ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་བྱང་ཆུབ་ཐུགས་ཀྱི་བཀའ་བབ་འཆད་ཁ་བ།
སྤེལ་དུས།04-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
དགེ་བཤེས་འཆད་ཁ་བ་འདིས་དང་པོར་དགེ་བའི་བཤེས་གཉེན་ཤ་ར་བ་དང་ཞོའི་ཁང་པར་མཇལ་བ་ནས་གནས་དེར་ལོ་གཉིས། ཅོང་ལུང་དགེ་གོང་དུ་ལོ་དྲུག ཤ་ར་བའི་གདན་ས་ཉིད་དུ་ལོ་བརྒྱད་དེ་ཤ་ར་བ་ལོ་བཅུ་གཉིས་འབྲལ་མེད་བསྟེན་ཏེ་ཇོ་བོ་རྗེ་ཡབ་སྲས་ཀྱི་ལྐོག་ཆོས་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་ཀྱི་མན་ངག་རྣམས་བུམ་པ་གང་བྱོར་ཐོབ་སྟེ་ཐེག་ཆེན་བསྟན་པའི་བདག་པོར་གྱུར་ཏོ། །དེ་ཡང་དགེ་བཤེས་འཆད་ཁ་བ་ཆེན་པོ་འདིས་དང་པོར་གཉལ་གྱི་ཆོས་འཁོར་ནས་བཟུང་སྟེ། གྲུབ་མཐའ་ཁོ་ན་རྩད་བཅད། གཉན་ལ་མངོན་པ་ཉན་པས་ཀྱང་གྲུབ་མཐའ་མང་པོ་བྱུང༌། སྤྱིར་དགེ་བཤེས་ཆེན་པོ་ཤ་ར་བ་ལས་གྲུབ་མཐའ་ཐམས་ཅད་བྱུང་བ་ཡིན། ཤ་ར་བ་ཆེན་པོ་གྲུབ་མཐའ་ལོགས་སུ་གསུང་བ་མེད་ཀྱང༌། ཤེས་རབ་ལེའུ་ལས། གྲུབ་མཐའ་གསུང་བའི་ས་བོན་དེ་ཙམ་ལ་བརྟེན་ནས་རྩད་བཅད་པ་ཡིན། གྲུབ་མཐའ་ཕྱོགས་མཐའ་དག་རྒྱུས་ཡོད་པ་ཤ་ར་བ་ཆེན་པོ་ལས་མི་སྣང༌། ཚོགས་སུ་གྲུབ་མཐའི་ཟུར་ཙམ་ལས་མི་འོང་བར་སྣང་གསུང༌། ཤ་ར་བ་གཤེགས་ནས་འཆད་ཁ་བས་འཁོར་རྣམས་ལ་གྲུབ་མཐའ་བཞིའི་ཆོས་འདི་སྟོང་ཐུན་དུ་གསུངས། དེ་ནས་སྒྱེར་སྒོམ་ཆོས་གྲགས་ཀྱིས་ནས་རྗང་བ་གང་ཕུལ་ནས་ཡི་གེར་བསྡེབས་པར་ཞུས་ནས་མཁའ་རུ་བྱ་བ་དེར་ཡི་གེར་བསྡེབས། དང་པོར་ཡི་གེ་འདི་སུའི་ལག་ཏུ་སོང་བ་ང་དང་ཁྱད་མེད་པ་འོང༌། རང་གི་རྒྱུད་ལ་སེམས་པ་མིན་པ་བཤད་དགོས་སྙམ་པ་མེད་པ་ལ། ཁ་ཟད་ཟད་དུ་བཤད་ཀྱང་མི་གོ་བ་ཅིག་བྱུང༌། དབུ་མ་པའི་ཚིག་བདུན་པོ་དེ་ལ་བཤད་པ་ཞིག་དགོས་སྙམ་པ་ཅིག་ཡོད་ཅེས་གསུང༌། ཤ་ར་བ་གཤེགས་རྟིང་ལོ་སུམ་ཅུ་རྩ་བཞི་བཞུགས་ཏེ་བས་མཐའ་རྣམས་སུ་ཐུགས་དམ་གྱི་གཙོ་བོ་བྱང་ཆུབ་ཀྱི་སེམས་གཉིས་ལ་མཛད་ཅིང༌། ཞབས་དྲུང་དུ་ཉེ་བར་ལྷགས་པ་རྣམས་ལའང་ཤ་ར་བའི་མཛད་པ་བཞིན་སྡེ་སྣོད་ཀྱི་བཤད་པ་དང༌། གྲུབ་མཐའི་དཀའ་གནད་དང༌། ལམ་རིམ་གྱི་ཁྲིད་འདེབས་པར་མཛད་ཅིང༌། རེ་རེ་གཉིས་གཉིས་ལ་བློ་སྦྱོང་གི་གདམས་པ་ལྐོག་ཆོས་སུ་མཛད་པས་ཕན་ཐོགས་པའང་འགའ་རེ་བྱུང་བས། ཕྱིས་འདྲེས་ཕུ་སྒོམ་ཆེན་སྡིངས་སུ་བཞུགས་དུས་ཆོས་འདི་ཚོགས་ཆོས་སུ་བཤད་པའི་འོས་མིན། བཏུབ་པ་འགའ་ལ་ལྐོག་ཁྲིད་དུ་བྱེད་པ་ཡིན་ཏེ། སུ་ལ་ཕན་དང་སུ་ལ་མི་ཕན་མི་ཤེས་པར་འདུག ཉེ་གནས་ཁྱོད་ལ་མར་དང་བུ་རམ་ཡོད་ན་ནང་པར་སྒོམ་ཆེན་པ་རྣམས་ལ་མར་ཁུའི་བཤོར་འདྲེན་དང་བུར་སྟོན་གྱིས། ངའི་ཆོས་འདི་ལ་མིང་གཅིག་འདོགས་པའི་མིང་སྟོན་བྱེད་པ་ཡིན་གསུངས་ནས། དེའི་དུས་སུ་ཐེག་ཆེན་བློ་སྦྱོང་སྙན་རྒྱུད་ཆེན་མོའི་དོན་ཐམས་ཅད་བསྡུས་ཏེ། སྔོན་འགྲོ་རྟེན་གྱི་ཆོས་བཞི་བསྟན་པ། དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་བ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། བློ་འབྱོངས་པའི་ཚད། བློ་སྦྱོང་གི་དམ་ཚིག བློ་སྦྱོང་གི་བསླབ་བྱ་སྟེ་དོན་ཚན་བདུན་དུ་བསྡུས་ནས་ས་བཅད་མཛད་དེ་ཡི་གེར་བཏབ། བློ་སྦྱོང་དོན་བདུན་མ་ཞེས་མཚན་བཏགས།ཚོགས་ཆོས་བྱེད་པའི་སྲོལ་དེ་ནས་བྱུང་བ་ཡིན། དེའི་རྗེས་སུ་མལ་གྲོར་བྱོན་ནས་འཆད་ཁ་རྙིང་མའི་དགོན་པ་བཏབ། དེར་འགྲོ་དོན་ལོ་བཅུ་གཅིག་བསྐྱངས། ཚོགས་པ་དགུ་བརྒྱ་ཙམ་འདུས། སེ་སྤྱིལ་བུ་བ་ལ་འཆད་ཁ་གསར་མ་འདེབས་པའི་ལུང་བསྟན་མཛད། བྱ་རྒན་གྱི་མི་ཚེ་མཐའ་རུ་སྐྱེལ་གསུང་ནས་མཐའ་ཕུར་བྱོན། མཐར་ཐུག་གསུམ་གྱི་གདམས་པ་ལ་སོགས་པ་མཛད། བློ་རྒོད་གར་སྐྱེས་སུ་སྐྱེས་འགོ་སྒྱུར། །རྟོག་དཔྱོད་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །བསོད་སྙོམས་བྱེད་ཅིང་རི་ཁྲོད་འགྲིམ། །སྡེ་དགོན་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །ལྷ་དང་བླ་མ་ལ་གསོལ་པ་འདེབས། །ཡོན་བདག་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །བྲག་ཕུག་ཏུ་ཚེམ་བེར་གྱོན་ནས་འདུག །ཕྲུག་ཆུང་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །མ་རྒན་ལྷ་ཀླུ་ལ་ཁ་ཏོན་བསྔོ། །ཆོས་བཤད་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །གཅིག་པུར་ཆུ་ཐུག་གི་མི་ཚེ་སྐྱེལ། །སྒྱེད་ཁ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །གཅིག་པུར་དགེ་ཆོས་སྤེལ་པར་བྱེད། །བཀའ་འཁོར་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །ཅེས་སོགས་དང༌། ལྟོ་རྒྱབ་གཉིས་ལ་གྱོང་བསྐུར་ནས། །རི་དྭགས་རྨས་མའི་བརྟུལ་ཞུགས་སྤྱད། །རང་གི་འདོད་པ་ཁྱད་བསད་ནས། །བླ་མའི་བཀའ་སྩལ་གཞུང་བཞིན་བསྒྲུབས། །ད་ནི་ཤི་ཡང་མི་འགྱོད་དོ། །ཞེས་གསུངས།འདའ་ཁ་ཙ་ན་ཡང་འཇིག་རྟེན་ན་སྒྲ་གཅིག་ཐོས་པ་ལ་བློ་སྦྱོང་གི་སྒྲ་ལས་སྙན་པ་མེད་པས། ཁྱོད་ཀྱིས་ངའི་རྣ་བར་སྒྲོགས་ཤིག་ཅེས་པ་དང༌། ད་རེས་ནི་འདོད་པ་ཙུག་ཁ་ནའང་མ་བྱུང༌། སེམས་ཅན་གྱི་དོན་དུ་དམྱལ་བར་འགྲོ་འདོད་པ་ཁོ་ན་ཡིན་པ་ལ། ད་ནི་བདེ་བ་ཅན་གྱི་སྣང་བ་ཅིག་ཁོ་ན་བྱུང་གསུང༌།གཅུང་པོས་སྐུ་ཁམས་ཞན་པར་གདའ། ཐུགས་དམ་མཛོད་ཅིག་ཞུས་པས། བློ་སྦྱོང་གི་ཚིག་ཁ་ཡར་གསུངས་ནས། ཁམས་ཞན་ཡང་དེ་ལྟ་བུ་ཞིག་མིན་པ་གནས་པ་ཚམ་ཚོམ་གྱིས་ས་ཕྱོད་པར་མ་མཐོང་གསུང༌། དེ་ནས་མཐའ་ཕུར་ཟླ་བ་བརྒྱད་བཞུགས་ནས་རང་ལོ་དོན་ལྔ་པ་ཤིང་མོ་ལུག་གི་སྨལ་པོ་ཟླ་བའི་ཚེས་ལྔའི་སྲོད་ལ་གནས་དེ་ཉིད་དུ་མྱ་ངན་ལས་འདས།   སྤུར་སྦྱངས་པས་ཐུགས་ལྗགས་སྤྱན་གསུམ་དང་མེ་ཏོག་གི་ཆར་ལ་སོགས་པ་ངོ་མཚར་ཅན་མང་དུ་བྱུང་ངོ༌། །སེམས་དཔའ་ཆེན་པོ་འཆད་ཁ་བ་འདི་བཀའ་གདམས་གླེགས་བམ་ལས་ལུང་བསྟན་ཏེ། བཀའ་གདམས་གླེགས་བམ་གྱི་བཀའ་གདམས་བསྟན་འཛིན་རྣམས་ལུང་བསྟན་པའི་ཐད་ལས། ཁྱད་པར་དུ་ཐེག་པ་ཆེན་པོ་ལ་བློ་སྦྱོང་བ་བོད་ཀྱི་བྱང་ཆུབ་སེམས་དཔའི་ཡབ་གཅིག་གི་ཡུལ་མལ་གྲོའི་ནང་དུ་བྱོན་ཏེ་འཆད་པ་ཆེན་པོ་ཞིག་གི་སྟེང་དུ་བློ་སྦྱོང་སྒོམ་ཞེས་སོགས་གསལ་པར་ལུང་བསྟན་ཏོ། །འཆད་ཁ་བ་ཡེ་ཤེས་རྡོ་རྗེ་ཞེས་གྲགས་པའི་བདག་ཉིད་ཆེན་པོ་འདིས་ཕྱི་མའི་སྐྱེ་བོ་རྣམས་ཀྱི་དོན་དུ་ཇོ་བོ་ཡབ་སྲས་ཀྱི་དགོངས་པ་གསལ་བར་བྱེད་པའི་བསྟན་བཅོས་མང་དུ་མཛད་དོ། །བདག་ཉིད་ཆེན་པོ་འདི་ལ་གསུང་ལས་སྐྱེས་པའི་སྲས་མང་དུ་བྱོན་ཞིང་མན་ངག་ཐམས་ཅད་བུམ་པ་གང་བྱོར་ཡོད་པའི་བསྟན་འཛིན་ཆེན་པོ་ནི་སེ་སྤྱིལ་བུ་བའོ། །དེས་ན་བྱང་ཆུབ་ལམ་རིམ་ལ་བློ་སྦྱོང་བར་འདོད་པའི་གདུལ་བྱ་རྣམས་ཀྱིས་སེམས་དཔའ་ཆེན་པོ་འཆད་ཁ་བ་ལ་གསོལ་བ་འདེབས་ཤིང༌། བདག་ཉིད་ཆེན་པོ་འདིའི་མཛད་པ་རྣམ་ཐར་རྣམས་དྲན་པར་བྱས་ལ་ཐེག་པ་ཆེན་པོའི་ལམ་གྱི་འཇུག་སྒོ་དང༌། གཞུང་ཤིང་དང་སྙིང་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་བསྐྱེད་པ་དང༌། སྐྱེས་ཟིན་གོང་ནས་གོང་དུ་སྤེལ་བ་དང༌། མཐར་འབྲས་བུ་གྲུབ་ནས་སེམས་ཅན་གྱི་དོན་བྱ་བའི་བར་གྱི་ལམ་གྱི་གནད་ལ་ངེས་པ་གཏིང་ཚུགས་པ་བསྐྱེད་ནས་ས་ལམ་འབྲས་བུ་དང་བཅས་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་ཁོངས་སུ་འདུ་བར་ཤེས་པར་བྱས་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྒོམ་པ་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་པར་བྱའོ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号