུན་གཅིག་ཆག་གཞན་ཡེ་མ་ཆག་པར་ནན་ཏན་བྱས་པ་ཡིན་གསུང༌།  ངས་སྣེའུ་ཟུར་དུ་ལོ་དགུ་བསྡད་དེ་དབྱར་དགུན་བསྡད་ནས་སྟོན་དཔྱིད་འགྲོ་ཡིན་མ་བྱས་གསུང༌།   དེ་དུས་སྣེའུ་ཟུར་པ་ལ་ཚོགས་པ་ཤིན་ཏུ་ཆེ་ན་སེམས་ཅན་ལ་ཕན་ཐོགས་པ་བག་རེ་གདའ་འམ་ཞེས་གཞན་གྱིས་ཞུས་པ་ལ། ཕྱ་པའི་བཙུན་ཆུང་འདི་ལ་རེ་བ་ལགས་གསུང་བར་གདའ། དེ་ཙ་ན་བྲང་དཔོན་ཕྱ་པ་ཅིག་ཡོད་པས་དགེ་བཤེས་འདི་ལ་ཕྱ་པའི་བཙུན་ཆུང་བྱ་བར་གྲགས།སྣེའུ་ཟུར་པས་ཚོགས་སུ་ཡང་ཁྱེད་རྣམས་ཁོ་ལ་མ་འགྲན་པར་དགེ་སྦྱོར་བྱེད་ཆུག་གསུངས་ནས། སུ་དང་ཡང་མི་མཉམ་པར་མཛད། དེ་ནས་སྒོམ་པ་ལ་གཙོ་བོར་མཛད་པས་དགྱེར་སྒོམ་ཆེན་པོ་ཞེས་གྲགས་སོ།  །དགེ་བཤེས་དགྱེར་སྒོམ་ཆེན་པོ་ཞེས་གྲགས་པ་འདི་ནི།   དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ནས་བྱང་ཆུབ་ལམ་གྱི་རིམ་པ་སྒོམ་པ་ལ་བརྩོན་པ་ཤུགས་དྲག་ལ་རྒྱུན་རིང་བ་མཛད་པས་ལམ་གྱི་རིམ་པའི་རྟོགས་པ་རྣམས་བཅོས་མ་མིན་པར་ཐོབ་པ་ཞིག་སྟེ་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་རྒྱུད་ལ་སྐྱེས་པས་འདོད་པའི་ཡུལ་ལ་ནམ་ཡང་མི་གཡེང་བར་དྲན་ཤེས་བག་ཡོད་བརྟན་པོས་བསྡམ་པར་བྱ་བའི་ཉེས་པ་ཕྲ་མོ་ཙམ་གྱིས་ཀྱང་མ་གོས་པ་ཞིག་སྟེ།    ཐ་ན་སཾ་པྲསྟ་ཞེས་མ་བརྗོད་པར་བཞེས་པ་མི་མཛད་པ་སོགས་འདུལ་བའི་བཅས་མཚམས་ཕྲ་རགས་ཐམས་ཅད་ཉམས་པ་མེད་པར་བསྲུང་བར་མཛད།

བརྩོན་འགྲུས་ཤིན་ཏུ་ཆེ་བས་མི་གཡོ་བའི་གཟུངས་དུང་ཕྱུར་མང་པོ་བཟླ་བར་མཛད་དེ།   ཉིད་ཀྱི་ཞལ་ནས།   དགེ་བའི་བཤེས་གཉེན་སྤྱན་སྔ་བས་ངས་ཡི་གེ་བཅུ་པ་འདི་རང་ཡང་དུང་ཕྱུར་བཅུ་གསུམ་སོང་གསུང་བ་ལགས་པར་གདའ་སྟེ། ངས་ཀྱང་དེ་ཙམ་ཞིག་འགྲོ་བར་སྣང་གསུང༌། གཞན་ཡང་ལུས་ངག་ཡིད་གསུམ་ཐ་མལ་དུ་སྡོད་མ་མྱོང་གསུང༌།   ཚོགས་ཆོས་ལྐོག་ཆོས་གང་མཛད་ཀྱང་ཐུགས་གོ་ཆ་ཤིན་ཏུ་ཆེ།དང་པོ་ཚོགས་མི་སྡུད་པ་ཡིན། བསྡུས་ཀྱི་རྟིང་ལ་ཡན་པར་བཞག་པས་མི་འོང་གསུངས་ནས་བརྩོན་འགྲུས་ཆེན་པོ་མཛད་དོ།    །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཤུགས་དྲག་པས་སེམས་ཅན་དམན་པ་སུ་འདྲ་ཞིག་ལའང་ཕན་ཐོགས་ནུས་པ་བྱུང་ན་དེ་ལ་ངེས་པར་ཕན་ཐོགས་མཛད། གྲོང་པའི་སྐྱེ་བོ་ཉམ་ཐག་དག་གིས་གདན་དྲངས་ཀྱང་དེ་ལ་ཕན་པར་འགྱུར་ན་ངེས་པར་འབྱོན་པར་མཛད་པས་གཞན་དག་གིས་གྲོང་ཆོག་སོགས་ལ་མི་གཤེགས་པའི་ཞུ་བ་ཕུལ་པ་ན་སེམས་ཅན་གྱི་དོན་འགྲུབ་བཞིན་དུ་མི་བྱེད་ན།    བྱང་ཆུབ་སེམས་དཔའི་བག་མེད་པའི་གནས་བྱ་བ་ཡིན་གསུངས་ནས་ཞི་བར་མ་གཤེགས་ཀྱི་བར་གྲོང་ཆོག་མཛད། བརྒྱད་ཅུ་རྩ་གཉིས་ཀྱི་བར་དུ་མོ་རེང་མ་ཞིག་ན་ཡང་སྔས་ཁར་བྱོན་ནས། སྐྱབས་འགྲོ་སེམས་བསྐྱེད་འབོགས་པར་མཛད། ང་ཆུང་ངུ་ནས་ཞེ་སྡང་ཆེར་སྐྱེ་མ་མྱོང༌། གཞན་ལ་ཕན་སེམས་དེ་ངང་གིས་བྱུང་གསུང་ངོ༌།    །དོན་འདི་ལ་དགོངས་ནས་རྗེ་ཐམས་ཅད་མཁྱེན་པས།   ཐེག་མཆོག་ལམ་གྱིས་རྒྱུད་སྦྱངས་དགྱེར་སྒོམ་ཞབས།   །ཞེས་བསྔགས་སོ།   །ཐུགས་རབ་ཤིན་ཏུ་ཆེ་བས་ལམ་གྱི་རིམ་པའི་གནད་རྣམས་ལ་རིགས་པའི་རྣམ་གྲངས་མཐའ་ཡས་པས་དཔྱོད་པར་མཛད་དོ།    །བཤེས་གཉེན་བསྟེན་ཚུལ་གྱི་ཉམས་རྟོགས་བཅོས་མ་མིན་པ་འཁྲུངས་ཏེ།   ལམ་སྟོན་པའི་དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་མིན་པ་ཐ་མལ་པའི་འདུ་ཤེས་སྐྱེ་མ་མྱོང་གསུང༌། དེ་ལྟར་བཤེས་གཉེན་ལ་གུས་པ་བཅོས་མ་མིན་པ་འཁྲུངས་པས་སངས་རྒྱས་ཐམས་ཅད་མཆོད་པ་བས་བླ་མ་མཆོད་པ་བྱིན་རླབས་ཆེ་བར་གསུངས་པ་ཡང་དགེ་བཤེས་འདི་ལ་དངོས་སུ་བྱུང་སྟེ། བླ་མ་ལ་གསོལ་བ་བཏབ་པ་ན་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཏེ།   ལྷག་པའི་ལྷ་མང་པོའི་ཞལ་གཟིགས་པ་དང༌།   སྤྱན་དང་མངོན་ཤེས་སོགས་གོང་མའི་ཡོན་ཏན་མཐའ་ཡས་པ་ཐུགས་རྒྱུད་ལ་འཁྲུངས།   བླ་མ་གོང་མའི་མན་ངག་ཚིག་གཅིག་ཀྱང་ཆུད་མ་ཟོས་པར་ཐུགས་ལ་བཟུང་ནས་སྲས་ཀྱི་ཐུ་བོ་སངས་རྒྱས་དབོན་ལ་སོགས་པ་སྐལ་ལྡན་མཐའ་ཡས་པ་ལ་གདམས་ངག་འདོམས་པར་མཛད་དོ།    །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号