གཙུག་ལག་ཁང་ལེགས་པར་ཚར་ནས་དབུ་རྩེར་འབུམ་ཆ་བདུན་ཅུ་ཙམ་གྱིས་ཐོག་དྲངས་པའི་རྟེན་དང་བཅས་པ་ས་རྒྱན་གནམ་རྒྱན་མི་ཤོང་བ་ཙམ་བྱུང༌།སྤྱན་སྔའི་ཐུགས་བཞུགས་པའི་དངུལ་གྱི་གདུང་ཁང་དལ་ཅོག་ཅན་ལ་སོགས་པ་དགེ་བཤེས་ཉིད་ཀྱིས་བཞེངས་པའང་མང་དུ་ཡོད་དོ། །ལན་ཅིག་ཚོགས་སུ་དགེ་བཤེས་ཀྱི་ཞལ་ནས། གཙུག་ལག་ཁང་བཞེངས་པ་རྒྱལ་བློན་བྱང་ཆུབ་སེམས་དཔའི་ལས་ཡིན། རབ་ཏུ་བྱུང་བའི་ལས་མིན་ཟེར་ཏེ། སྔོན་གྱི་དུས་སུ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་གཙུག་ལག་ཁང་བཞེངས་པ་དང༌། ཇོ་བོས་བལ་ཡུལ་དུ་ཐང་བི་ཧ་རའི་གཙུག་ལག་ཁང་བཞེངས་པས་ཆོས་ཚུགས་ཤིན་ཏུ་བཟང་བར་བྱུང་བ་དང༌། ཇོ་བོའི་བཀའ་ལུང་གིས་དགེ་བཤེས་སྟོན་པས་ར་སྒྲེང་གི་གཙུག་ལག་ཁང་བཞེངས་སུ་གསོལ་བ་ལགས། འུ་ཅག་གིས་ཀྱང་བླ་མ་རྣམས་ཀྱི་ཐུགས་དགོངས་བསྐང་བའི་ཆེད་དང༌། དཀོན་མཆོག་གསུམ་གྱི་ཞབས་ཏོག་དང༌། གཞན་ལ་ཕན་གདགས་པར་བྱ་བའི་ཆེད་དུ་བཞེངས་སུ་གསོལ་བ་ཡིན། འུ་ཅག་གིས་དེ་གོང་ལོ་བཅུ་གཉིས་བཅུ་གསུམ་གཞན་ལ་འཆི་བ་མི་རྟག་པ་ཤ་སྟག་བཤད་དེ། ང་རང་ལ་ཕྱི་ནང་གི་མི་རྟག་པ་རྣལ་མ་ཅིག་མདང་ད་ནང་རྒྱུད་ལ་སྐྱེས། ལས་འབྲས་ལ་ཡིད་ཆེས་པའི་དད་པ་རྣལ་མ་ཅིག་གདོད་རྒྱུད་ལ་སྐྱེས། འཁོར་བ་ལ་ཡིད་འབྱུང་རྣལ་མ་ཅིག བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྣལ་མ་ཅིག ཀུན་རྫོབ་སྒྱུ་མ་ལྟ་བུ་ནས་གནས་ལུགས་ཕྱིན་ཅི་མ་ལོག་པའི་བར་ལ་ངེས་པ་རྣལ་མ་གཅིག་ཀྱང་གདོད་རྒྱུད་ལ་སྐྱེས། དེས་ན་ང་རང་ལ་གོ་བ་ཅིག་ཡོད་ཨང་གསུང༌། དགེ་བཤེས་མཐའ་བཞི་སྒོམ་བརྩོན་གྱིས། བྱང་ཆུབ་སེམས་དཔའ་ཞི་བ་སྐྱོང་བྱ་བ་དེ་བྱ་ཡུལ་བ་ལ་ཟེར་བ་ཡིན་གསུངས་པ་དང༌། བྱ་ཡུལ་བ་ཕུ་ཆུང་ན་བཞུགས་དུས་མང་ར་སྒོམ་པའི་ཞལ་ནས། ད་ལྟ་ཕུ་ཆུང་ན་ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་ཆུབ་སེམས་དཔའ་ཞིག་སྨིན་བདོག་གསུང༌། ལན་ཅིག་བྱ་ཡུལ་དུ་ལྷ་རྗེ་སྙི་སྒོམ་གྱིས་དགེ་བའི་བཤེས་གཉེན་ལགས། ཁྱེད་ཀྱི་ཐུགས་ལ་བདེན་པ་གཉིས་ཅི་ཙུག་སྐྱེས་གསུང་པར་ཞུ་ཞུས་པས།དགེ་བཤེས་ཀྱི་ཞལ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་གསུངས། དེ་ལ་སྙི་སྒོམ་གྱིས་རང་གི་སེམས་ཉིད་གཞིགས་ནས་སྟོང་པར་གཏོང་བ་ལགས་སམ། ཕྱི་རོལ་གྱི་ཡུལ་གཞིགས་ནས་སྟོང་པར་གཏོང་བ་ལགས་ཞུས་པས། དགེ་བཤེས་ཀྱི་ཞལ་ནས། མདའ་དུམ་ཁོང་དུ་བཞག་ནས་རྨ་ཁ་ཚིལ་བུས་བསྐུས་པའི་ཆོས་ཀྱིས་གང་ཡང་མི་ཕྱིན། རྐུན་མ་ནགས་ལ་སོང་བ་ལ་རྗེས་གྲམ་པ་ལ་དཔྱོད་པའི་ཆོས་ཀྱིས་གར་ཡང་མི་ཕྱིན་པས། རང་གི་སེམས་ཉིད་སྟོང་པར་གཏོང་བ་ཡིན། དེས་ཕྱི་རོལ་གྱི་སྒྲོག་རང་གྲོལ་ལ་འགྲོ། ཐམས་ཅད་སྟོང་པ་ཉིད་ཡིན་གསུང༌། འདི་ཇི་ཙམ་ན་ཐུགས་ལ་འཁྲུངས་ཞུས་པས། ང་དང་པོ་སྤྱན་སྔའི་ཞབས་ཏོག་བྱེད་པའི་དུས་ན་སྐྱེས་པ་ཡིན་གསུང༌།ཡང་རྗེ་སྒམ་པོ་པས་བླ་མ་རིན་པོ་ཆེ་འཁོར་ཟར་ཟིར་མང་པོ་དང་གཙུག་ལག་ཁང་བཞེངས་པ་སོགས་མཛད་པ་མང་པོ་འདི་རྣམས་ཀྱིས་ཐུགས་དམ་ལ་མི་གནོད་དམ་ཞུས་པས། མི་གནོད་གསུངས།ཡང་ལན་ཅིག་སློབ་མ་ཅིག་གཙང་དུ་འགྲོ་བ་ལ་ང་ལ་ལོ་ཁྱུད་སྐོར་གཅིག་འཇིག་རྟེན་གྱི་རྣམ་པར་རྟོག་པ་སྐྱེ་མ་མྱོང་བ་ཡིན། ང་ལ་གསོལ་བ་འབད་ལ་ཐོབ། བར་ཆད་མི་འབྱུང་ཞིང་བྱིན་རླབས་འབྱུང་གསུང༌།ལན་ཅིག་དགེ་བཤེས་ཀྱི་ཞལ་ནས། བཀའ་གདམས་པའི་དགེ་བཤེས་མང་པོ་ཞིག་གིས་སྔགས་མི་ཤེས།ཤེས་ཀྱང་དགེ་བའི་བཤེས་གཉེན་ལ་ལུང་མ་ཐོབ། འུ་ཅག་གིས་སྔགས་ཤེས་པ་ཡིན། དགེ་བའི་བཤེས་གཉེན་ལ་ལུང་ལེགས་པར་ཐོབ་པ་ཡིན་པས་འཆད་འཚལ་གསུངས་ནས། གསང་སྔགས་ཀྱི་གདམས་པའང་མང་དུ་གནང་བར་མཛད། དགེ་བཤེས་ཤ་ར་བ་སུ་ལའང་མཉེས་པ་མེད་པ་ཅིག་ཡིན་ཏེ། བྱ་ཡུལ་བ་དེའི་ཐུགས་སུས་ཀྱང་དཔོགས་མི་ནུས་པ་ཅིག་སྣང་གསུང་སྐད། དགེ་བཤེས་ཤ་ར་བ་དབྱེ་གོང་དུ་བཞུགས་པ་ཅིག་ལ་ཕྱག་ལ་བྱོན། དེ་ནས་ཕྱིར་འབྱོན་ཁར་དགེ་བཤེས་ཤ་ར་བས་སྐྱེལ་ཐུང་མཛད་པ་ལ། བྱ་ཡུལ་བའི་ཞལ་ནས། མ་འོངས་པ་ན་དགའ་ལྡན་དུ་མཇལ་བར་ཞུ་གསུང་བ་ལ། དགེ་བཤེས་ཤ་ར་བའི་ཞལ་ནས། འུ་ཅག་གཉིས་རྒན་པོ་མིན། ད་དུང་ཐེངས་གཅིག་མཇལ་གསུངས་པ་ལ། དེ་ནས་མ་མཇལ་བར་འདས། དེ་ནས་བྱ་ཡུལ་བ་རྣམས་ལ་ཁྱེད་རང་གི་མདུན་མ་བྱུང་ན།ཆས་རྐྱེན་གྱིས་འཐོགས་པ་མེད་ཀྱི་གསུང་བ་དང༌། སང་ཕོད་མྱ་ངན་ལས་འདའ་བའི་ད་ལོ་སྤྱན་སྔའི་འདས་མཆོད་ལ་བུ་རམ་ལག་པས་ཐེག་ཚད་གཏོང་དགོས། སང་ཕོད་ནས་འགྲུབ་ངེས་མེད་གསུང་བ་ལ།དགག་དཔྱེའི་དུས་སུ་ལས་བྱེད་དཀོན་གཉེར་རྣམས་ཀྱིས་ད་རེས་འབུངས་ཤིག ཕྱིས་ནས་དགོས་ཏེ་མི་འོང་གསུང་བ་དང༌། ཚུལ་ཐོན་ནས་གནས་བརྟན་བརྩོན་འགྲུས་རྡོ་རྗེས་རབ་གནས་ཤིག་མཛད་ནས་འདི་ངའི་རབ་གནས་ཀྱི་ཕྱི་མ་ཡིན་གསུངས་ནས་མྱ་ངན་ལས་འདའ་བའི་གསུང་བྱོན། གཞན་ཡང་བྱ་ཡུལ། ཀླུངས་ཤོད། མལ་གྲོ་གསུམ་དུ་དུས་གཅིག་ལ་གྲལ་དབུ་མཛད་པ་དང༌། མདོ་སྨད་དུ་ངང་ཚང་བའི་གཙུག་ལག་ཁང་གི་རབ་གནས་དང༌། དྭགས་པོ་ཤ་བ་གླིང་པའི་མཆོད་རྟེན་གྱི་རབ་གནས་ཞུས་པས། དུས་ཚོད་ཚེས་གྲངས་འདི་ལ་མཆོད་པ་རྒྱ་ཆེན་པོ་ཤོམས། གསོལ་བ་ཐོབ། ངས་གཟིམ་ཆུང་འདིའི་སྟེང་ནས་རབ་གནས་བྱེད་པ་ཡིན་གསུང་ཏེ། ཀུན་གྱིས་མཐོང་སར་གཙུག་ལག་ཁང་དང་མཆོད་རྟེན་གྱི་སྟེང་དུ་ཕྱག་ནས་བབས་པས། དེ་ནས་སྤྲུལ་པའི་སྐུར་གྲགས།མི་མ་ཡིན་མང་པོ་ལ་ཆོས་གསུངས་པ་དང༌། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་བརྟན་པོ་དང་ལྡན་ཞིང་མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བའི་ལོ་རྒྱུས་མང་དུ་སྣང་ངོ༌། །དེ་ལྟར་བདག་ཉིད་ཆེན་པོ་འདིས་འགྲོ་བའི་དོན་ཡུན་རིང་དུ་མཛད་དེ། དགུང་ལོ་དྲུག་ཅུ་རྩ་བཞི་པ་ས་ཕོ་རྟའི་སྨིན་དྲུག་ཟླ་བའི་ཚེས་བཅོ་བརྒྱད་ལ་གཤེགས་པའི་ཚུལ་བསྟན་གཤེགས་ཁར་ཇོ་བོ་པ་ཚན་ཅིག་གིས་ངེད་རྣམས་ཇི་ལྟར་བྱ་ཞུས་པས། ཁྱེད་ཐམས་ཅད་བསྲུང་སྡོམ་དག་ཏུ་གྱིས། ང་ལ་དད་པ་དང་གུས་པ་སྒོམས། ངའི་རུས་བུ་འདི་སྲེགས་ཤིག་གསུངས།དེ་ནས་འུ་ཅག་གི་དགེ་བཤེས་འུ་ཅག་གི་དགེ་བཤེས་གསུངས་ནས། བླ་མ་རྡོ་རྗེ་གདན་དུ་ཡུན་རིང་ཨང་གསུང༌། དེ་ནས་ཞལ་བསིལ་ནས་འཇུག་པའི་ཆོ་ག་གཅིག་མཛད། འཆི་བ་བྱ་བ་མེད་མྱ་ངན་བྱ་མི་དགོས་གསུངས་ནས། སྐྱིལ་མོ་ཀྲུང་བཅས་ནས་ཐུགས་དམ་མཛད། དེ་ནས་སྒོམ་པ་བྱང་བླ་ལ་མཉེས་མཉེས་ཙམ་མཛད། སེང་གེའི་ཉལ་སྟབས་བྱ་གསུངས་ནས་སྤྱི་བོ་ནས་ཡར་རླངས་པ་ཆེན་པོ་ཞིག་ཕྱུར་གྱིས་བྱུང་ནས། དབུ་ཟིལ་པ་ཕྲོམ་མེ་བ་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན། དགུང་ལོ་དྲུག་ཅུ་རྩ་བཞི་པ་སྨིན་དྲུག་ཟླ་བའི་ཚེས་བཅོ་བརྒྱད་ལ་གཤེགས་པའི་ཕྱི་དེ་ཉིན་པར་ནམ་མཁའ་ལ་འཇའ་ཚོན་དཔག་ཏུ་མེད་པ་བྱུང༌། དེ་ནས་སྤུར་དབོན་ཤེས་རབ་ལ་སོགས་པའི་གནས་བརྟན་རྣམས་ཀྱིས་བདག་བྱས་ནས་གྲྭ་པ་ཉིས་སྟོང་ལ་དབང་མ་བྱུང་བ་ལ། དགེ་བཤེས་ཤ་ར་བས། བྱང་ཆུབ་སེམས་དཔའ་ཆེན་པོ་དེའི་སྦུར་རུལ་དུ་བཅུག་ན་དྲི་མི་ཞིམ་པར་ཚོར་བ་ཐམས་ཅད་དམྱལ་བར་འགྲོ་བས་སྤུར་སྦྱོངས་གསུང་བ་ལ་བརྟེན་ནས། སྐུ་སྟོད་རྡོ་རྒྱུས་ཀྱི་སྤང་ཁེབས་ཀྱིས་དྲིལ་ནས་སྐུ་སྨད་བཞུ་བར་གནས་བརྟན་རྣམས་ཀྱིས་གནང་ནས་སྦྱངས་པས། དུ་བས་གར་ཁྱབ་ཏུ་རིང་བསྲེལ་བྱུང་བ་དང༌། དུང་གཡས་འཁྱིལ། རྣམ་རྒྱལ་མཆོད་རྟེན། སྒྲོལ་མ་རྣམས་བྱོན། རྒྱ་སྟོན་གྱིས་རིང་བསྲེལ་ཉིས་བརྒྱ་ལྔ་བཅུ་རྩ་བདུན། སྒོམ་པ་བརྩོན་འགྲུས་རྒྱལ་མཚན་གྱིས་བརྒྱ་ཉི་ཤུ་རྩ་བདུན། མང་ར་གཞོན་ནུ་གཡུང་དྲུང་ལ་དྲུག་ཅུ། གད་ཤགས་ལ་ཕྱེད་དང་ཉིས་བརྒྱ། ཡར་ཀླུངས་པ་སྨོན་སྟོན་ལ་ཉིས་བརྒྱ། ཉང་པོ་གཞོན་ཤའི་རིང་བསྲེལ་གཅིག་ལ་དགུར་འཕེལ། རྟ་ཤ་སྐྱོན་གུ་ལ་སུམ་བརྒྱ། གོལ་གོ་ལུང་གི་དངུལ་གྱི་གདུང་རྟེན་ན་རིང་བསྲེལ་བརྒྱ་རྩ་བརྒྱད། ཇོ་བཙུན་བྱམས་པ་ལ་སུམ་ཅུ། ལྷ་བཟོ་སྒོག་སྐྱ་ལ་སུམ་ཅུ། ངར་པ་ལ་བཅོ་ལྔ། གདུང་སོལ་ཁྱོར་གང་གི་ནང་དུ་རིང་བསྲེལ་བདུན་ཅུ་རྣམས་བྱོན་པས་གདུལ་བྱ་རྣམས་ཚིམ་པར་བྱས་སོ། །བདག་ཉིད་ཆེན་པོ་དེ་ལ་ཚོགས་པ་ཉིས་སྟོང་ལྔ་བརྒྱ་ཙམ་འདུས་པའི་ནང་ནས་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་རྒྱ་ཆེར་སྤེལ་བའི་རྒྱུད་འཛིན་ཆེན་པོ་ནི་སྒྱེར་སྒོམ་པ་ཆེན་པོ་ཡིན་ལ། གཞན་ཡང་རྗེ་སྒམ་པོ་པ་སོགས་བསྟན་འཛིན་དམ་པ་མང་དུ་བྱོན་ནོ། སྒྱེར་སྒོམ་པ་ཆེན་པོའི་རྣམ་ཐར་ནི་འཆད་པར་འགྱུར་ལ། །རྗེ་སྒམ་པོ་པ་ནི། གཉལ་སྟོད་བོད་སྙེར་ཡབ་དབུ་གཙོ་རྒྱལ་འབར་དང༌། ཡུམ་ཤོ་རོམ་བཟའི་སྲས་སུ་ས་མོ་ལུག་ལ་འཁྲུངས། དགུང་ལོ་ཉི་ཤུ་རྩ་དྲུག་ལ་དྭགས་པོ་རོང་ཁར་མར་ཡུལ་བློ་ལྡན་གྱིས་མཁན་པོ་དང༌། ཤ་བ་གླིང་པ་ལ་སློབ་དཔོན་ཞུས་ཏེ་ཚིག་རྫོགས་མཛད། མཚན་བློ་གྲོས་གྲགས་སུ་བཏགས་ཤིང༌། ཡོངས་ལ་བསོད་ནམས་རིན་ཆེན་ཞེས་གྲགས་སོ། །རྗེ་སྒམ་པོ་པས་དགེ་བའི་བཤེས་གཉེན་བྱ་ཡུལ་བ་ཆེན་པོ། ཤ་བ་གླིང་པ།རྒྱ་ཡོན་བདག དགེ་བཤེས་སྒྲེ་པ། སྨྱུག་རུམ་པ་ཆེན་པོ། རྒྱ་ལྕགས་རི་གོང་ཁ་བ་ཆེན་པོ་རྣམས་བསྟེན་ནས་བཀའ་གདམས་ཀྱི་གདམས་པ་མ་ལུས་པ་གསན་ཏེ་སྒྲུབ་པ་བྱ་དགོངས་ནས། ཡབ་མེས་ཀྱིས་བརྩིགས་པའི་གསེར་ཁ་བྱ་བའི་གནས་གཞིར་བྲང་ཁང་བརྩིགས། ཕ་ཞིང་གིས་མཐུན་རྐྱེན་བྱས་ནས་སྒྲུབ་པ་ཡུན་རིང་དུ་མཛད་པས་བྱང་ཆུབ་ལམ་གྱི་རིམ་པ་ལ་མྱོང་བ་ཐོན་ཏེ། སྲིད་པ་མཐའ་དག་ལ་ཞེན་པ་ལོག་པའི་ངེས་འབྱུང་དང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་དང༌། གནས་ལུགས་རྟོགས་པའི་ལྟ་བ་རྣམས་རྒྱུད་ལ་སྐྱེས་ཤིང༌། ཉིན་ཞག་མང་པོའི་བར་དུ་ཏིང་ངེ་འཛིན་རེའི་ནང་དུ་གནས་ནུས་པ་བྱུང༌། དེ་ནས་རྒྱ་ལྕགས་རིར་ཞབས་བསྐོར་མཛད་པའི་ཚེ་སྤྲང་པོ་གསུམ་ལས་རྗེ་བཙུན་མི་ལའི་སྙན་པ་གསན་པས། དད་པའི་རྐྱེན་བྱས་ཏེ་ཕ་ཞིང་གསེར་དུ་བཙོངས། བཀའ་གདམས་ཀྱི་བླ་མ་རྣམས་ལ་ཕྱི་ཕྱག་མཛད། དེ་ནས་རྗེ་བཙུན་མི་ལའི་སྤྱན་སྔར་བྱོན་ཏེ་བླ་མེད་ཀྱི་རྒྱུད་སྡེ་མཐའ་དག་གི་སྙིང་པོའི་བཅུད་བསྡུས་པ་ནཱ་རོའི་ཆོས་དྲུག་དང༌། དེའི་ཡན་ལག་གི་གདམས་པ་རྣམས་ལེགས་པར་གསན་ནས་ཐུགས་ཉམས་སུ་བཞེས་པས་རྟོགས་པ་ཐོབ་ནས་གདུལ་བྱ་འདུལ་བའི་དུས་ལ་བབ་པ་ན་དྭགས་ལྷ་སྒམ་པོ་བཏབ་སྟེ་འགྲོ་དོན་བསྐྱངས་པས། བཀའ་ཕྱག་ཆུ་བོ་གཉིས་འདྲེས་པར་གྲགས་ཤིང༌།སློབ་མའང་མཁས་ཤིང་གྲུབ་པ་བརྙེས་པ་མང་དུ་བྱོན་ནོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་དགེ་བའི་བཤེས་གཉེན་བྱ་ཡུལ་བ་ཆེན་པོ་ལ་གསོལ་བ་འདེབས་ཤིང་བདག་ཉིད་ཆེན་པོ་འདིའི་རྣམ་ཐར་ལྟར་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་བཤེས་གཉེན་དམ་པ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཉམས་སུ་ལེན་པ་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་པར་བྱའོ། ། 2/2 མདུན་ངོས། 上一页 1 2 |
|
|
|
|
|
 |
ཉེ་ལམ་གསར་བརྗེས། |
|
|
|
|
|
|
|
 |
ཀློག་མཁན་མང་ཤོས། |
|
|
|
|
|
|
|
|